2015-03-31

སྟོང་སྐོར་རྡོ་རྗེ་གླིང་དགོན།

༄༅། །འཇམ་པའི་དབྱངས་ཀྱི་ཐུགས་བསྐྱེད་བྱིན་མཐུ་ཡིས། །བར་ཁམས་སྟོང་འཁོར་ཡུལ་གྱི་ས་ཆ་རུ།།
གསང་ཆེན་རྡོ་རྗེ་གླིང་གི་དགོན་སྡེ་ཆེ། །དར་བའི་རིམ་པ་སྙིང་བསྡུས་འདི་ན་སྤེལ།།

དེ་ལ་འདིར་གང་གླེང་བའི་ལོ་རྒྱུས་ནི་༼ཁམས་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་༽གི་དགོན་སྡེ་ཆེན་མོའི་སྐོར་ཡིན་ལ། དགོན་པ་འདི་ཕྱག་འདེབས་པོ་ནི་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཞབས་དྲུང་སྐུ་ཕྲེང་དང་པོ་ཁམས་སྟོང་འཁོར་ཟླ་བ་རྒྱལ་མཚན་ཡིན་ཞིང་།
དུས་རབས་བཅོ་ལྔ་པའི་སྨད་ཙམ་སྟེ་སྤྱི་ལོ་ ༡༤༩༤ ལོར་ཕྱག་བཏབ་པར་གྲགས། དགོན་པ་འདི་ནི་ཁམས་སྟོང་འཁོར་ཡུལ་གྱི་དགོན་སྡེ་ཆེ་ཤོས་དང་མདོ་ཁམས་ཡུལ་དུ་དགེ་ལུགས་ཀྱི་དགོན་སྡེ་དར་སྔ་ཤོས་ཀྱང་ཡིན་པ་བེ་རི་འཇིགས་མེད་ཀྱིས་བྲིས་པའི་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་སྒྲ་སོགས་ལོ་རྒྱུས་རྣམས་སུ་གསལ། མཐོང་ན་དང་བ་འདྲེན་པའི་དགོན་པ་འདི་གང་དུ་དར་བའི་ས་ཆ་ནི་ཁམས་དཀར་མཛེས་དང་གསེར་རྟ་གཉིས་བར་གྱི་ལམ་དཀྱིལ་ཙམ་དུ་སྟོང་འཁོར་ཟླ་ཉི་གཉིས་སུ་གྲགས་པའི་ཡ་གྱལ་ཟླ་ཁོག་ཏུ་ཡོད་ཅིང་། རྒྱབ་རི་བརྗིད་ཉམས་ལྡན་ཞིང་ཤུག་པའི་ཚལ་གྱིས་བརྒྱན་ཞིང་། མདུན་རི་ནགས་ཚལ་གྱིས་གཡོགས་པའི་གསེབ་ཏུ་རི་དྭགས་སྣ་ཚོགས་རྩེད་འཇོ་ལ་རོལ་ཞིང་བྱ་དང་བྱིའུ་རྣམས་སྐད་སྙན་སྒྲོག་ས། གཡོན་རི་སྤང་ལྗང་ལྡན་པས་གནས་ཆེན་སཽརཱཥྚྲའི་ཆུ་སྣ་ཡན་ལག་བརྒྱད་ལྡན་ལ་སྐྱོར་བ་བྱས་ཏེ་ཁྲིད་ཅིང་། ཆུ་དེ་དང་གཡས་ནས་ཟླ་ཆུ་སྔོན་མོ་མགྱོགས་དལ་རན་པས་འབབ་པ་གཉིས་མདུན་དུ་འདྲེས་ས། ས་ལ་བཀྲ་ཤིས་རྟགས་བརྒྱད་དང་སེངྒེ་དང་གླང་ཆེན་ཐང་ལ་ཉལ་བ་འདྲ་བའི་ལྟས་བཟང་འཛོམས་ས་དེར་ཡོད་ཅིང་། དེ་ཡང་གདུལ་བྱ་དུ་མ་ལ་ཕན་པ་འབའ་ཞིག་གི་ཆེད་དུ་དར་ཞིང་། དར་བ་ཡང་གནད་དུ་སོང་བ་ནི་ས་དེར་ཕྱག་བཏབ་པའི་དགོས་པ་དང་གང་དུ་དར་བའི་ས་ཆའི་བཤད་པར་སྣང་ངོ་། །དེར་དར་ཞིང་ཡུན་དུ་གནས་པའི་དགོན་པ་འདི་མ་དགོན་ཡིན་ལ། འདིའི་བུ་དགོན་ལ་ལུ་གུ་དགོན་ཆོས་སྡེ་བཀྲ་ཤིས་གླིང་དང་། ཉི་བཀྲ་ཤིས་དར་རྒྱས་གླིང་། ཟིལ་གནོན་དགོན་བཀྲ་ཤིས་ཆོས་འཁོར་གླིང་། གཞི་ཆེན་དགོན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་བཅས་དགོན་པ་བཞི་དང་། དེ་དག་གི་ཆབ་འབངས་ལ་ཡུལ་ཕྱོགས་དེའི་ཟླ་ཉི་གཉིས་ཀྱི་ལུང་པའི་ཡུལ་པ་ཁག་གཉིས་བཅས་བསྡོམས་པས་སྟོང་འཁོར་ཡུལ་དགོན་སྡེ་བདུན་ཞེས་གནའ་ནས་ངག་རྒྱུན་ལ་ཡོད་པ་དེ་དག་གི་ནང་ནས་མ་དགོན་གསང་ཆེན་རྡོ་རྗེ་གླིང་གི་བྱུང་རབས་མདོར་ཙམ་བརྗོད་ན། དང་པོར་ཕྱག་འདེབས་པ་པོ་ནི། འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་ཡིན་ཞིང་། སྤྱི་ལོ་ ༡༤༩༤ ལོར་ཕྱག་བཏབ་པར་གྲགས། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ལོ་ངོ་ ༥༢༠ ཡས་མས་ཤིག་གི་རིང་ལ་དགོན་པ་འདི་ཉིད་ལ་སྟོང་འཁོར་ཞབས་དྲུང་ཧོ་ཐོག་ཐུ་ཟླ་བ་རྒྱལ་མཚན་ནས་བཟུང་སྐུ་ཕྲེང་བཅུ་གཅིག་དང་། སྐུ་ཕྲེང་དྲུག་པ་ཚུན་ཆད་མཁན་རབས་གྲུབ་པའི་དབང་ཕྱུག་བློ་བཟང་ཚུལ་ཁྲིམས་ནས་བཟུང་མཁན་རབས་བརྒྱད་ཅུ་གྱ་གཉིས་ཙམ་དང་། གཞན་ཡང་འདུལ་བ་འཛིན་པའི་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་སྒྲུབ་པ་ཉམས་ལེན་གྱིས་རྟོགས་པ་མཐོན་པོར་གཤེགས་པ་དང་། མདོ་སྔགས་ཀྱི་ཆོས་འཆན་ཉན་གྱིས་དུས་འདའ་བའི་དགེ་འདུན་གྱི་སྡེ་རྒྱུན་མ་ཆད་པར་བྱུང་ཞིང་། སྔོན་གྱི་དུས་ནས་བསྟན་འགྲོའི་དོན་དུ་སྐྱེས་ཆེན་དུ་མས་ཆོས་ཕྱོགས་ཀྱི་མཛད་སྲོལ་བཟང་པོ་གནང་ཞིང་། དེང་གི་ཆར་ཡང་དགོན་པའི་ཕྱི་ནང་གི་བཀོད་པ་དང་། མཛད་བཟང་རྣམས་ཕྱག་ལེན་གྱི་ཟུར་མ་ཉམས་པར་གནས་པ་སོགས་སྐྱེ་བོ་ཀུན་གྱིས་མཇལ་དུ་ཡོད།
གནའ་བོའི་སྐུ་གསུང་ཐུགས་རྟེན་སྐོར་ལ་མཚོན་ན།
བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་དུ་གྲགས་པའི་ཇོ་བོའི་སྐུ་བརྙན། ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་གྱིས་གཏེར་ནས་བཞེས་པའི་རྟེན་སེར་རི་མ་སོགས་སྐུ་རྙིང་པ་རིན་ཐང་བྲལ་བ་ཧ་ཅང་མང་། རྒྱུ་ཆ་ལ་གཏེར་མ་དང་། ལི་མ། ཡུང་ཤེལ། ཛྷཻ་ཀྵིམ། བ་སོ། སྤོས། ཙནྡན། རྡོ་སོགས་ཀྱི་སྐུ་རྙིང་ ༤༠༠ ལྷག་ཙམ་ཡོད་པ་རྣམས་ད་ལྟའི་དུས་སུ་སྟོང་འཁོར་གསེར་ཁང་དུ་ངོ་མཚར་བར་བཞུགས་པ་རྣམས་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་སྐུ་དབང་ལས་བོད་ཆོས་སྲིད་ཀྱི་མངའ་བདག་རླབས་ཆེན་མི་སྣ་དང་། སོག་ཨལ་ཐཱན། ཨལ་ཐཱན་གྱི་གདུང་རྒྱུད་སྐུ་མཆེད། སའི་ཚངས་པ་ཆེན་པོ་ཁོ་ལོ་ཆི། གོང་མ་ཝན་ལི། གོང་མ་ཁང་ཤིས། གོང་མ་ཆན་ལུང་སོགས་དང་བླ་སློབ་ཀྱི་འབྲེལ་བ་ཆེ་བས། དེ་དག་གིས་འབུལ་རྟེན་དུ་ཕུལ་བ་སོགས་ཅི་རིགས་ཡོད། གནའ་དུས་སུ་གསེར་ཁང་དུ་རིན་ཐང་བྲལ་བའི་སྐུ་ ༢༠༠༠ ལྷག་ཙམ་ཡོད་ཀྱང་དུས་འགྱུར་གྱི་སྐབས་སོགས་སུ་གཏོར་བརླག་ཏུ་སོང་ཟིན།
ཞལ་ཐང་རྙིང་པ་ནི། སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་གྱིས་བྲིས་པའི་དཔག་བསམ་འཁྲི་ཤིང་གི་སྐུ་ཐང་དང་། ནམ་མཁའ་རྒྱན་གྱི་དངོས་སློབ་དང་། ཡང་སློབ་བཅས་ཀྱིས་བྲིས་པའི་རྣམ་འདྲེན་ལྔ་པའི་གསེར་ཐང་ཆེན་མོ། གདུགས་དཀར་མཆོག་གྲུབ་མའི་ཞལ་ཐང་ཆེན་མོ། རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་། རྒྱ་ནག་གོང་མའི་ཞལ་ཐང་། གནས་བརྟན་རྟོགས་བརྗོད། གནས་བརྟན་ཆུ་རིས་མ། ཇོ་བོ་རྗེའི་རྟོགས་བརྗོད། རྗེ་ཙོང་ཁ་པའི་རྟོགས་བརྗོད། ཞབས་དྲུང་རིམ་བྱོན་གྱི་སྐུ་ཐང་། གྲུབ་ཆེན་བརྒྱད་ཅུའི་སྐུ་ཐང་སོགས་ཐང་ག་རྙིང་པ་ ༢༠༠ ལྷག་ཙམ་ཡོད། གཞན་ཡང་སྟོང་འཁོར་བླ་བྲང་གི་སྲུང་མའི་རྟེན་གཙོ་དཔལ་ལྡན་དམག་ཟོར་མ། དྲེགས་པ་ལྕམ་སྲིང་། ཚངས་པ་དུང་གི་ཐོད་ཚུགས་ཅན་བཅས་དང་། མཚན་ཉིད་གྲྭ་ཚང་གི་སྲུང་མའི་གཙོ་བོ་དཔལ་ལྡན་དམག་ཟོར་མ། སྟོང་འཁོར་དགོན་སྤྱིའི་སྲུང་མ་གཙོ་བོ་དམ་ཅན་རྡོ་རྗེ་ལེགས་པ་བཅས་ཡིན་པ་དང་། སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་བཀའ་སློབ་ལམ་སྟོན་གནང་བའི་མཐུ་ལས་དགོན་འདི་ཙམ་དུ་མ་ཟད་ཡུལ་ཕྱོགས་འདིའི་སེར་སྐྱ་སུ་ཡང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སྔར་ནས་ད་བར་བྱུང་མྱོང་མེད།
གནའ་བོའི་གསུང་རྟེན་ནི། ཞབས་དྲུང་གོང་མ་རྣམས་ཀྱིས་བཀའ་འགྱུར་གསེར་དངུལ་དུང་གསུམ་གྱིས་བྲིས་མ་ཐོར་བུ་བ་འགའ་དང་། དེ་མིན་རྗེ་ཡབ་སྲས་ཀྱི་གསུང་འབུམ། ས་སྐྱའི་བཀའ་འབུམ། པར་ཤིང་ཧ་ཅང་མང་པོ་བཅས་གསུང་རྟེན་རྙིང་པ་མང་པོ་ཞིག་ལྷག་ཡོད་པ་དང་།
གནའ་བོའི་ཐུགས་རྟེན་ནི། བཀའ་གདམས་མཆོད་རྟེན་སོགས་བསྡོམས་པས་མཆོད་རྟེན་ ༢༦ དང་། ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་གསར་པ་བཅུའི་ནང་རྟེན་ལ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་གདུང་རུས་དང་། འཇམ་དཔལ་དགེ་འདུན་རྒྱ་མཚོའི་གདུང་རུས། ཚུལ་ཁྲིམས་རྒྱ་མཚོའི་གདུང་རུས་ཆ་ཚང་བ་ཞིག གཞན་ཡང་ཞབས་དྲུང་རྣམས་ཀྱི་ན་བཟའ། དབུ་ལོ། དབུ་ཞྭ། གདུང་ཚ། སོགས་ནང་རྟེན་ཁྱད་པར་ཅན་གྱི་མཆོད་རྟེན་ ༡༠ ཡོད་པ་སོགས་རགས་བསྡུས་ཙམ་གྱི་ཚུལ་དུ་བཤད་ཟིན་པའོ། །མདོར་ན་གོང་དུ་གསང་ཆེན་རྡོ་རྗེ་གླིང་གི་དགོན་འདིའི་བྱུང་རབས་དང་སྐུ་གསུང་ཐུགས་རྟེན་གྱི་རིམ་པ་རྣམས་རགས་ཙམ་ཞིག་བཤད་ཟིན་པ་ཡིན་ལ། དགོན་འདིར་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། བསླབ་པ་སློབ་གཉེར་གནང་སྟངས་སོགས་ཀྱི་ལོ་རྒྱུས་རགས་བསྡུས་ཙམ”བྱེད་སྒོ”དང་། དེ་བཞིན་ཕྱག་འདེབས་པ་པོ་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་དང་། སྐུ་ཕྲེང་དྲུག་པ་ཆེན་པོས་ཆོས་ར་གསར་འཛུགས་གནང་བ་ནས་བཟུང་ད་ལྟའི་བར་མཁན་རབས་ ༨༢ གྱི་མཚན་བཅས་”ལོ་རྒྱུས་”ཀྱི་ས་བཅད་ཁོངས་སུ་ཡོད་པས་དེར་གཟིགས་གནང་ཡོང་བ་དང་། ལོ་རྒྱུས་རྒྱས་པ་ཞིབ་ཏུ་མཇལ་འདོད་ཀྱི་འདུན་པ་ཡོད་རིགས་རྣམས་ཀྱིས་(འཁྲུངས་རབས་བཻཌཱུརྱའི་མེ་ལོང་)དུ་གཟིགས་ཚེ་།  ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་གྱི་སྐུ་སྐྱེ་སྔ་མ་རྣམས་ཆུ་འགོ་གངས་ལ་ཐུག་པ་བཞིན་འཇམ་པའི་དབྱངས་བར་གྱི་རྣམ་ཐར་དང་། ཞབས་དྲུང་རིམ་བྱོན་གྱི་རྣམ་ཐར་ཧ་ཅང་གསལ་པོ་ཡོད་ལ།
མཁན་རབས་རིམ་བྱོན་དང་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་དང་། ལོ་རེའི་བྱེད་སྒོ་ཁག་དང་སྐུ་གསུང་ཐུགས་རྟེན་མ་ཡིན་པའི་གནའ་རྫས་གྲགས་ཅན་རོལ་ཆས་སོགས་དང་དེ་མིན་གྱི་གནའ་རྫས་ཅི་ཡོད་སྐོར་མཁྱེན་འདོད་ཅན་རྣམ་པས་”སྟོང་འཁོར་ཆོས་འབྱུང་”དུ་གཟིགས་རོགས།  ཞེས་ཁ་འཕངས་བ་ཙམ་ལས་ཡིག་ཚོགས་མང་བར་འཇིགས་ནས་དེ་ཙམ་གྱིས་མཇུག་བསྡུས་པ་ཡིན་ནོ།།

ཁུངས། http://tongkhormonastery.blogspot.in/2014/12/blog-post_85.html

2 comments:

  1. འགྲེམས་སྤེལ་གནང་བ་བཀའ་དྲིན་ཆེ།

    ReplyDelete
  2. སྟོང་འཁོར་དགོན་ནི་ཧོར་དགོན་སྡེ་བཅུ་གསུམ་གྱི་ཁོངས་སུ་བྲིས་འདུག་པར་རྒྱབ་ལྗོངས་ལོ་རྒྱུས་གང་འདྲ་ཡོད། ཁམས་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དགོན་ནི་ཕྱི་ལོ་ ༡༤༠༠ ནང་ནས་ཕྱག་བཏབ་ཟིན་པའི་དགེ་ལུགས་ཀྱི་དགོན་སྡེ་རྙིང་གྲས་ཤིག་ཡིན་པ་མ་ཟད་་་་་ཏྲེ་ཧོར་ཁུལ་དུ་དགེ་ལུགས་ཀྱི་དགོན་སྡེ་དར་སྔ་ཤོས་ཡིན་པ་ཡང་ལོ་རྒྱུས་ཁག་ཏུ་ཞིབ་གཟིགས་ཤིག་གནང་ན་མཁྱེན་གསལ་ཡིན། གསལ་བཤད་ཀྱི་ཚུལ་དུ་མཆན་སྤེལ་བ་ཡིན། དགོངས་སེལ་ཞུ།

    ReplyDelete