2015-03-31

ཕྱི་ལོ་ ༢༠༡༥ ལོའི་བགྲོ་གླེང་རྩོམ་ཤོག་ཁག

དབུ་མའི་བྱུང་རིམ་དང་དེ་ལས་འཕྲོས་པའི་གཏམ་ཐུང་ངུ་། 
དཔྱད་བརྗོད་པ། ལྷ་རམས་ལོ་རིམ་དང་པོ་རིག་འཛིན་རྡོ་རྗེ་དང་། ཆོས་ཀྱི་རྒྱལ་མཚན།

གང་ཞིག་བཀུར་ན་མ་རིག་དགྲ་ཡི་ཚོགས།།
དུས་མཐའི་མེ་དང་འཕྲད་པའི་བུ་ཤིང་བཞིན།།
རྨང་ནས་འཇོམས་མཛད་བླ་མ་ལྷ་ཚོགས་དང་།།
ཕྱག་འོས་འདུས་སྡེ་བཅས་པར་གཙུག་གིས་མཆོད།།
དེ་ཡང་གང་བརྗོད་པར་བྱ་བ་ནི། ཆུ་ཡི་མགོ་ཁུག་གངས་ལ་ཐུག་ཅིང་། ཆོས་ཀྱི་མགོ་ཁུག་སངས་རྒྱས་ལ་ཐུག་ཅེས་རང་རེའི་མེས་པོ་ཚོའི་ཞལ་རྒྱུན་དུ་གྲགས་པ་ལྟར་དབུ་མའི་ལྟ་བ་དང་གྲུབ་པའི་མཐའ་ཞེས་པའི་ཆོས་ཟབ་མོ་འདི་ཉིད་ཀྱང་ཐོག་མར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་བརྗོད་བྱ་བདག་མེད་པ་གཉིས་ལས་བརྩམས་ཏེ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཟབ་མོ་དབུ་མའི་ལྟ་བ་གཙོ་བོར་སྟོན་པའི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་ཤིང་། གནས་གཞན་དང་གཞན་དུ་ཡང་བློ་གྲོས་མི་ཟད་པ་སྟོན་པའི་མདོ་དང་། ཏིང་འཛིན་རྒྱལ་པོ་སོགས་གསུངས་ཏེ་འགྲོ་བ་རིགས་དྲུག་གིས་བསྡུས་པའི་གདུལ་བྱ་བགྲང་དུ་མེད་པར་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། སྟོན་པ་མྱ་ངན་ལས་འདས་ཏེ་རིང་པོར་མ་ལོན་པ་ན་དབུ་མ་པའི་ལྟ་བ་དང་ལྟ་བ་དེ་དག་སྟོན་པའི་ཐེག་ཆེན་གྱི་སྡེ་སྣོད་རྣམས་ནུབ་པར་གྱུར་ཏེ། ལོ་རྒྱུས་ཆོས་འབྱུང་དག་ཏུ་གསལ་བ་ལྟར་ན་དེའི་ཚེ་ལྷ་དང་ཀླུ་རྣམས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་རྣམས་རང་རང་གི་གནས་སུ་གདན་དྲངས་ཏེ་འཛམ་གླིང་དུ་ནུབ་ཚུལ་གླེང་འདུག དེ་ནས་དུས་ཕྱིས་སུ་རིམ་གྱིས་འཕགས་ཡུལ་དུ་དར་ཚུལ་ཡང་ལང་ཀ་གཤེགས་པ་ལས། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི།།དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། དེ་བཞིན་དུ་གསེར་འོད་དམ་པའི་མདོ་དང་། འཇམ་དཔལ་རྩ་བའི་རྒྱུད། རྔ་བོ་ཆེའི་མདོ་སོགས་ལས་ལུང་སྟོན་པ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞེས་བྱ་བ་རྒྱ་གར་ལྷོ་ཕྱོགས་སུ་བྱོན་ཅིང་། སློབ་དཔོན་སྒྲ་གཅན་འཛིན་བཟང་པོའི་ཞབས་ལ་གཏུགས་ཏེ་སྡེ་སྣོད་དུ་མ་ཞིག་གསན་སྦྱོང་མཛད་པ་དང་། རིགས་སྔགས་ཀྱང་དུ་མ་ཞིག་བསྒྲུབས་པར་མཛད་པས་མཁས་པའི་གོ་འཕང་ཐོབ། མཐར་ཀླུ་ཡི་ཡུལ་དུ་ཕེབས་ཏེ་ཐེག་པ་ཆེན་པོའི་སྡེ་སྣོད་རིན་པོ་ཆེ་ཤེར་ཕྱིན་འབུམ་པ་མི་ཡུལ་དུ་གདན་དྲངས་ཤིང་། དེའི་དགོངས་པར་འགྲེལ་པའི་རྩ་ཤེར་སོགས་དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་དང་། མདོ་ཀུན་ལས་བཏུས་པ་ཞེས་བྱ་བ་བརྩམས་གནང་མཛད་དེ་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་། ཐེག་པ་ཆེན་པོའི་སྡེ་སྣོད་སངས་རྒྱས་ཀྱི་བཀའ་བསྒྲུབས་ནས་བསྟན་པ་ལ་དག་ཐེར་གྱིས་ཉིན་མོ་ལྟར་གསལ་བར་བྱས་ཏེ་བསྟན་ལ་སྟོན་པ་གཉིས་པ་ལྟ་བུ་ཞེས་ས་གསུམ་དུ་གྲགས་པར་གྱུར་ཏོ། །
དེ་ནས་ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷ་ཞེས་བྱ་བ་བྱོན་ཏེ། དཔལ་མགོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ངེས་དོན་གྱི་དབུ་མའི་གཞུང་ལུང་དག་གསན་བཞེས་མཛད་དེ་མཁས་པར་གྱུར་ཅིང་། ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་འགྲེལ་པ་ལ་དབུ་མ་བཞི་བརྒྱ་པ་སོགས་བརྩམས་ཏེ་འཆད་ཉན་གྱི་རྒྱུན་སྤེལ་བར་མཛད་པས། ཕྱིས་ཀྱི་དབུ་མའི་མཁས་གྲུབ་ཀུན་གྱིས་དམ་པ་འདི་ཉིད་སློབ་དཔོན་ཀླུ་སྒྲུབ་དང་འདྲ་བ་ཡིད་ཆེས་པའི་ཁུངས་སུ་མཛད་པར་མ་ཟད་བླ་སློབ་གཉིས་ཀ་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་མཚན་སྙན་དཀར་པོ་འཛམ་གླིང་ས་ཁྱོན་ཀུན་ཏུ་རྒྱས་འདུག། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཀླུ་ཡི་བྱང་ཆུབ་དང་། ཀླུ་ཡི་བཤེས་གཉེན་གཉིས་ཡིན་ཞིང་། དེ་ནས་སློབ་དཔོན་སངས་རྒྱས་བསྐྱངས་བྱོན་ཏེ་ཀླུ་ཡི་བཤེས་གཉེན་གྱི་སློབ་མ་སློབ་དཔོན་དགེ་འདུན་སྲུང་བ་ལས་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་ལུགས་དག་དང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་དེ་མཁས་པར་གྱུར་ཅིང་། བུད་ངྷ་པ་ལི་ཏའམ་འགྲེལ་པ་སངས་རྒྱས་བསྐྱངས་ཞེས་བྱ་བ་བརྩམས་ཏེ་རྩ་བ་ཤེས་རབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དཔལ་ལྡན་ཐལ་འགྱུར་བའི་ཕྱོགས་སུ་བཀྲལ་གནང་མཛད། འོན་ཀྱང་སློབ་དཔོན་དགེ་འདུན་སྲུང་བའི་སློབ་མ་ལེགས་ལྡན་འབྱེད་བྱོན་ཏེ། རྩ་ཤེར་ཚིག་གི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དོན་གྱི་ཆ་གཙོ་བོར་འགྲེལ་པ་རྟོག་གེ་འབར་བ་རྩ་འགྲེལ་གཉིས་བརྩམས་ཏེ། སློབ་དཔོན་སྔ་མ་སངས་རྒྱས་བསྐྱངས་ཀྱི་འགྲེལ་པར་སྐྱོན་བརྗོད་ཀྱིས་སུན་འབྱིན་དང་བཅས་རྩ་ཤེར་དགོངས་པར་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཕྱོགས་སུ་བཀྲལ་ཏེ་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བར་མཛད་ཀྱང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང་རང་རྒྱུད་མི་བཞེད་པ་དང་། གང་ཟག་དང་ཆོས་ཀྱི་སྟེང་དུ་བདེན་གྲུབ་བཀག་པའི་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པ་མི་བཞེད་པར་སྣང་ངོ། །
སློབ་དཔོན་ཞི་བ་འཚོས་སློབ་དཔོན་ཡེ་ཤེས་སྙིང་པོ་དང་། སློབ་དཔོན་དུལ་བའི་སྡེ་གཉིས་ཀྱི་ཞལ་སྔ་ནས་ཀླུ་སྒྲུབ་ལས་བརྒྱུད་པའི་གཞུང་ལུགས་ཐམས་ཅད་གསན་བཞེས་ཀྱིས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་བསྟན་པའི་དབུ་མ་རྒྱན་རྩ་འགྲེལ་དང་། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་སྟེ། བསྟན་བཅོས་དུ་མ་བརྩམས་ཏེ་ཐ་སྙད་དུ་ཕྱི་རོལ་མི་བཞེད་པའི་དབུ་མའི་གྲུབ་མཐའ་སྲོལ་རྒྱས་པར་མཛད་འདུག སློབ་དཔོན་སེང་གེ་བཟང་པོས་ཀྱང་སློབ་དཔོན་ཞི་བ་འཚོ་ལས་ཀླུ་སྒྲུབ་ཀྱི་གཞུང་ལུགས་དག་ལ་གསན་སྦྱོང་དང་། ཤེར་ཕྱིན་ཀྱི་མདོ་ཡི་འགྲེལ་པ་མངོན་རྟོགས་རྒྱན་གྱི་དགོངས་པ་རྣལ་འབྱོར་སྤྱོད་པའི་ཕྱོགས་སུ་བཀྲལ་ཏེ་འགྲེལ་པ་ཆེ་ཆུང་གཉིས་དང་ཉི་ཁྲི་དག་ལྡན་སོགས་མཛད་ཅིང་། ཞི་བ་འཚོའི་སློབ་མ་ཀ་མ་ལ་ཤཱི་ལས་ཀྱང་དབུ་མའི་སྒོམ་རིམ་ཐོག་མཐའ་བར་གསུམ་དང་བདེན་གཉིས་ཀྱི་འགྲེལ་པ་སོགས་མཛད་འདུག སློབ་དཔོན་འདི་དག་ནི་ཐ་སྙད་དུ་ཕྱི་རོལ་ཡོད་མེད་ལ་བཞེད་པ་མི་མཐུན་ཡང་ཆོས་ཐམས་ཅད་སྟེང་དུ་བདེན་གྲུབ་རྡུལ་ཙམ་ཡང་མི་བཞེད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པའི་མཁས་པ་ཤ་སྟག་ཏུ་སྣང་ལ། དེ་ཡང་རང་རྒྱུད་ཞེས་པ་ནི། ཕྱི་རྒོལ་གྱི་ཁས་བླངས་ཙམ་ལ་མ་འཁྲིས་པར་གདགས་གཞིའི་ངོས་ནས་དོན་གྱི་སྡོད་ལུགས་ཀྱི་དབང་གིས་རྒོལ་ཕྱིར་རྒོལ་གྱི་ཚད་མ་མ་འཁྲུལ་བ་ལ་ཆོས་ཅན་མཐུན་སྣང་དུ་གྲུབ་ཅིང་། ཆོས་ཅན་དེའི་སྟེང་དུ་རྟགས་ཀྱི་ཚུལ་རྣམས་འགྲུབ་ཚུལ་ངེས་པ་བྱས་ནས་མཐར་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པ་ཞིག་རང་རྒྱུད་ཀྱི་དོན་དང་། དོན་དེ་ལྟར་དགོས་པ་འཐད་པར་ཁས་ལེན་པའི་དབུ་མའི་གྲུབ་མཐའ་འཛིན་པ་རྣམས་ལ་དབུ་མ་རང་རྒྱུད་པ་ཞེས་བརྗོད་པ་ཡིན་ནོ། །
ཀླུ་སྒྲུབ་ཀྱིས་རིགས་པའི་ཚོགས་དྲུག་དང་མདོ་ཀུན་ལས་བཏུས་པ་སོགས་དབུ་མའི་བསྟན་བཅོས་དུ་མ་བརྩམས་ཤིང་། རང་གི་དངོས་ཀྱི་སློབ་མ་དང་ཡང་སློབ་སོགས་བུ་དང་ཚ་བོ་དང་ཡང་ཚ་ལྟ་བུའི་ཐེག་པ་ཆེན་པོའི་གྲུབ་མཐའ་འཛིན་པ་གཞན་དྲིང་མི་འཇོག་པའི་མཁས་པ་བགྲང་ལས་འདས་པ་བྱོན་པའི་ཁྲོད་ནས་སྐར་ཚོགས་དབུས་ན་ཟླ་བ་དང་ས་འཛིན་དབུས་ན་གསེར་རི་ཇི་བཞིན་ཕུལ་དུ་བྱུང་བའི་སློབ་དཔོན་ཟླ་བ་གྲགས་པ་ཞེས་བྱ་བ་བྱོན་ཏེ། སློབ་དཔོན་ལེགས་ལྡན་གྱི་སློབ་མ་མང་པོ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་ལ་བུད་དྷ་སོགས་ལ་གཏུགས་ནས་ཀླུབ་སྒྲུབ་ཡབ་སྲས་དང་། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད་སོགས་སློབ་དཔོན་སྔ་མ་དག་གིས་མཛད་པའི་གཞུང་ལུགས་མན་ངག་དང་བཅས་པ་གསན་བཞེས་མཛད་ཅིང་། དབུ་མ་རྩ་བའི་ཚིག་གི་ཆ་གཙོ་བོར་འགྲེལ་པར་ཚིག་གསལ་དང་། དོན་གྱི་ཆ་གཙོ་བོར་འགྲེལ་པར་འཇུག་པ་རྩ་འགྲེལ། གཞན་ཡང་སྟོང་ཉིད་བདུན་ཅུ་པ་དང་། རིགས་པ་དྲུག་ཅུ་པ་གཉིས་ཀྱི་འགྲེལ་པ། དབུ་མ་ཤེས་རབ། ཕུང་པོ་ལྔའི་རབ་དབྱེ། སྐྱབས་འགྲོ་བདུན་ཅུ་པ་སོགས་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་དུ་མ་བརྩམས་གནང་སྟེ། མདོར་ན་དབུ་མ་པ་ཡིན་ན་རང་རྒྱུད་བྱ་མི་རུང་བའི་སྒྲུབ་བྱེད་དང་། ལྡོག་ཕྱོགས་ལ་གནོད་བྱེད་བཅས་རིགས་པའི་ལམ་ནས་དྲངས་ཤིང་། དབུ་མ་རྩ་བའི་དགོངས་པ་མཐར་ཐུག་ཐལ་འགྱུར་གྱི་ཕྱོགས་སུ་བཀྲལ་ཏེ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དཔལ་ལྡན་ཐལ་འགྱུར་བའི་གྲུབ་མཐའི་སྲོལ་ལེགས་པར་ཕྱེ་བར་མཛད་འདུག སློབ་དཔོན་ཞི་བ་ལྷས་ཀྱང་སློབ་དཔོན་ཟླ་གྲགས་ཀྱི་རྗེས་སུ་འབྲངས་ཏེ་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པར་མཛད་ཅིང་། དེ་བཞིན་དུ་རིག་པའི་ཁུ་བྱུག་ཆེ་ཆུང་གཉིས་ཞེས་དཔལ་ལྡན་ཟླ་བའི་སློབ་མ་གཉིས་ཀྱི་རྗེས་འབྲང་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱས་བདེན་གཉིས་རང་འགྲེལ་དང་བཅས་པར་མཛད་དེ། འཕགས་ཡུལ་དུ་ཐེག་ཆེན་གྱི་བསྟན་པ་སྤྱི་དང་ཡང་སྒོས་དབུ་མའི་འཆད་ཉན་དང་། ཁྱད་པར་དུ་དཔལ་ལྡན་ཐལ་འགྱུར་བའི་གཞི་ལམ་འབྲས་བུའི་རྣམ་གཞག་ཕྱིན་ཅི་མ་ལོག་པར་བསྟན་པའི་གྲུབ་པའི་མཐའ་དང་བཅས་པ་ཉིན་མོ་ལྟར་གསལ་བར་གྱུར་ཏོ། །
རང་རེའི་བོད་ཁ་བའི་ལྗོངས་སུ་ནང་བསྟན་སྤྱི་དང་དམིགས་བསལ་དབུ་མའི་འཆད་ཉན་བཅས་ནི་རྒྱལ་བློན་ལོ་པཎ་དག་གིས་དཀའ་སྤྱོད་བརྒྱ་ཕྲག་འབད་འབུངས་གནང་སྟེ་དར་རྒྱས་སུ་བྱུང་ཞིང་། དེ་ཡང་བསྟན་པ་སྔ་དར་སྐབས་སུ་རྒྱ་གར་མཁན་པོ་ཛྙཱན་གརྦ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུ་ཡི་རྒྱལ་མཚན་གཉིས་ཀྱིས་དབུ་མ་རྩ་བ་ཤེས་རབ་དང་། ག་ལས་འཇིགས་མེད། བུད་དྷ་པ་ལི་ཏཱ། ཤེས་རབ་སྒྲོན་མ་བཅས་བོད་སྐད་དུ་བསྒྱུར་ཏེ། འཆད་ཉན་གྱི་གཞིར་བཙུགས་པ་ནས་དབུ་མའི་འཆད་ཉན་གྱི་སྲོལ་དར་བར་འདོད་ཚུལ་གཅིག་དང་། རྒྱ་གར་གྱི་མཁན་པོ་དཱིཔམ་ཀ་ར་ཤྲི་ཛྙ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ། དབུ་མ་རིན་ཆེན་སྒྲོན་མ། དབུ་མའི་དོན་བསྡུས་པ་བཅས་བོད་སྐད་དུ་བསྒྱུར་བ་དང་། རྒྱ་གར་གྱི་མཁན་པོ་ཀྲ་ཤྞ་པཎྜི་ཏ་དང་། ལོ་ཙཱ་བ་ནག་ཚོ་དེ་ཉིད་ཀྱིས་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་བསྒྱུར་ཅིང་ཞིབ་ཏུ་གཏན་ལ་ཕབ་པར་མཛད་པ་ནས་དབུ་མའི་འཆད་ཉན་དར་ཚུལ་གཅིག་བྱུང་བར་མངོན་ཞིང་། རྒྱ་གར་ཀྱི་མཁན་པོ་ཛྙན་གརྦ་དང་། བོད་ཀྱི་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་གཉིས་ཀྱིས་དབུ་མ་རྩོད་ཟློག་དང་། དེའི་འགྲེལ་པ་སོགས་དབུ་མའི་གཞུང་འགའ་ཞིག་བོད་སྐད་དུ་བསྒྱུར་བ་དང་། ཞང་ཡེ་ཤེས་སྡེ་དང་། ཁུ་མདོ་དཔལ། དགེ་སློང་གྲགས་འབྱོར་ཤེས་རབ་སོགས་ལོ་ཙཱ་བ་མང་པོ་ཞིག་གིས་དབུ་མའི་གཞུང་བོད་སྐད་དུ་བསྒྱུར་བ་ལ་བརྟེན་ནས་ཕལ་ཆེར་དབུ་མ་རང་རྒྱུད་པའི་གཞུང་ལུགས་ལ་འཆད་ཉན་དར་རྒྱས་ཆེན་པོར་བྱུང་ཡོད་པར་གྲགས། 
རང་རེའི་མེས་པོ་དམ་པ་ཨུ་དུམ་བཙན་ནམ་གླང་དར་མའི་སྐབས་སུ་ནང་བསྟན་ལ་ཉམས་ཉེས་ཆེན་པོར་བྱུང་བར་ལོ་རྒྱུས་ཡིག་རྙིང་དག་ཏུ་གསལ་ཞིང་། སླར་ཡང་བོད་ཡུལ་ལོ་པཎ་རྣམས་ཀྱིས་ཐུགས་བསྐྱེད་ལས་དབུ་མའི་འཆད་ཉན་དར་རྒྱས་སུ་བྱུང་ཚུལ་ནི། རྒྱ་གར་མཁན་པོ་མ་ཧ་སུ་མ་ཏི་དང་། ལོ་ཙཱ་བ་སྤ་ཚབ་ཉི་མ་གྲགས་པ་གཉིས་ཀྱིས་ཅོག་རོས་བསྒྱུར་བའི་དབུ་མ་རྩ་ཤེ་ལ་དག་བསྒྱུར་གནང་བ་དང་། དེའི་འགྲེལ་པ་ཚིག་གསལ་ཁ་ཆེ་དང་ཤར་ཕྱོགས་པའི་དཔེ་ལ་གཏུགས་ཏེ་བསྒྱུར་ཅིང་གཏན་ལ་ཕབ། རྒྱ་གར་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང་། སྤ་ཚབ་ཉི་མ་གྲགས་གཉིས་ཀྱིས་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་དང་པོ་ཁ་ཆེ་དཔེ་དང་མཐུན་པར་བསྒྱུར་ཅིང་། ཕྱིས་སུ་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་ཞེས་པ་དང་མཉམ་དུ་ཤར་ཕྱོགས་པའི་དཔེ་ལ་གཏུགས་ཏེ་ཞིབ་ཏུ་བཅོས་ཤིང་གཏན་ལ་ཕབ་པར་མཛད། ལོ་ཙཱ་བ་འདིས་རྒྱ་གར་གྱི་མཁན་པོ་སུ་ཀྴྨ་ཛྙ་བ་དང་དབུ་མ་བཞི་བརྒྱ་པ་བོད་སྐད་དུ་བསྒྱུར་ཏེ། བོད་ཡུལ་དུ་སླར་ཡང་དབུ་མའི་འཆད་ཉན་དར་རྒྱས་བྱུང་འདུག
མདོར་ན་རང་རེའི་བོད་གངས་ཅན་ལྗོངས་སུ་བསྟན་པ་སྔ་དར་གྱི་སྐབས་སུ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། ཕྱི་དར་སྐབས་སུ་ནག་ཚོ་ལོ་ཙཱ་བ་སོགས་ཀྱིས་རང་རྒྱུད་པའི་གཞུང་མང་པོ་བོད་སྐད་དུ་བསྒྱུར་བ་དང་། སློབ་དཔོན་ཞི་བ་འཚོ་བོད་དུ་གདན་ཞུ་བྱས་པ་སོགས་ལས་དབུ་མ་རང་རྒྱུད་པའི་གཞུང་ལུགས་དག་ལ་འཆད་ཉན་རྒྱ་ཆེར་བྱུང་ཞིང་། ལྷག་པར་དུ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཤེས་རབ་སྒྲོན་མེ་གཙོ་བོར་བྱས་ཏེ་རང་རྒྱུད་པའི་གཞུང་ལུགས་འཆད་ཉན་རྒྱ་ཆེར་སྤེལ་བ་ལས་རྒྱུན་འཛིན་གྱི་དངོས་སློབ་ཀྱང་ཕྱྭ་བ་ཆོས་སེང་དང་གཙང་ནག་པ་བརྩོན་འགྲུས་སེང་གེ་སོགས་མཁས་པ་ཟམ་མ་ཆད་པ་བྱུང་ཞིང་། ལོ་ཙཱ་བ་སྤ་ཚབ་ཉི་མ་གྲགས་པས་དཔལ་ལྡན་ཐལ་འགྱུར་བའི་གཞུང་ལུགས་དུ་མ་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་རྒྱ་ཆེར་སྤེལ་བ་ལས་དངོས་སློབ་ཏུ་སྤ་ཚབ་བུ་བཞིར་གྲགས་པ་ལས་རྨ་བྱ་བྱང་བརྩོན་གྱིས་རྩ་བ་ཤེས་རབ་ཀྱི་ཊྲིཀ་དང་། འཇུག་འགྲེལ་གྱི་བསྡུས་དོན། གཞན་ཡང་དབུ་མའི་སྐོར་གྱི་ཡིག་ཆ་མང་དུ་མཛད། ཞང་ཐང་སག་པས་དབུ་མ་འཇུག་པའི་འགྲེལ་པ་སོགས་མཛད་དེ། སྤ་ཚབ་རྗེས་འབྲང་དང་བཅས་པས་ཐལ་འགྱུར་བའི་གཞུང་ལུགས་དག་ལ་འཆད་རྩོད་རྩོམ་གསུམ་གྱི་ལམ་སྲོལ་བླ་ན་མེད་པར་སྤེལ་བ་ལས། ཁ་བའི་ལྗོངས་སུ་དཔལ་ལྡན་ཐལ་འགྱུར་བའི་གྲུབ་པའི་མཐའ་ཉིན་མོ་ལྟར་གསལ་བར་བྱས་པས། བོད་ཡུལ་གྱི་ཐལ་འགྱུར་བའི་ལུགས་འཛིན་པ་ཐམས་ཅད་དེ་ལས་གྱེས་པར་བརྗོད་འདུག་སྟེ། ཐང་སག་པ་རང་གི་གདན་ས་འཛིན་པ་རྣམས་དང་། དཔལ་ལྡན་ས་སྐྱ་བའི་རྗེ་བཙུན་རྗེས་འབྲང་དག  གཞུང་ལུགས་མང་དུ་ཐོས་པའི་མཁས་པའི་དབང་པོ་བུ་སྟོན་ཐམས་ཅད་མཁྱེན་པ། རྗེ་བཙུན་རེད་མདའ་བ། དེའི་དངོས་སློབ་རྗེ་ཙོང་ཁ་པ་རྗེས་འབྲང་དང་བཅས་པ། ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀུན་མཁྱེན་པད་མ་དཀར་པོ་སོགས་མདོར་ན། ད་ལྟའི་བར་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་དཔལ་ལྡན་ཟླ་བའི་གཞུང་ལུགས་སྨྲ་བའི་བོད་གངས་ཅན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཐམས་ཅད་སྤ་ཚབ་རྗེས་འབྲང་དང་བཅས་པའི་དྲིན་ལས་བྱུང་བར་བཤད་འདུག  
ཞྭ་སེར་རིང་ལུགས་འཆང་བའི་སྡེ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཁྲོད་དུ་དབུ་མའི་འཆད་ཉན་དར་ཚུལ་ནི། དེ་ཡང་བཀའ་གདམས་གླེགས་བམ་ཕ་ཆོས་ལེའུ་ཉེར་དྲུག་པའི་མ་འོངས་ལུང་བསྟན་པ་ལས། ཐ་མར་བསྟན་པའི་མེ་རོ་དག། གྲགས་པའི་མཚན་གྱིས་གསོ་བར་བྱེད། །དུ་མའི་ཕན་བདེ་སྒྲུབ་པར་བྱེད། །དེ་ཡང་གནས་མཆོག་དམ་པ་ཡིན། །ཞེས་འབྱུང་བ་བཞིན་གངས་ཅན་གྱི་མཁས་གྲུབ་ཀུན་གྱི་གཙུག་གི་ཏོག་ལྟར་མངོན་པར་འཕགས་པའི་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གིས་དཔལ་ལྡན་ས་སྐྱ་བའི་ཆོས་གྲྭ་ཆེན་པོ་དག་ཏུ་བྱོན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་རྒྱ་ཆེར་མཛད་ཅིང་། ཁྱད་པར་དབུ་མའི་གཞུང་ལུགས་དག་ནི། གངས་ཅན་མཁས་པའི་གཙུག་རྒྱན་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞལ་སྔ་ནས་སྔ་ཕྱིར་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་དང་ཀླུ་སྒྲུབ་ཞལ་གྱི་དབུ་མ་རིགས་ཚོགས་སོགས་གསན་ཅིང་། སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན། བདེ་བ་ཅན་པའི་བླ་མ་འཇམ་རིན་པ། བླ་མ་དབུ་མ་པ་སོགས་ལས་དབུ་མའི་རིགས་ཚོགས་འགྲེལ་པ་འགྲེལ་བཤད་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་གནང་བ་དང་། ཁྱད་པར་དུ་དབུ་མའི་དཀའ་གནད་མཐར་ཐུག་པ་རྣམས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་མངོན་སུམ་དུ་གཟིགས་པར་བཀའ་འདྲི་ཞུས་པས། དབུ་མ་ཐལ་འགྱུར་བའི་ལྟ་བ་དྲི་མ་མེད་པ་ཐུགས་རྒྱུད་ལ་འཁྲུངས་ཏེ། དབུ་མ་རྩ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་དང་། དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་ཆེ་ཆུང་སོགས་དབུ་མའི་གཞུང་ལུགས་དུ་མ་ཞིག་བརྩམས་གནང་ཞིང་། ཁྱད་པར་དུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་རྩ་འགྲེལ་གཉིས། ལོ་ཙཱ་བ་སྤ་ཚབ་ཉི་མ་གྲགས་པས་བོད་སྐད་དུ་བསྒྱུར་ཅིང་ཞིབ་ཏུ་གཏན་ལ་ཕབ་པའི་རྩ་འགྲེལ་གྱི་འགྲེལ་པ་རྗེ་བློ་བཟང་གྲགས་པས་དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པར་རབ་ཏུ་གསལ་བ་ཞེས་བྱ་བར་མཛད་དེ། མདོར་ན་གྲགས་པ་རྣམ་གསུམ་གྱི་བསྟན་བཅོས་ཀྱིས་མ་རྟོགས་པ་དང་ལོག་པར་རྟོགས་པའི་དྲི་མའི་གཡའ་ཐམས་ཅད་དང་བྲལ་བའི་དབུ་མ་ཐལ་འགྱུར་བའི་གྲུབ་པའི་མཐའ་འཛིན་པས་གངས་རིའི་ལྗོངས་ཀུན་ཏུ་ཁྱབ་པར་མཛད་དེ་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་དཀར་པོ་ད་ལྟའི་བར་དུ་གནས་པའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་པར་སྣང་ངོ་། ། 
དེ་ཡང་དབུ་མ་ཞེས་པ་ནི་འཇིག་རྟེན་ན་མཐའ་དོར་བའི་དཀྱིལ་ལ་དབུས་ཞེས་པ་དང་འདྲ་བར་ཡོད་མེད་ལ་སོགས་པའི་མཐའ་གཉིས་སྤངས་པས་དབུས་ཉིད་དབུ་མའོ་ཞེས་པ་ལྟར་ཡིན་ཞིང་། དེ་ཡང་གྲུབ་མཐའ་སྨྲ་བ་རང་རང་གི་ལུགས་ལ་རང་གི་གྲུབ་མཐའ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མ་ཡིན་ཞེས་པ་ལྟར་མིན་པ་འདི་ནི་ངེས་དོན་གྱི་ལུང་དང་རིགས་པ་ལ་བརྟེན་ནས་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་མེད་ཀྱང་ལས་འབྲས་ཀྱི་རྣམ་གཞག་ཐམས་ཅད་རུང་ཞིང་། དེའི་སྟེང་ནས་གཞི་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་སྐྱོན་མེད་གཏན་ལ་ཕབ་པ་དེར་འཛིན་པས་ན་དབུ་མའི་གྲུབ་མཐའ་ཞེས་བརྗོད་པ་ཡིན་ལ། དེ་ལ་ཡང་ཆོས་ཐམས་བདེན་གྲུབ་རྡུལ་ཙམ་མེད་ཀྱང་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་བྱ་བྱེད་ཐམས་ཅད་འཇོག་མི་ནུས་པའི་དབུ་མ་རང་རྒྱུད་པ་དང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང་བྱ་བྱེད་ཐམས་ཅད་འཐད་པ་བཞེད་པའི་དབུ་མ་ཐལ་འགྱུར་བ་ཞེས་ཕྱོགས་སུ་འཛིན་པའི་དབུ་མ་པའི་ལུགས་གཉིས་ཡོད་ཅིང་། དང་པོ་ནི་སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པ་དང་། གཉིས་པ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་རྗེས་འབྲང་དང་བཅས་པ་དག་ཡིན་ཞིང་། སངས་རྒྱས་བསྐྱངས་ཀྱི་རྩ་བ་ཤེས་རབ་ཀྱིོ་འགྲེལ་པར་བདག་ལས་མ་ཡིན་གཞན་ལས་མིན་ཞེས་སོགས་ཀྱི་སྐབས་སུ་ལེགས་ལྡན་གྱིས་བདག་སྐྱེ་མེད་པར་སྒྲུབ་པའི་རང་རྒྱུད་ཀྱི་རྟགས་མ་བསྟན་པ་དང་། ངོ་བོ་ཉིད་མེད་ཅེས་པའི་ངོ་བོ་གང་ཟག་གི་བདག་མེད་པར་བྱ་ཡི་ཆོས་ཀྱི་བདག་མེད་ལ་བྱ་མི་རུང་བ་སོགས་ཀྱིས་སྐྱོན་མང་པོར་བཟུང་སྟེ་སུན་འབྱིན་བྱས་ཀྱང་། དུས་ཕྱིས་སུ་དཔལ་ལྡན་ཟླ་བས་ལེགས་ལྡན་གྱིས་སྐྱོན་བརྗོད་པ་དག་མི་འཇུག་པ་དང་། དབུ་མ་པས་རང་རྒྱུད་བྱ་མི་རུང་བའི་སྒྲུབ་བྱེད་སོགས་བསྟན་ཏེ་འགོག་པར་མཛད་ཅིང་། དེ་ཡང་འཇུག་པའི་རང་འགྲེལ་ལས། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ།། ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ།། ཞེས་རང་གིས་དབུ་མའི་དོན་གཏན་ལ་ཕབ་པ་དེ་དབུ་མ་པ་རློམ་པ་གཞན་དང་ཐུན་མོང་མ་ཡིན་པར་གསུངས་པ་དང་། རྣམ་གཞག་དེ་དག་ཀྱང་ཀླུ་སྒྲུབ་ཡབ་སྲས་ཀྱི་དྲི་མ་མེད་པའི་དབུ་མའི་བསྟན་བཅོས་རྣམས་ཁུངས་སུ་མཛད་དེ་གཙོ་བོ་ཆོས་ཀྱི་བདག་འཛིན་ནམ་གང་ཟག་དང་ཆོས་རང་བཞིན་གྱིས་གྲུབ་པར་འཛིན་པའི་མ་རིག་པ་འཁོར་བའི་རྩ་བར་འཇོག་པ་ལས་བྱུང་ཞིང་། དབུ་མ་པ་གཞན་དང་ཐུན་མོང་མ་ཡིན་པ་ནི། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་རྣམ་ཤེས་དང་། རང་རིག་འགོག་ལུགས་ཐུན་མོང་མ་ཡིན་པ། རང་རྒྱུད་ཀྱི་སྦྱོར་བས་ཕྱིར་རྒོལ་གྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ལྟ་བ་སྐྱེད་པ་ཁས་མི་བླངས་པ་དང་། ཉན་རང་ལ་དངོས་པོ་རང་བཞིན་མེད་པར་རྟོགས་པ་ཡོད་པ། ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་འཇོག་པ། ཞིག་པ་དངོས་པོ་ཡིན་པ། དེའི་རྒྱུ་མཚན་གྱིས་དུས་གསུམ་འཇོག་ཚུལ་ཐུན་མོང་མ་ཡིན་པ། ཤེས་བྱའི་སྒྲིབ་པའི་ངོ་བོ་དང་ས་མཚམས་གང་ནས་སྤོང་ཚུལ་ཐུན་མོང་མ་ཡིན་པ་སོགས་ཀྱི་ཁྱད་པར་དུ་མ་ཞིག་མཆིས་སོ།། 



ཚད་མ་རིག་པའི་བྱུང་རབས་དང་ཚད་མ་རིག་པའི་ལྟ་གྲུབ་ཀྱི་སྐོར།
དཔྱད་བརྗོད་པ། སློབ་དཔོན་དང་པོ་ཤེས་རབ་དབང་ཕྱུག མཛོད་གཉིས་པ་བློ་བཟང་མཁས་གྲུབ།

ཐུབ་དབང་ཞལ་གྱི་བུམ་བཟང་ལས་འོངས་པའི།།
ཡང་དག་ཆོས་ཚུལ་དངོས་སྟོབས་རིགས་པ་ཡིས།།
ཀུན་ནས་རྒྱས་མཛད་ཕྱོགས་གླང་ཆོས་གྲོགས་དང་།།
འཇམ་མགོན་ཡབ་སྲས་རྣམས་ལ་གུས་པས་མཆོད།།
ཅེས་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་དཔལ་ལྡན་འབྲས་ཏྲེ་ཧོར་ཁམས་ཚན་གྱི་ཆོས་ཚན་བགྲོ་གླེང་གི་སྐབས་འདིར། ཚད་མའི་བྱུང་རབས་དང་། ཚད་མའི་ལྟ་གྲུབ་ཀྱི་སྐོར་ཅུང་ཟད་བཤད་པ་ལ། དང་པོར་ཚད་མའི་བྱུང་རབས་ཀྱི་སྐོར་ཅུང་ཟད་བཤད་པ་ལ། ཇི་སྐད་དུ་མདོ་སྡེ་རྒྱན་ལས།  རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱེད་ན།།      
འཕགས་པའི་དམ་པ་ཐམས་ཅད་མཁྱེན་པ་ག་ལ་འཐོབ།།
ཅེས་གསུངས་པ་ལྟར་གཞན་དོན་སྒྲུབ་པའི་དོན་དུ་བཟོ་རིག་པ་དང་། གསོ་བ་རིག་པ་གཉིས། དོན་ལ་འཁྲུལ་བ་སྤང་བའི་དོན་དུ་ཚད་མ་རིག་པ་དང་། ཚིག་ལ་འཁྲུལ་བ་སྤང་བའི་དོན་དུ་སྒྲ་རིག་པ་དང་།རང་རྒྱུདའདུལ་བའི་དོན་དུ་ནང་དོན་རིག་པ་བཅས་ལྔ་ཡོད་པ་ལས་ཚད་མ་རིག་པའི་བྱུང་རབས་ཀྱི་དབང་དུ་བྱས་ན་རྒྱ་གར འཕགས་པའི་ཡུལ་དུ་བྱོན་པའི་གྲུབ་མཐའ་སྨྲ་བ་རྣམས་རང་རང་གིས་གཏན་ལ་ཕབ་པའི་གྲུབ་མཐའ་རྣམས་ཡང་དག་པ་ཞིག་ཡིན་པ་དང་། དེ་གཞན་ལ་སྟོན་པར་བྱེད་པའི་ཐབས་ཚད་མ་རིག་པའམ་གཏན་ཚིགས་རིག་པ་འདི་ལ་བརྟེན་པའི་རྒྱུ་མཚན་དེའི་ཕྱིར་ན་བདག་ཅག་གི་སྟོན་པ་འཇིག་རྟེན་འདིར་མ་བྱོན་པའི་སྔོན་དུ་ཚད་མ་རིག་པའི་བསྟན་བཅོས་བྱུང་ཟིན་ལ། དེ་ཡང་ཕྱི་རོལ་དྲང་སྲོང་གོ་ཏམ་གྱིས་རིགས་པའི་མདོ་ཞེས་བྱ་བའི་རྟོག་གེའི་བསྟན་བཅོས་དང་། རིག་པ་ཅན་པའི་སྟོན་པ་དྲང་སྲོང་རྐང་མིག་གིས་རྟོག་གེའི་ཚིག་དོན་བཅུ་དྲུག་སྟོན་པའི་རྟོག་གེའི་བསྟན་བཅོས་ཤིག་མཛད་ཡོད། དེར་བརྟེན་སྟོན་པ་འཇིག་རྟེན་འདིར་མ་བྱོན་པའི་སྔོན་དུ་ཕྱི་རོལ་པའི་ཚད་མ་རིག་པའམ་གཏན་ཚིགས་རིག་པ་བྱུང་བ་མངོན། ནང་པའི་ཚད་མ་རིག་པའི་དབང་དུ་བྱས་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་རིག་པའི་བསྟན་བཅོས་མ་མཛད་པའི་གོང་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་ཏུ་ཚད་མ་རིག་པའམ་གཏན་ཚིགས་རིག་པ་ཚད་མའི་ཐ་སྙད་སོགས་བྱུང་བ་མངོན་ཏེ། མདོ་ལས། བྱང་ཆུབ་སེམས་དཔས་བརྩོན་འགྲུས་སུ་སངས་རྒྱས་ཀྱི་ཆོས་འཚོལ་བ་ནི་སེམས་ཅན་ཐམས་ཅད་ལ་དད་པའི་སེམས་བསྐྱེད་པའི་ཕྱིར་རྒྱུ་རིག་པའི་བསྟན་བཅོས་སློབ་པར་བྱེད་དོ། །ཞེས་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་འཚོལ་བ་ལ་ཚད་མ་རིག་པའམ་གཏན་ཚིག་རིག་པ་ལ་བསླབ་དགོས་པ་གསུངས་པ་དང་། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་དང་། །ཞེས་སོགས་ཀྱིས་འབྲས་བུའི་གཏན་ཚིགས་དང་། ཡང་མདོ་ལས།དགེ་སློང་དག་གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་བདག་ཉིད་དོ་ཅེས་པའི་རང་བཞིན་གྱི་གཏན་ཚིགས་དང་། མདོ་ལས། ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་བཟུང་གི། །གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་སྟེ།།ཞེས་སོགས་ཀྱིས་མ་དམིགས་པའི་གཏན་ཚིགས་གསུངས་པ་དང་།  མདོ་སྡེ་དགོངས་འགྲེལ་ལས་ཀྱང། རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །ཞེས་སོགས་ཀྱི་རིགས་པ་བཞི་གསུངས་ཤིང་དེར་མ་ཟད་སློབ་དཔོན་གྱི་སྔོན་དུ་ཚད་མའི་ཐ་སྙད་ཀྱང་བྱུང་བ་མདོ་སྡེ་དགོངས་འགྲེལ་ལས། དེ་ལྟར་འཐད་པས་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་ཚད་མ་དང་།  རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ། །ཞེས་ཚད་མའི་ཐ་སྙད་གསུངས་པ་དང་། གཞན་ཡང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་གཞུང་ལས་ཀྱང་གཏན་ཚིགས་སོགས་དང་ཚད་མའི་ཐ་སྙད་ཀྱང་གསུངས་ཏེ། རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། ཞེས་སོགས་ཀྱི་གཏན་ཚིགས་དང་། རྩོད་ཟློག་ལས། རྗེས་དཔག་ལུང་དང་ཉེར་མཇལ་དང་། རྗེས་དཔག་ལུང་གིས་བསྒྲུབ་བྱ་དང་། །དཔེས་བསྒྲུབ་བྱ་བའི་དོན་གང་ཡིན། །མངོན་སུམ་གྱིས་ནི་ལན་བཏབ་བོ། །ཞེས་སོགས་ཀྱིས་ཚད་མ་གསུངས་པ་དང་། འཕགས་པ་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས། བསྒྲུབ་པ་རྣམ་པ་བརྒྱད་གང་ཞེ་ན། དམ་བཅའ་དང་།  གཏན་ཚིག་དང་། དཔེར་བརྗོད་དང་། མཐུན་པ་དང་། མི་མཐུན་པ་དང་། མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་ངོ་། །ཞེས་སོགས་ཀྱིས་གཏན་ཚིགས་དང་ཚད་མ་གཉིས་ཀ་གསུངས། དེ་ཡང་སློབ་དཔོན་ཕྱོགས་གླང་མ་བྱོན་པའི་སྔོན་དུ་ཤིང་རྟ་ཆེན་པོ་དག་གིས་ཐེག་པ་གསུམ་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཁོང་དུ་ཆུད་པ་ལ་གཏན་ཚིགས་རིག་པའམ་ཚད་མ་རིག་པ་ཤེས་དགོས་པར་གཟིགས་ནས་ཚད་མའི་ཐ་སྙད་དང་། གཏན་ཚིགས་རིགས་པ་གསུངས་པ་ཡོད་ཀྱང་ནང་པ་སངས་རྒྱས་པའི་ལུགས་ལ་ཡོངས་སུ་གྲགས་པའི་ཚད་མ་རིག་པའི་བསྟན་བཅོས་མཛད་པ་མེད་ལ་ནང་པའི་ཚད་མ་རིག་པའི་བསྟན་བཅོས་སམ་རྟོག་གེའི་རིག་པའི་བསྟན་བཅོས་ཀྱི་ཐོག་མ་ནི།  སྤྱི་ལོ་བརྒྱ་ཕྲག་བཞི་པའི་མཇུག་དང་ལྔ་པའི་འགོར་སློབ་དཔོན་ཕྱོགས་ཀྱི་གླང་པས་མཛད་པའི་ཚད་མའི་བསྟན་བཅོས་ལ་ངོས་འཛིན་རྒྱུ་ཡིན། དེ་ཡང་སློབ་དཔོན་ཉིད་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་སྐབས་རིགས་སྒོ་དང་རླུང་གི་རབ་དབྱེ་སོགས་རྟོག་གེའི་བསྟན་བཅོས་བརྒྱ་རྩ་མཛད་པ་དེ་དག་ཐོར་བུ་ལྟ་བུ་གཟིགས་ནས་གཅིག་ཏུ་བཏུས་པ། ཚད་མ་ཀུན་ལས་བཏུས་པ་རྩོམ་པར་དགོངས་ཏེ་ལྷོ་ཕྱོགས་ཀྱི་བྲག་ཕུག་དབེན་པ་ཞིག་གི་ནང་དུ་བཞུགས་ནས་བྲག་ངོས་ཀྱི་རྡོ་ཐལ་ལ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་སོགས་མཆོད་བརྗོད་དང་རྩོམ་པ་དམ་བཅའ་བྲིས་པ་ཙམ་གྱིས་ས་གཡོ་བ་ལ་སོགས་པའི་ལྟས་ཁྱད་པར་ཅན་དུ་མ་བྱུང་བ་མ་ཟད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་དངོས་སུ་གཟིགས་ཏེ། ཁྱོད་ཀྱི་བསྟན་བཅོས་འདི་ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་ལྟ་བུར་འགྱུར་རོ། །ཞེས་ལུང་བསྟན་ཐོབ་པ་ལྟར་ལེའུ་དྲུག་གི་བདག་ཉིད་ཅན་གྱི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་མཛད་པ་མ་ཟད། ཚད་མ་མདོའི་དོན་བདེ་བླག་ཏུ་རྟོགས་པའི་ཕྱིར་ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་ཞིག་ཀྱང་མཛད། གཞན་ཡང་དམིགས་པ་བརྟག་པ་ཞེས་པའི་བསྟན་བཅོས་དང་། དེའི་རང་འགྲེལ། དུས་གསུམ་བརྟག་པ། ཚད་མ་རིག་པ་ལ་འཇུག་པ།  གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་ཕབ་པ་སྟེ་ཚད་མ་རིག་པའི་བསྟན་བཅོས་བདུན་མཛད་ནས་ཚད་མ་རིགས་པའི་སྲོལ་གཏོད་ཅིང་། ནང་པ་སངས་རྒྱས་པའི་སྟོན་པ་དང་བསྟན་པ་ལ་ལོག་པར་རྟོག་པའི་མུ་སྟེགས་ཀྱི་རྒོལ་བ་ངན་པ་རྣམས་རྩོད་པས་ཕམ་པར་མཛད། མ་ཟད་རྒྱལ་བའི་གསུང་རབ་སྤྱི་དང་ལྷག་པར་དུ་ཚད་མ་རིག་པའི་ཚུལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཚད་མའི་བསྟན་བཅོས་རྒྱ་ཆེར་མཛད་དེ།  ཚད་མ་རིག་པའི་ལམ་གསལ་བར་ཕྱེ་བ་ལས་སློབ་མ་ཡང་ཚད་མའི་སློབ་དཔོན་དབང་ཕྱུག་སྡེ་ལ་སོགས་པ་གྲངས་ལས་འདས་པ་ཞིག་བྱོན།   དེ་ནས་སྤྱི་ལོ་བརྒྱ་ཕྲག་བདུན་པའི་ནང་རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པས་རང་གི་སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་ལན་གཅིག་གསན་པས་དབང་ཕྱུག་སྡེ་དང་མཉམ་པར་གྱུར། ལན་གཉིས་པ་གསན་པས་སློབ་དཔོན་ཕྱོགས་གླང་དང་མཉམ་པ་བྱུང་། གསུམ་པ་གསན་པས་དབང་ཕྱུག་སྡེས་ཀྱང་སློབ་དཔོན་གྱི་དགོངས་པ་ཇི་བཞིན་མ་རྙེད་པ་མཁྱེན་ནས་དེའི་ཚུལ་དབང་ཕྱུག་སྡེ་ལ་ཞུས་པས་དེ་ཉིད་ཐུགས་ཤིན་ཏུ་འགྱེས་ཏེ་ཁྱེད་ནི་སློབ་དཔོན་དང་མཉམ་པ་ཞིག་སྟེ་གྲུབ་མཐའ་ནོར་བ་རྣམས་སུན་དབྱུང་ལ་ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་ཡང་རྩོམས་ཤིག་ཅེས་བསྐུལ་བ་ལྟར་ཚད་མ་མདོའི་དགོངས་འགྲེལ་དུ།  རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་།  ཅུང་ཟད་བསྡུས་པ་ཚད་མ་རྣམ་པར་ངེས་པ་དང་། ཤིན་ཏུ་བསྡུས་པ་ཚད་མ་རིགས་པའི་ཐིགས་པ་སྟེ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་དང་། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་དང་། འབྲེལ་བ་བརྟག་པའི་འགྲེལ་པ་བཅས་བསྟན་བཅོས་དགུ་མཛད་པའི་སྒོ་ནས་ཚད་མ་རིག་པའི་རྣམ་བཞག་ཉི་མ་ལྟར་གསལ་བར་མཛད་དོ། དེ་ནས་སྤྱི་ལོ་བརྒྱ་ཕྲག་བདུན་པའི་ནང་དཔལ་ཆོས་ཀྱི་གྲགས་པས་རང་གི་སློབ་མ་སློབ་དཔོན་ལྷ་དབང་བློ་གྲོས་ལ་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བརྩམ་པར་བསྐུལ་བར་ལྟར་ལེའུ་གཉིས་པ་མན་ཆད་ཀྱི་ཚད་མའི་འགྲེལ་པ་ཞིག་བརྩམས།   དེ་ནས་ལྷ་དབང་བློའི་སློབ་མ་སློབ་དཔོན་ཤཱ་ཀྱ་བློས་ཀྱང་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་ཅེས་བྱ་བ་རྣམ་འགྲེལ་ལེའུ་བཞི་ཀའི་འགྲེལ་པ་ཞིག་མཛད། དེ་ནས་ཤཱ་ཀྱ་བློའི་སློབ་མ་སློབ་དཔོན་རྒྱན་མཁན་པོས་ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་ཚད་མ་རྒྱན་དང་།  ལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བའི་བསྟན་བཅོས་གཉིས་མཛད།  དེ་ནས་སློབ་དཔོན་རྒྱན་མཁན་པོའི་སློབ་མ་སློབ་དཔོན་ཉི་མ་སྦས་པས་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞེས་བྱ་བ་ལེའུ་གཉིས་པ་དང་གསུམ་པ་ཞེས་བྱ་བའི་འགྲེལ་པ་ཁག་གཉིས་མཛད།  སློབ་དཔོན་རྒྱན་མཁན་པོའི་སློབ་མ་སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་པར་ངེས་པ་དང་རིགས་ཐིགས་ཀྱི་འགྲེལ་པ་འཐད་ལྡན་ཆེ་ཆུང་གཉིས་མཛད།  དེ་ནས་སློབ་དཔོན་ཛམཱ་རིའི་སློབ་མ་དུལ་བ་ལྷས་རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་སོགས་བསྟན་བཅོས་དུ་མ་མཛད།   དེ་ནས་དུས་རབས་བརྒྱད་པའི་ནང་བྱོན་པར་གྲགས་པའི་སློབ་དཔོན་ཞི་བ་འཚོས་ལེའུ་སུམ་ཅུའི་བདག་ཉིད་ཅན་གྱི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུ་བྱས་པ་དང་།  རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་པའི་བསྟན་བཅོས་གཉིས་མཛད། དེ་ནས་སློབ་དཔོན་ཞི་བ་འཚོའི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལས་ཚད་མའི་དེ་ཁོ་ཉིད་བསྡུས་པའི་དཀའ་འགྲེལ་མཛད་ཅིང་། མདོར་ན་སྤྱི་ལོ་བརྒྱ་ཕྲག་བཞི་པ་ནས་བཅུ་གསུམ་ཙམ་གྱི་བར་རྒྱ་གར་འཕགས་པའི་ཡུལ་ལ་ཚད་མ་རིག་པའི་བསྟན་བཅོས་དང་དེ་ལ་འཆད་ཉན་སོགས་དར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་བཅས་འཕགས་ཡུལ་དུ་ཚད་མ་རིགས་པའི་བྱུང་རིམ་མདོར་ཙམ་ཞིག་གོ།  

ས་བཅད་གཉིས་པ་བོད་གངས་ཅན་གྱི་ལྗོངས་སུ་ཚད་མ་རིག་པ་དར་ཚུལ་ཇི་ལྟར་ཡིན་བརྗོད་པར་བྱ་བ་ལ།
དེ་ཡང་དུས་རབས་དགུ་པའི་ནང་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་།  ཞང་ཡེ་ཤེས་སྡེ་བཅས་གདན་འཛོམས་ཏེ་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་ལས་བཏུས་པ་དང་། ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཅིང་ཚད་མའི་འཆད་ཉན་གྱི་སྲོལ་ཐོག་མར་གཏོད།  དེའི་རྗེས་སུ་དུས་རབས་བཅུ་གཅིག་པའི་ནང་བོད་ཀྱི་རྒྱལ་པོ་གླང་དར་མས་བོད་གངས་ཅན་ལྗོངས་སུ་དར་བའི་སངས་རྒྱས་ཀྱི་བསྟན་པ་བསྣུབས་ནས་སྔར་ཚད་མའི་འཆད་ཉན་ཅུང་ཟད་ཡོད་པ་དེ་ཡང་མིང་གི་ལྷག་མར་བྱས།   སླར་ཡང་བོད་ཀྱི་ལོ་པཎ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ནས་ཚད་མ་རིག་པའི་བསྟན་བཅོས་མང་པོ་ཞིག་གདན་དྲངས་ཏེ། ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་ཚད་མ་ཀུན་ལས་བཏུས་དང་།   དེའི་རང་འགྲེལ་གཉིས་བོད་སྐད་དུ་བསྒྱུར་བ་དང་། སྤྱི་ལོ་བརྒྱ་ཕྲག་བཅུ་གཅིག་ནང་དེ་ཀར་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་གྱིས་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་དང་། རྩོད་པའི་རིགས་པ་དང་། སློབ་དཔོན་ལྷ་དབང་བློའི་ཚད་མ་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་དང་། སློབ་དཔོན་ཤཱ་ཀྱ་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སོགས་མཛད།  བོད་སྐད་དུ་བསྒྱུར་ནས་ཚད་མའི་བསྟན་བཅོས་ཀྱི་འཆད་ཉན་དར་བར་བྱས། དེ་ནས་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་གི་སྨད་དུ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཚད་མ་རྣམ་པར་ངེས་པའི་ཊིཀ་སོགས་ཚད་མའི་གཞུང་དུ་མ་བོད་སྐད་དུ་བསྒྱུར་ནས་ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་ཏུ་ཚད་མའི་འཆད་ཉན་ལེགས་པར་བཙུགས་ནས་བུ་སློབ་ནམ་མཁའི་སྐར་ཚོགས་བཞིན་བྱོན་ཡོད་པ་དང་། སྤྱི་ལོ་བརྒྱ་ཕྲག་བཅུ་གཉིས་པའི་ནང་རིགས་པའི་དབང་ཕྱུག་ཆེན་པོ་ཆ་པ་ཆོས་ཀྱི་སེང་གེ་བྱོན་ནས་ཚད་མའི་འགྲེལ་པ་ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ་ སོགས་མཛད་ནས་བསྡུས་གྲྭའི་རིགས་ལམ་གྱི་རྩོད་ཚུལ་ཐོག་མར་སྲོལ་གཏོད།
དེ་ནས་སྤྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་དུ་འཇམ་མགོན་ས་སྐྱ་པཎྜིཊ་ཀུན་དགའ་རྒྱལ་མཚན་གྱིས་ཁ་ཆེ་པཎ་ཆེན་སོགས་རྒྱ་གར་གྱི་པཎྜིཊ་དུ་མ་ལས་ཚད་མ་སྡེ་བདུན་སོགས་གསན་ནས་མཁས་པའི་མཐར་སོན་ཏེ།  ཚད་མ་རྣམ་འགྲེལ་སླར་ཡང་བོད་སྐད་དུ་དག་བསྒྱུར་མཛད།  ཆོས་གྲྭ་ཆེན་པོ་ས་སྐྱ་དགོན་དུ་བསྒྱུར་གཞུང་དེ་ཉིད་སྟེང་ནས་འཆད་ཉན་གྱི་ལམ་སྲོལ་ཡང་གཏོད་པར་མཛད།   ཁྱད་པར་དུ་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རིིགས་པའི་སྟེང་ནས་ཚད་མ་རིགས་གཏེར་གྱི་འགྲེལ་པ་དང་བཅས་པ་མཛད་ནས་ཚད་མའི་འཆད་ཉན་ཤིན་ཏུ་དར་བར་མཛད། དེ་ནས་བརྒྱ་ཕྲག་བཅུ་བཞི་པའི་ནང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་བྱོན་ནས། མཁས་པའི་དབང་པོ་ཉ་དཔོན་ཀུན་དགའ་དཔལ་དང་།  རྗེ་བཙུན་རེ་མདའ་ལས་ཚད་མའི་གཞུང་དུ་མར་དཔྱད་པ་ཞིབ་མོས་གསན་སྦྱོང་མཛད་དེ།  རིགས་པའི་གནས་མཐའ་དག་ལ་འཁྲུལ་བ་དང་བྲལ་བའི་ལམ་ལ་བརྟེན་ནས་ཚད་མའི་ལམ་བསྒྲིགས་སོགས་མཛད་དེ། བོད་ཀྱི་ཡུལ་འདིར་ཚད་མ་རིག་པའི་གཞུང་ལུགས་སྔར་ལས་ཀྱང་དར་ཞིང་རྒྱས་པར་མཛད། དེ་ལྟ་བུའི་འཕྲིན་ལས་ལ་བརྟེན་ནས་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་།  མཁས་གྲུབ་དགེ་ལེགས་དཔལ་བཟང་།  རྗེ་དགེ་འདུན་གྲུབ་པ་སོགས་རྗེའི་དངོས་སློབ་རྣམས་དང་།  པཎ་ཆེན་བསོད་ནམས་གྲགས་པ་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།  ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་རི་བོ་དགེ་ལྡན་པའི་མཁས་པའི་དབང་པོ་རྣམས་ཀྱིས་ཚད་མའི་བསྟན་བཅོས་ནམ་མཁའ་སྐར་ཚོགས་ལྟར་གྲངས་ལས་འདས་པ་མཛད་ནས་ཚད་མའི་འཆད་ཉན་མི་ཉམས་དབྱར་མཚོ་ལྟར་དར་ཞིང་རྒྱས་པར་གནས་ཡོད་པ་བཅས་སོ། །

གཉིས་པ་ཚད་མའི་ལྟ་གྲུབ་ཀྱི་སྐོར་ཅུང་ཟད་བཤད་པ་ལ།
སྤྱིར་ཚད་མ་རིག་པའི་ལྟ་གྲུབ་ཀྱི་བྱུང་ཚུལ་དང་ངོ་བོ་སོགས་དང་།  སྐབས་སུ་བབ་པའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་བྱུང་ཚུལ་དང་ངོ་བོ་སོགས་བཤད་པའོ། །དང་པོ་ནི་སངས་རྒྱས་འཇིག་རྟེན་འདིར་མ་བྱོན་པའི་སྔོན་ནས་བྱུང་ཟིན། རྒྱུ་མཚན་ནི་ཚད་མ་རིག་པའི་བྱུང་རབས་བཤད་པ་ལས་ཤེས་ནུས།  ཚད་མ་རིག་པའི་ལྟ་གྲུབ་ཅེས་པ་ནི་ནང་པ་སངས་རྒྱས་པའི་ལུགས་ཁོ་ན་མ་ཡིན་གྱི།  ཕྱི་ནང་གཉིས་ཀས་ཁས་ལེན་པའི་ལྟ་གྲུབ་ཞིག་ཡིན་ལ།  དེ་ཡང་གྲུབ་མཐའ་སྨྲ་བ་རང་རང་གི་ཚད་མས་དྲངས་པའི་རྒྱུ་མཚན་རིག་པའམ་གཏན་ཚིགས་རིག་པ་ཞིག་བརྟེན་ནས། རྟོག་གེ་ཚིག་དོན་བརྒྱད་དམ་བཅུ་དྲུག་གང་རུང་གིས་ཐོག་ནས་གཏན་ལ་ཕབ་པའི་གྲུབ་དོན་ཞིག་ལ་ཚད་མ་རིག་པའི་ལྟ་གྲུབ་ཅེས་བརྗོད་ཅིང་། ལྟ་གྲུབ་དེ་བརྗོད་བྱར་གཙོ་བོེར་བྱེད་པའི་ཕྱི་ནང་གི་གཞུང་ལུགས་དག་ནི་ཚད་མ་རིག་པའི་ལྟ་གྲུབ་གཏན་ལ་ཕབ་པའི་བསྟན་བཅོས་དག་ཡིན་ནོ།།  ལྟ་གྲུབ་ཀྱི་དགོས་པ་ནི་རང་རང་གི་མངོན་པ་འདོད་པའི་དོན་འགྲུབ་པའི་ཆེད་དུ་ཡིན་ལ། འདོད་དོན་དེ་འགྲུབ་པ་ལ་རང་རང་གི་ལྟ་གྲུབ་དེ་ཡང་དག་པ་ཡིན་དང་། དེ་ཉིད་འདོད་དོན་འགྲུབ་པའི་ཐབས་སུ་གཞན་ལ་སྨྲ་བར་བྱེད་པ་ལ་ལྟ་གྲུབ་སྟོན་པའི་གཞུང་ལུཌ་འདི་དག་བརྩམས་པ་ཡིན་ནོ།།  
       
གཉིས་པ་ནང་པ་སངས་རྒྱས་པའི་ཚད་མའི་ལྟ་གྲུབ་བཤད་པ་ནི།
དེ་ཡང་སྲོལ་གཏོད་པ་པོ་ནི་ཕྱོགས་གླང་ཡབ་སྲས་གཉིས་ཡིན་ལ། བསྟན་བཅོས་ནི་སྔར་བཤད་པ་ལས་གོ་ནུས།  ནང་པ་སངས་རྒྱས་པའི་ཚད་མའི་ལྟ་གྲུབ་ནི་ཕྱོགས་གླང་ཡབ་སྲས་ཀྱིས་སྲོལ་གཏོད་པའི་ཚད་མའི་ལྟ་གྲུབ་ཅིག་ལ་འཇོག  དེ་ཡང་རྟོག་གེའི་ཚིག་དོན་བརྒྱད་ལ་སོགས་པ་གང་རུང་གི་སྒོ་ནས་སྐབས་བབ་ཀྱི་བཤད་བྱ་དངོས་པོའི་གནས་ལུགས་གཏན་ལ་ཕབ་པའི་གྲུབ་སྡེ་ཞིག་ལ་སེམས།  དེ་ཡང་གཞི་བྱེ་བྲག་པ་ཞིག་ལ་ཕབ་ན་སེམས་ཙམ་པའི་ལྟ་བ་དང་གྲུབ་མཐའ། མདོ་སྡེ་པའི་ལྟ་བ་དང་གྲུབ་མཐའ་གཉིས་ལ་སྦྱར་རུང་།  སྤྱིར་སྦྱར་རུང་བའི་དབང་དུ་བྱས་ཏེ་བཤད་ན་སེམས་ཙམ་པའི་ཚད་མའི་ལྟ་གྲུབ་ནི་རྟོག་གེའི་ཚིག་དོན་བརྒྱད་པོ་གང་རུང་གི་སྒོ་ནས་གཙོ་བོར་གཟུགས་འཛིན་རྫས་གཞན་དུ་སྟོང་བའི་བདག་མེད་གཏན་ལ་ཕབ་པའི་ལྟ་གྲུབ་དང་། བྱེ་བྲག་རེ་རེ་ནས་བཤད་ན་གྲངས་ལས་འདས་པ་བཤད་ན་བཤད་རུང་བ་ཞིག་འདུག ནང་པའི་ཚད་མ་རིག་པའི་གཞུང་ཟེར་ན་ཡོངས་སུ་གྲགས་པའི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དེ་ལ་གཙོ་བོར་ངོས་འཛིན་བྱེད་པས་དེའི་སྐབས་ནས་བཤད་བྱ་ཚད་མ་རིག་པ་ནི་སེམས་ཙམ་ཕྱོགས་ལ་ངོས་འཛིན་དགོས། ཡིན་ཡང་བྱེ་མདོ་གཉིས་ཀྱི་ཚད་མའི་ལྟ་གྲུབ་ཅེས་པའི་ཐ་སྙད་གསལ་ཁ་མེད་ན་ཡང་སྦྱར་ན་རུང་བ་ཞིག་ཆོག་སྙམ་ཏེ་དེ་ཡང་གདུལ་བྱ་འཁོར་བ་ལས་གྲོལ་བའི་དོན་དུ་རྟོག་གེའི་ཚིག་དོན་བརྒྱད་པོ་གང་རུང་གི་སྒོ་ནས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་འཁོར་བ་འཇུག་ལྡོག་གི་རིམ་པ་གཙོ་བོར་བྱས་ནས་བཤད་པའི་ལྟ་གྲུབ་ཅིག་ལ་ངོས་འཛིན།  བཤད་པ་འདི་དག་གི་སྒོ་ནས་ནང་པའི་གྲུབ་མཐའ་ཀུན་ལ་སྦྱར་ན་སྦྱར་ས་ཡོད་པ་ཞིག་འདུག་སྙམ། ཚད་མ་རིག་པའི་ལྟ་གྲུབ་འཇོག་པའི་དགོས་པ་ནི་གྲུབ་མཐའ་སྨྲ་བ་རང་རང་གིས་མ་རྟོགས་པ་དང་ལོག་པ་རྟོག་པ་སོགས་ལྡོག་པའི་དོན་དང་མཐར་མངོན་མཐོ་ངེས་ལེགས་འགྲུབ་པའི་ཆེད་དུ་ཡིན།  དེས་ན་ཚད་མ་རིག་པ་ནི་རིག་གནས་ཆེ་བ་ལྔ་ལས་གལ་འགངས་ཆེ་ཤོས་སུ་གྱུར་ཡོད་པས་དེང་གི་ཆར་འདི་ལ་འབོད་པའི་རྟོག་གེ་བ་དང་བློ་གསལ་བ་གྲངས་ལས་འདས་པར་གྱུར་ཡོད།  མཐའ་དོན་ནི། གོང་གི་བཤད་པ་དེ་དག་མ་ཤེས་པ་དང་ཤེས་ཀྱང་ལྷག་པ་དང་ཆད་པ་སོགས་ཀྱིས་ནོར་བ་ཤོར་སྲིད་པས་མཁྱེན་ལྡན་གྱི་བསམ་བློ་བ་དང་། རིགས་པ་སྨྲ་བ་ཀུན་ལ་སྙིང་ནས་བཟོད་གསོལ་ཞུ་བ་དང་།  དགེ་བ་ཙམ་མཆིས་ན་སྐྱེས་འགྲོ་ལུས་ཅན་ཀུན་གྱི་རེ་སྐོང་ཡོངས་སུ་འགྲུབ་པའི་རྒྱུ་རུ་འགྱུར་བར་ཤོག།  །།
སྤྱི་ལོ་༢༠༡༥  སྤྱི་ཟླ་ ༡༡ ཚེས་༢ ཉིན།      


ཚན་རིག་གི་ཐ་སྙད་བྱུང་རིམ།
དཔྱད་བརྗོད་པ། ཨེ་མོ་རི་སློབ་ཐོན་པ་དགེ་ལེགས་རྒྱལ་མཚན། བསོད་ནམས་ཆོས་འཕེལ།

དབྱིན་སྐད་དུ་ཚན་རིག་ལ་ (science) སེ་ཡྭན་སི་ཞེས་ཟེར་ཞིང་ཐ་སྙད་དེའི་འབྱུང་ཁུངས་ནི་ལ་ཊིན་གྱི་ (scientia) ཞེས་པ་འདི་ཉིད་ཡིན་ཞིང་དེའི་གོ་དོན་ནི་ཤེས་རིག་གམ་གོ་རྟོགས་ཞེས་པར་འཇུག དུས་རབས་བཅུ་དགུའི་བར་དུ་ནུབ་ཕྱོགས་སུ་སེ་ཡྭན་སི་ཞེས་པའི་ཚབ་ཏུ་རང་བྱུང་ལྟ་གྲུབ་རིག་པ་ (NaturalPhilosophy)  ཞེས་འབོད་ཅིང་ཚན་རིག་དེ་ལྟ་གྲུབ་ཀྱི་ཆ་ཤས་ཤིག་ཏུ་བརྩི་ཀྱིན་ཡོད། དུས་རབས་བཅུ་དགུ་པ་ནས་བཟུང་སྟེ་ལྟ་གྲུབ་དང་ཚན་རིག་གཉིས་སོ་སོར་གྱེས་འགོ་རྩོམ་སྟེ་སེ་ཡྭན་སི་ཞེས་པའི་ཐ་སྙད་རང་རྐྱ་བ་ཞིག་དང་། རིག་གནས་རང་རྐྱ་བའི་སྡེ་ཚན་གསར་པ་ཞིག་དར། བོད་སྐད་དུ་ཚན་རིག་ཅེས་པའི་ཐ་སྙད་འདི་སུས་ནམ་ཞིག་ཏུ་གསར་བཟོ་བྱས་མིན་སྐོར་གྱི་ཁུངས་ཐུབ་ཀྱི་བཤད་པ་མ་མཐོང་། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་ནང་དུ་མཁས་དབང་དགེ་ཆོས་ཀྱིས་ཚན་རིག་གི་བཤད་པ་བྱེད་དུས་རིག་གསར་དང་ནུབ་ཕྱོགས་པའི་རིག་གསར་ཞེས་པའི་ཐ་སྙད་དེ་དག་སྤྱད་ཡོད། ཚན་རིག་ཅེས་པ་དཔྱད་གཞིའི་དངོས་པོ་རྣམས་ཚན་པའམ་སྡེ་ཚན་དུ་ཕྱེ་ནས་རྟོག་ཞིབ་བྱེད་པས་ཚན་རིག ཅེས་ཟེར་མཁན་ཡོད་ཀྱང་ད་དུང་དོན་དུ་གནས་མིན་དཔྱད་དགོས་པར་སྣང་། 
   འོ་ན་ཚན་རིག་ཅེས་པའི་གོ་དོན་དངོས་དེ་གང་རེད་དམ། ཚན་རིག་ཅེས་པ་ཅི་ཞིག་ལ་ངོས་འཛིན་བྱ་དགོས་སམ། དེ་ནི་སྦྱངས་སྟོབས་སམ་ལག་ལེན་གྱི་སྦྱོང་བརྡར་ལ་བརྟེན་ནས་ཐོབ་པའི་གོ་རྟོགས་ལ། Webster's New Collegiate Dictionary ཞེས་པའི་ཚིག་མཛོད་དུ་འགྲེལ་འདུག དེའི་ལྟར་ན་ཚན་རིག་ཅེས་པ་གྲུབ་འབྲས་ཞིག་ལ་གོ་སྟེ་དཔེར་ན་ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་སྐར་རྣམས་ཇི་ལྟར་འཁོར་བསྐྱོད་བྱེད་པའི་དངོས་དོན་ལྟ་བུ་རེད། གཞན་ཡང་ཚན་རིག་གི་གོ་དོན་འཇོག་ཚུལ་གཞན་ཞིག་ཡོད་པ་ནི་རྟོག་ཞིབ་དང་བརྟག་དཔྱད་ཀྱི་ལམ་ནས་རང་བྱུང་འཇིག་རྟེན་གྱི་གནས་ལུགས་ལ་དཔྱོད་པའི་ཐབས་ལམ་ཞིག་ལ་ཟེར། འདོད་ཚུལ་དེའི་ལྟར་ན་ཚན་རིག་ཅེས་པ་གྲུབ་འབྲས་གང་ཞིག་འཐོབ་བྱེད་ཀྱི་ཐབས་ལམ་ཞིག་ལ་གོ་བས། དཔེར་ན། ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་སྐར་རྣམས་ཇི་ལྟར་འཁོར་བ་ལ་དཔྱོད་པའི་ཚན་རིག་གི་ཐབས་ལམ་དག་རེད།  
              
ཚན་རིག་དར་རིམ།
ཚན་རིག་འདི་དུས་ནམ་ཞིག་ནས་དར་བ་རེད་ཅེ་ན། འདིའི་ཐད་བཤད་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་མཐའ་གཅིག་ཏུ་འདི་རེད་ཅེས་ཁ་ཚོན་གཅོད་དཀའ་བར་སྣང་། སྤྱི་ཡོངས་ཀྱི་འདོད་ཚུལ་ལྟར་ན་ཕྱི་ལོ་སྔོན་ ༤༩༤ ནས་ ༤༣༤ བར་དུ་བྱུང་བའི་གྷི་རི་སིའི་མཁས་པ་རྣམས་ཀྱིས་གཟུགས་ཅན་གྱི་འཇིག་རྟེན་འདི་འབྱུང་བ་བཞི་དང་ལྔ་ལས་གྲུབ་ཡོད་པའི་བཤད་ཚུལ་དག་ཚན་རིག་གི་བཤད་པ་སྔ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་གོང་དུ་བཤད་པ་ལྟར་སྐབས་དེ་དག་ཏུ་ཚན་རིག་ཅེས་པའི་ཐ་སྙད་ཙམ་ཡང་བྱུང་མེད་པས་བེམ་གཟུགས་རྣམས་འབྱུང་བ་བཞི་ལས་གྲུབ་ཚུལ་དང་གཟའ་སྐར་གྱི་འཁོར་བསྐྱོད་སོགས་ཀྱི་དཔྱད་པ་དེ་དག་ལྟ་གྲུབ་ཀྱི་ཆ་ཤས་ཤིག་ཏུ་བརྩིས་ཏེ་རང་བྱུང་ལྟ་གྲུབ་རིག་པ་ཞེས་འབོད་ཡོད། དུས་རབས་གཉིས་པར་ཊོ་ལེ་མེ་ (Ptolemy) མི་ཞིག་གིས་སའི་གོ་ལ་ཉི་མའི་ཁྱིམ་རྒྱུད་ཀྱི་དབུས་སུ་གནས་ཤིང་ཉི་མ་དང་རྒྱུ་སྐར་གཞན་རྣམས་ཀྱིས་སའི་གོ་ལའི་མཐའ་ནས་བསྐོར་ཏེ་རྒྱུ་བ་བཞིན་ཡོད་པའི་འཛམ་གླིང་དབུས་གནས་ཀྱི་འདོད་ཚུལ་ཐོག་མར་སྲོལ་བཏོད་ཡོད། དེ་ནས་བཟུང་སྟེ་དུས་རབས་བཅུ་དྲུག་པའི་བར་དུ་ཚན་རིག་གི་དཔྱད་ཐབས་དང་རྣམ་གཞག་སོགས་ཀྱི་ཐད་ལ་འཕེལ་རྒྱས་ཆེ་བ་གང་ཡང་བྱུང་མེད་པར་སྣང་། 
    དུས་རབས་བཅུ་དྲུག་པར་ཀོ་པར་ནི་ཀ་སི་ (Copernicus 1473-1543) ཞེས་པའི་ཚན་རིག་པ་ཞིག་གིས་འཛམ་གླིང་དབུས་གནས་ཀྱི་འདོད་ཚུལ་དེ་བཀག་ནས་ཉི་མ་དབུས་གནས་ཀྱི་རྣམ་གཞག་ཐོག་མར་སྲོལ་བཏོད། འདི་ནི་ཚན་རིག་ལོ་རྒྱུས་ནང་གི་དཀྱོགས་མཚམས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་རྒྱུ་མཚན་དུ་མའི་དབང་གིས་རང་ཉིད་ཀྱི་འདོད་ཚུལ་རྣམས་འཆི་ཁར་མ་གཏོགས་དཔར་བསྐྲུན་དང་ཁྱབ་སྤེལ་བྱས་ཐུབ་མེད། ཕྱིས་སུ་ཕྱི་ལོ་ ༡༦༡༦ ཙམ་ལ་ཡེ་ཤུ་ཆོས་ལུགས་ཀྱི་ཐོག་ནས་ཉི་མ་དབུས་གནས་ཀྱི་རྣམ་གཞག་དེ་དངོས་དོན་འགལ་ཞིང་ཆོས་ལུགས་དང་མི་མཐུན་པའི་“ལོག་ལྟ་”ཡིན་པར་ཡོངས་ཁྱབ་ཀྱི་གསལ་བསྒྲགས་བྱས་ཡོད། ཕྱི་ལོ་ ༡༦༣༢ ལོར་གྷེ་ལེ་ལེ་འོ་ཞེས་པའི་ཚན་རིག་པ་ཞིག་གིས་འཇིག་རྟེན་གྱི་མ་ལག་གཙོ་བོ་གཉིས་དང་འབྲེལ་བའི་གླེང་མོལ་ཞེས་པའི་དཔེ་དེབ་ཅིག་བརྩམས། དེའི་ནང་དུ་ཉི་མ་དབུས་གནས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད། ཕྱི་ལོ་ ༡༦༦༥ ཡི་ལོར་རཱོ་བྷར་ཊ་ (Robert Hook) ཞེས་པའི་ཚན་རིག་པ་ཞིག་གིས་ཕྲ་མཐོང་ཆེ་ཤེལ་སྤྱད་དེ་སྐྱེ་དངོས་རྩོམ་བྱེད་ཕྲ་ཕུང་སྐོར་གསར་རྙེད་བྱུང་སྟེ་དུས་རབས་བཅུ་བདུན་པའི་ནང་གི་ཚན་རིག་སྤྱི་དང་ལྷག་པར་སྐྱེ་དངོས་ཚན་རིག་གི་བྱུང་བ་ཆེས་གལ་ཆེ་ཤོས་ཤིག་ཏུ་བརྩི། 
     དུས་རབས་དེའི་ལོ་རབས་དྲུག་ཅུ་པའི་ནང་དུ་དབྱིན་ཇིའི་རྒྱལ་པོ་ཆྭར་ལེས་གཉིས་པ་ (CharlesII) ཞེས་པས་དབྱིན་ཡུལ་གྱི་ལྟ་གྲུབ་སྨྲ་བ་དང་རྩིས་རིག་པ་མང་པོ་བསྐངས་འགུགས་ཀྱིས་ Royal Society ཞེས་པའི་ཚོགས་པ་གསར་དུ་བཙུགས། དེ་ནི་ཚན་རིག་གི་ལོ་རྒྱུས་ཐོག་རྩ་འཛུགས་གལ་ཆེ་ཤོས་ཤིག་ཡིན་ཞིང་ད་ལྟའི་བར་དུ་ཚན་རིག་འཕེལ་རྒྱས་ཀྱི་ཐོག་ཤུགས་རྐྱེན་ཆེ་ཤོས་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
       དུས་རབས་བཅུ་བདུན་པའི་ནང་ཚན་རིག་པ་ནེའུ་ཊོན་ (Isaac Newton) གྱིས་རྩིས་རིག་དང་དངོས་ཁམས་རིག་པ་གཉིས་ཀའི་གཞུང་ལུགས་གསར་བརྩམས་དང་གནས་ལུགས་གསར་གཏོད་ཀྱི་ཐོག་ནས་ཚན་རིག་འཕེལ་རྒྱས་ཀྱི་ཐད་བྱས་རྗེས་རླབས་ཆེན་བཞག་པར་བརྟེན་ད་ལྟ་ཡང་མིའི་ལོ་རྒྱུས་ཀྱི་ནང་གི་ཚན་རིག་པ་གལ་ཆེ་ཤོས་ཤིག་ཡིན་པར་རྩོད་མེད་ཡོངས་གྲགས་ཡིན། ཁོང་ཚན་རིག་མཁས་དབང་དང་རྣམ་དཔྱོད་ལྡན་པའི་མི་སྣ་ཞིག་ཡིན་ཡང་མི་གཤིས་ཀྱི་ཆ་ནས་ངན་གྲགས་ཡོད་པ་ཞིག་རེད། རླུང་ཚ་པོ། མི་གཞན་དང་བསྟུན་གཤིབས་མི་མཁས་ཤིང་ལྷག་པར་རང་ཉིད་ཀྱི་འདོད་ཚུལ་དང་མི་མཐུན་པའི་མཁས་པ་ལ་དངོས་ཤུགས་རྒྱུད་གསུམ་ནས་གནོན་ཤུགས་སྤྲོད་མཁན་ཞིག་རེད། 
ཆོས་ཚན་བར་གྱི་འགལ་ཟླ།
  སྤྱིར་ཆོས་ལུགས་དང་ཚན་རིག་གཉིས་ཀའི་དོན་དམ་པའི་དམིགས་ཡུལ་ནི་འགྲོ་བ་མི་ལ་བདེ་སྐྱིད་བསྐྲུན་རྒྱུ་འདི་ཡིན་མོད། འོན་ཀྱང་ནུབ་ཕྱོགས་སུ་ཚན་རིག་གི་བསམ་བློ་གསར་པའི་མགོ་རྩོམ་པ་ནས་བཟུང་ཆོས་དང་ཚན་རིག་གི་བར་དུ་འགལ་ཟླ་བྱུང་ཡོད། དཔེར་ན། ཁེ་ཐོ་ལིག་ཡེ་ཤུ་ཆོས་རྒྱུད་འཛིན་མཁན་དང་གྷེ་ལེ་ལེ་འོ་ཡི་བར་གྱི་འགལ་ཟླ་ལྟ་བུ་རེད། དེ་ཡང་གྷེ་ལེེ་ལེ་འོ་ནས་ཁོ་པར་ནི་ཁ་སིའི་བསམ་ཚུལ་ཏེ། ཉི་མ་དབུས་གནས་ཀྱི་ལྟ་གྲུབ་སོགས་རྒྱུད་འཛིན་བྱས་ཤིང་སྟོན་པ་ཡེ་ཤུའི་གསུང་འབུམ་གྱི་ལེའུ་དང་པོའི་ནང་གི་འཇིག་རྟེན་ཆགས་ཚུལ་རྣམས་རིག་པ་དང་འགལ་ཞིང་དངོས་ཡོད་དང་མི་མཐུན་པར་ཤུགས་ཆེར་བསྒྲུབས་ཡོད།
  སྤྱི་ལོ་ ༡༦༣༣  ལོར་ཆོས་ལུགས་ཀྱི་བཙན་ཤེད་འོག་གྷ་ལི་ལི་འོ་ནས་རང་ཉིད་གྱི་ལྟ་གྲུབ་རྣམས་མི་འདོད་བཞིན་དུ་ནོར་འདུག་ཅེས་དམངས་ཁྲོད་དུ་གསལ་བསྒྲགས་བྱེད་དགོས་བྱུང་བ་མ་ཟད་ཁོ་ལ་འགྲོ་འདུག་གི་རང་དབང་མེད་པར་ཚེ་སྨད་གང་པོར་ལོ་ཕུ་ལོ་རེན་སི་ཞེས་པའི་གྲོང་ཁྱེར་དུ་བཟང་བཙོན་གྱི་ངང་དུ་སྐྱེལ་དགོས་བྱུང་ཡོད། སྤྱིར་གྷ་ལི་ལི་འོ་ཡེ་ཤུ་ཆོས་ལུགས་པ་ཞིག་ཡིན། ཁོས་ཡེ་ཤུའི་གསུང་རབ་ལེའུ་དང་པོར་བཤད་པའི་འཇིག་རྟེན་ཆགས་རིམ་གྱི་རྣམ་བཞག་སོགས་ཁས་ལེན་བྱེད་ཀྱི་མེད་ཀྱང་། ཁོས་འཇིག་རྟེན་གྱི་ཁམས་འདི་ནི་དཀོན་མཆོག་གི་སྐོར་གསལ་བར་བསྟན་པའི་དཔེ་དེབ་གལ་ཆེ་ལྟ་བུ་ཞིག་ཏུ་ངེས་འཛིན་བྱས་ཤིང་། ང་ཚོ་ལ་དཀོན་མཆོག་གི་མཁྱེན་པ་དངོས་སུ་རྟོགས་པའི་ནུས་པ་མེད་པས་དེ་རྟོགས་པའི་ཐབས་ལམ་གཞན་ཞིག་བསྟེན་དགོས་ཀྱི་ཡོད། དེ་ཡང་འཇིག་རྟེན་གྱི་ཁམས་འདི་དཀོན་མཆོག་གིས་དངོས་སུ་བཀོད་པ་ཡིན་པས་ང་ཚོས་འཇིག་རྟེན་ཁམས་གྱི་གནས་ཚུལ་ངོ་མ་ཤེས་ཐུབ་ཚེ། ད་གཟོད་ང་ཚོ་ལ་དཀོན་མཆོག་གི་མཁྱེན་པ་རྟོགས་པའི་རེ་བ་ལྡན་ཡོད། 
   ཁོས་རང་གི་ཕ་སྐད་ནི་དཀོན་མཆོག་གིས་སྐད་ཡིག་མིན་པར་གསལ་ཏེ། དཀོན་མཆོག་གི་སྐད་ཡིག་ནིའགྲོ་བ་ཡོངས་ཀྱིས་གོ་ཐུབ་པ་ཞིག་དགོས་ཀྱང་ཨི་ཊི་ལིའི་སྐད་ཡིག་ནི་ཡུལ་ལུང་གཞན་དག་གིས་མི་ཤེས་པར་མངོན་སུམ་ཡིན། དོན་དངོས་སུ་དཀོན་མཆོག་གི་སྐད་ཡིག་ཅེས་པ་ཞིག་ཡོད་དམ། གལ་སྲིད་ཡོད་ཚེ་དེ་ནི་ལུང་ཚན་བྱེ་བྲག་པ་ཞིག་གི་སྐད་ཡིག་ནམ་ཡང་མི་རུང་བར་འཇིག་རྟེན་སྤྱི་ཁྱབ་ཀྱི་སྐད་ཡིག་ཅིག་ཡིན་དགོས། ཁོས་ཨང་རྩིས་རིག་པ་ནི་དཀོན་མཆོག་གི་སྐད་ཡིག་ཡིན་པར་ངེས་ཏེ། འཛམ་གླིང་ཤར་ནུབ་ཀྱི་རྩིས་རིག་ལ་ཁྱད་པར་མེད་ཅིང་ཀུན་གྱིས་གོ་ནུས་པའི་ཕྱིར། 
   ཁོ་པར་ནི་ཁ་སིས་འཛམ་གླིང་དབུས་གནས་མིན་པར་ཉི་མ་དབུས་སུ་གནས་ཤིང་། དེ་ལ་འཛམ་བུ་གླིང་དང་། དེ་མིན་གྱི་གཟའ་གཞན་རྣམས་ཀྱིས་འཁོར་བསྐྱོད་བྱེད་བཞིན་ཡོད་པར་ཤེས་རྟོག་བྱུང་ཤིང་། དེའི་སྐོར་ཡིག་ཐོག་ཏུ་ཕབ་ཀྱང་ཆོས་ལུགས་ཀྱི་བཙན་ཤེད་ལ་འཇིགས་ཏེ་དེབ་ཐེར་དུ་དཔར་བསྐྲུན་བྱས་ཐུབ་མེད། ཁོང་གྲོངས་བའི་རྗེས་སུ་རྗེས་འཇུག་རྣམས་ཀྱིས་པར་བསྐྲུན་བྱས་ཏེ་སྤྱི་ཚོགས་སུ་དར་ཁྱབ་ཆེན་པོ་བྱུང་ཡོད།  གྷ་ལི་ལི་འོ་མ་བྱུང་བའི་སྔ་རོལ་དུ་གྷུ་རི་སིའི་མཁས་དབང་ཨེ་རིས་ཊོལ་ཊལ་དང་། ཊོ་ལེ་མི། ཁོ་པར་ནི་སི་སོགས་ཀྱིས་ཉི་མ་དང་། འཛམ་གླིང་། ཟླ་བ། གཟའ་རྣམས་ཀྱི་འཁོར་བསྐྱོད་དང་། བཟོ་དབྱིབས་སོགས་ཀྱི་སྐོར་བཤད་པའི་ལྟ་གྲུབ་སྣ་ཚོགས་ཡོད་ཀྱང་། ཚན་རིག་པ་དང་། ལྟ་གྲུབ་སྨྲ་བ་ཚོས་དེང་རབས་ཀྱི་ཚན་རིག་འདི་གྷ་ལི་ལི་འོ་ནས་མགོ་འཛུགས་ཡོད་པར་ངེས་འཛིན་བྱས་ཡོད། དེ་ཡང་གྷ་ལི་ལི་འོ་ནས་ཨང་རྩིས་ཀྱི་ལམ་ནས་དངོས་པོའི་འགུལ་ཤུགས་གཏན་ལ་ཕབ་པ་དང་། རྒྱང་ཤེལ་གསར་བཟོ་བྱས་པ། ཉི་མའི་ཁྱིམ་རྒྱུད་ཀྱི་དཔེ་གཟུགས་བཀོད་པ། རྒྱང་ཤེལ་བརྒྱུད་གཟའ་ཕུར་བུ་ལ་འཁོར་བསྐྱོད་བྱེད་པའི་ཟླ་བ་བཞི་ཡོད་པ་ཤེས་པ་སོགས་རླབས་ཆེན་གྱི་བྱ་བཞག་དུ་མ་བསྒྲུབས་ཡོད་པས་སོ། 
དེང་ཕྱིས་སུ་ཆོས་ལུགས་དང་ཚན་རིག་བར་ཀྱི་འགལ་ཟླ་ཆེ་ཤོས་གཞན་ཞིག་ནི་དབྱིན་ཇིའི་ཚན་རིག་པ་ཌར་ཝིན་གྱིས་སྤྱི་ལོ ༡༨༥༩ ལོར་ཉེ་རིགས་ཀྱི་འབྱུང་ཁུངས་ཞེས་པའི་དཔེ་དེབ་ཅིག་པར་བསྐྲུན་བྱས་རྗེས་དབྱིན་ཡུལ་གྱི་ཡེ་ཤུའི་ཆོས་ལུགས་པ་ཚོས་དགག་པ་ཤུགས་ཆེར་བྱས་ཡོད།  དཔེ་དེབ་དེས་འགྲོ་བ་མི་དང་། དུད་འགྲོ། འབུ་སྲིན། རྩི་ཤིང་རྣམས་ཐོག་མ་འབྱུང་སའི་མེས་པོ་གཅིག་ཡིན་ཀྱང་། ད་ལྟ་ང་ཚོས་མངོན་སུམ་དུ་མཐོང་བ་བཞིན་དེ་དག་གི་དབྱིབ་ཀྱི་བཀོད་པ་དང་། བྱེད་ལས། སྤྱང་ཀྲུང་ལྡན་མིན་གྱི་རིགས་སྣ་ཚོགས་ཤིག་བྱུང་བ་ནི། ལོ་ངོ་ས་ཡ་མང་པོའི་དུས་ཡུན་གྱི་ཁྲོད་དུ་སྲོག་ཆགས་སོ་སོ་གནས་སའི་ཁོར་ཡུག་ལ་འགྱུར་བ་མི་འདྲ་བ་སོང་བའི་རྐྱེན་གྱིས་ཡིན་པར་བསྒྲུབས་ཡོད། རྣམ་བཞག་དེར་འཕེལ་འགྱུར་རིག་པ་ཞེས་འབོད་ཅིང་། འཕེལ་འགྱུར་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རང་བྱུང་འདེབས་སྒྲུགས་ཡིན། རང་བྱུང་འདེབས་སྒྲུག་ཅེས་པ། དཔེར་ན། མཐོ་སྒོར་གནས་པའི་བོད་ཀྱི་འབྲོག་ཁྱི་རྣམས་ལ་སྤུ་འཐུག་པོ་དང་། ཚ་བ་ཆེ་བའི་རྒྱ་གར་ལྷོ་ཕྱོགས་ཀྱི་ཁྱི་རྣམས་ལ་སྤུ་འཐུག་པོ་མེད་པ་ལྟ་བུ་རེད། ཁྱི་གཉིས་པོའི་སྤུ་ལ་འཐུག་སྲབ་བྱུང་བ་ནི་དཀོན་མཆོག་གིས་བཀོད་པ་ཞིག་མིན་པར་ཁྱི་གཉིས་གནས་སའི་ཁོར་ཡུག་ལ་ཚ་གྲང་ཆེ་ཆུང་གི་ཁྱད་པར་ལས་བྱུང་བ་ཞིག་ཡིན། ཌ་ཝེན་གྱིས་སྐྱེ་དངོས་རྣམས་ཀྱི་ཐོག་མའི་འབྱུང་སའི་མེས་པོ་གཅིག་ཡིན་པའི་ཁུངས་སྐྱེལ་འགྱུར་རྡོ་རྣམས་ཡིན། དེང་གི་དུས་སུ་ནི་ཡེ་ཤུའི་གྲྭ་པ་མེན་ཌལ་གྱིས་རྙེད་པའི་རིགས་རྫས་ཀྱི་རྣམ་བཞག་དེ་འཕེལ་འགྱུར་རིག་པའི་ཁུངས་གཙོ་བོ་ཞིག་ཏུ་ངེས་འཛིན་བྱེད་ཀྱི་ཡོད། ཌ་ཝེན་དང་མེན་ཌལ་གཉིས་དུས་ཚོད་གཅིག་ཏུ་བྱུང་ཡོད་ཀྱང་ཁོང་གཉིས་ཐུག་འཕྲད་བྱུང་བའི་ལོ་རྒྱུས་མེད་པ་མ་ཟད། གཅིག་གི་ལྟ་གྲུབ་ཅིག་ཤོས་ཀྱིས་ཤེས་པའི་ལོ་རྒྱུས་ཀྱང་རྙེད་ཀྱི་མེད། འཕེལ་འགྱུར་གྱི་ལྟ་ཚུལ་འདི་ཡེ་ཤུའི་གསུང་རབ་དང་རྩ་བ་ནས་མཐུན་གྱི་མེད། དེས་ན་ཡེ་ཤུའི་ཆོས་ཁས་ལེན་མཁན་ཞིག་གིས་ཌ་ཝེན་གྱི་ལྟ་གྲུབ་ནམ་ཡང་ཁས་ལེན་ཐུབ་ཀྱི་མེད།
ཡུ་རོབ་ཕྱོགས་སུ་ཆོས་ལུགས་དང་ཌ་ཝེན་གྱི་ལྟ་གྲུབ་བར་འགལ་ཟླ་བྱུང་བ་མ་ཟད། ཨ་རི་སྤྱི་མཐུན་རྒྱལ་ཁབ་སྤྱི་དང་། ཁྱད་པར་དུ་ཨ་རིའི་ལྷོ་ངོས་ཀྱི་མངའ་སྡེ་རྣམས་སུ་ཁྱབ་སྤེལ་རིང་ལུགས་ཀྱི་ཡེ་ཤུ་གསར་མ་རྣམས་ཀྱིས་འཇིག་རྟེན་གསར་བཀོད་ཀྱི་རྣམ་བཞག་ངེས་དོན་དུ་བསྒྲུབ་ཆེད་ཌ་ཝེན་གྱི་ལྟ་གྲུབ་འཁྲུལ་བར་བསྒྲུབ་པའི་ཐབས་ཤེས་ཡོད་རྒུ་བྱས་ཡོད། ཁོ་ཚོར་བཀོད་གྲུབ་རིང་ལུགས་པ་ཞེས་འབོད་ཅིང་། མི་འབོར་གྱི་ཆ་ནས་ལོ་ཚོད་ཟིན་པའི་བརྒྱ་ཆ་ ༤༠ ཡས་མས་ཀྱིས་ཟིན་ཅིང་། དེ་ནི་སྦིར་ཊེན་དང་ཡུ་རོབ་ནང་གི་གྲངས་འབོར་ལས་ཧ་ཅང་གིས་ཆེ་བ་ཡོད། བཀོད་གྲུབ་རིང་ལུགས་པ་རྣམས་ལ་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་བས་ཨ་རིའི་སློབ་གྲྭ་རྣམས་སུ་སྐྱེ་དངོས་ཚན་རིག་གི་སློབ་ཁྲིད་བྱེད་པ་ལ་འགོག་རྐྱེན་ཤུགས་ཆེན་སྤྲད་དང་སྤྲོད་མུས་ཡིན། སྤྱིར་ཨ་རི་ནི་ཚན་རིག་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་མོད། འོན་ཀྱང་ཨ་རི་བ་ཆེས་མང་པོ་ཞིག་ལ་ཌ་ཝིན་ལྟ་གྲུབ་ཀྱི་སྐོར་ལ་རྒྱུས་མངའ་རྩ་བ་ནས་མེད།  འདི་ནི་ཨ་རི་ཚན་རིག་པ་ཚོས་ཨ་རི་བ་རྣམས་ངོ་ཚ་དགོས་པའི་གནས་ཤིག་ཏུ་ངེས་འཛིན་བྱེད་བཞིན་ཡོད།
ལོ་རབས་དྲུག་ཅུའི་ནང་དུ་བཀོད་གྲུབ་རིང་ལུགས་པ་དང་། ཌར་ཝིན་རྗེས་འཇུག་གི་བར་དུ་འཐབ་རྩོད་ཀྱི་རྣམ་པ་གསར་པ་ཞིག་ལངས་མགོ་རྩོམ་སྟེ། བཀོད་གྲུབ་ཚན་རིག་ཅེས་པའི་ལས་འགུལ་ཞིག་ཀྱང་ཐོན་ཡོད། ལས་འགུལ་དེས་ཨ་རིའི་མཐོ་རིམ་སློབ་གྲྭར་འགྲིམ་པའི་སློབ་ཕྲུག་ཚོས་ཡེ་ཤུའི་གསུང་རབ་ཀྱི་བྱུང་རབ་ལེའུ་ནང་གི་དཀོན་མཆོག་གིས་འཇིག་རྟེན་གསར་བཀོད་ཇི་ལྟར་བྱེད་ཚུལ་སྐོར་ལ་སྦྱོང་དགོས་པའི་འབད་བརྩོན་ཆེན་པོ་བྱས་ཡོད། འོན་ཀྱང་གཞུང་གིས་དེང་རབས་ཀྱི་སློབ་གྲྭའི་ནང་དུ་ཆོས་ལུགས་ཀྱི་སློབ་ཁྲིད་བྱ་རྒྱུར་བཀག་སྡོམ་བྱས་ཡོད། བཀོད་གྲུབ་ཚན་རིག་གི་འདོད་ཚུལ་ནི་ཌ་ཝེན་གྱིས་བཤད་པའི་སྲོག་ཆགས་བྱུང་རིམ་ལ་ཁུངས་མེད་ཅིང་དོན་ལ་མི་གནས་ཏེ།  ཌ་ཝེན་ཀྱིས་ཁུངས་སྐྱེལ་ས་འགྱུར་རྡོ་ཡིན་ཡང་དེས་སྲོག་ཆགས་རྣམས་ཀྱི་ཐོག་མའི་འབྱུང་ཁུངས་གཅིག་ཡིན་པར་ནམ་ཡང་བསྒྲུབ་ཐུབ་ཀྱི་མེད། དེ་ཡང་འཕེལ་འགྱུར་རིག་པས་བཤད་པ་ལྟར་སྲོག་ཆགས་ཆུང་བའི་རིགས་ལ་འཕེལ་འགྱུར་བྱུང་སྟེ་ཆེ་བའི་རིགས་བྱུང་བ་ཡིན་དུ་ཆུག་ཀྱང་། ད་ལྟའི་བར་དུ་འབུ་སྲིན་རིགས་ཀྱི་འགྱུར་རྡོ་དང་། ཆེ་བ་རྟ་སོགས་ཀྱི་འགྱུར་རྡོ་རྙེད་ཡོད་ཀྱང་སྲོག་ཆགས་ཆུང་བ་དང་ཆེ་བའི་བར་གྱི་མཐུད་ཁ་རྒྱབ་མཁན་སྲོག་ཆགས་གཞན་ཞིག་གི་འགྱུར་རྡོ་མ་རྙེད་པ་འདིས་འཕེལ་འགྱུར་རིག་པ་མི་འཐད་པར་གསལ་བར་བསྟན་ཡོད་ཟེར། དེས་ན་བྱུང་རབས་ལེའུ་ནང་གི་འཇིག་རྟེན་གསར་བཀོད་ཀྱི་རྣམ་བཞག་འདི་ལ་རིགས་པ་ལྡན་དང་ཞིང་ས། ཚན་རིག་དང་མཐུན་པས་དེ་ཉིད་དེང་རབས་སློབ་ཚན་གྱི་གྲས་སུ་འཇོག་དགོས་པའི་འབད་པ་ཆེན་པོ་བྱས་དང་བྱེད་མུས་ཡིན།

རྣམ་ཤེས་སྐོར་གྱི་འདོད་ཚུལ་བྱུང་རིམ།
གནའ་བོའི་ཡིག་རྙིང་སོགས་ལས་ནུབ་ཕྱོགས་ཨི་ཇེབ་ཤེ་ཡི་སྨན་པ་ཚོས་སྨན་བཅོས་བརྒྱུད་ཀླད་པས་ལུས་ལ་ཤུགས་རྐྱེན་བྱེད་ཀྱི་ཡོད་པའི་སྐོར་ལ་བསམ་ཚུལ་བྱུང་ཡོད། འོན་ཀྱང་དམངས་ཡོངས་ཀྱིས་བདག་དང་། ཚོར་བ། རྣམ་ཤེས་སོགས་གནས་སའི་ལྟེ་བ་ནི་སྙིང་ཡིན་པར་ངེས་འཛིན་བྱས་ཡོད། མི་ཤི་བའི་རྗེས་སུ་སྙིང་རྒྱ་མའི་ནང་བཀྱག་ནས་སྙིང་གི་ལྕི་ཚད་ལ་གཞིགས་ཏེ་དགེ་སྡིག་གི་དབྱེ་འབྱེད་བྱེད་སྲོལ་ཡོད་འདུག ལྟ་ཚུལ་གཉིས་པོ་མི་མཐུད་དེ་གནས་ཤིང་། སྤྱི་ལོ ༡༢༠༠ ལོའི་རྗེས་སུ་ནུབ་ཕྱོགས་གྷི་རི་སིའི་ལྟ་གྲུབ་སྨྲ་བ་ཚོའི་དབར་དུ་དེ་དག་གི་སྐོར་ལ་རྩོད་གླེང་དུ་མ་བྱུང་ཡོད། དཔེར་ན། ལྟ་གྲུབ་སྨྲ་བ་པི་ལེ་ཊ་ནས་རྣམ་ཤེས་གནས་ཡུལ་ཀླད་པ་ཡིན་པར་ངེས་འཛིན་བྱས་ཡོད་ཀྱང་། ཁོང་གི་དགེ་ཕྲུག་ཨོ་རེ་སི་ཊོ་ཊལ་ཡིས་དེ་དགག་སྟེ། ཀླད་པའི་བྱེད་ལས་ནི་ལུས་ཀྱི་ཚ་གྲང་མཉམ་སྒྲིག་བྱེད་པ་ཙམ་ལས་རྣམ་ཤེས་གནས་པའི་རྟེན་མིན་པར། ཨི་ཇེབ་ཤེའི་གདོད་མའི་མི་དམངས་ཀྱིས་ཁས་ལེན་པ་ལྟར་རྣམ་ཤེས་དང་། བདག་དང་། མྱོང་ཚོར་སོགས་ཀྱི་གནས་ངོ་མ་སྙིང་ཡིན་པར་བསྒྲུབས་ཡོད། སྤྱིར་ཨེ་རི་ཊོ་ཊལ་ནི་ནུབ་ཕྱོགས་ཀྱི་ཚན་རིག་པ་གཙོ་བོ་ཞིག་ཏུ་ངེས་འཛིན་བྱས་ཀྱི་ཡོད། 
   ཁོང་གི་རྩོམ་ཤོག་སོགས་དར་ཁྱབ་ཆེན་པོར་སོང་ནས་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ཚད་མཐོ་རང་བཞིན་ཅན་དུ་གྱུར། འོན་ཀྱང་ཁོང་གིས་སེམས་དང་། བདག ཚོར་བ་སོགས་གནས་སའི་རྟེན་སྙིང་ཡིན་པར་ངེས་འཛིན་བྱས་པའི་བསམ་ཚུལ་དེ་དེང་རབས་དང་མཐུན་གྱི་མེད། རྒྱ་མཚན་གང་ཞིག་ལ་བརྟེན་ནས་སྙིང་དེ་སེམས་ཁམས་ཀྱི་གནས་ཡིན་པར་ངེས་འཛིན་བྱས་པ་ཡིན་ནམ། ཕྱི་ལོ་བྱུང་ནས་དུས་རབས་བཞི་པ་ནས་དྲུག་པའི་དབར་རོ་མན་གྱི་དབང་བསྒྱུར་ཉམས་རྒུད་སོང་བ་དང་མཉམ་དུ། སྔོན་གྱི་ལྟ་གྲུབ་གྱི་གཞུང་ཆེན་མོ་དང་། ཚན་རིག་སོགས་ལ་དོ་སྣང་ཆུང་དུ་ཕྱིན་ཏེ། ལོ་མང་རིང་སེམས་ཚོར་སྐོར་གྱི་རྣམ་བཞག་རྣམས་ཆོས་ལུགས་སྨྲ་བ་ཚོའི་ཁྲོད་དུ་བཤད་བྱ་ཙམ་ལས། ཚན་རིག་གི་ལམ་ནས་ཞིབ་འཇུག་དང་། བརྟག་དཔྱད་སོགས་བྱས་ཐུབ་མེད། དེ་ནས་དུས་རབས་བཅོ་ལྔ་དང་བཅུ་དྲུག་ནང་དུ་གནའ་བོའི་ལྟ་གྲུབ་དང་ཚན་རིག་སོགས་བསྐྱར་དར་བྱས་མགོ་ཚུགས་ཡོད། 
    དེས་རྐྱེན་བྱས་ཏེ་དེང་རབས་ཀྱི་ཚན་རིག་གསར་དུ་དར་མགོ་རྩོམ་ཏེ། ཀླད་དང་སྙིང་སོགས་ལ་བརྟག་དཔྱད་དང་ཞིབ་འཇུག་རྒྱ་ཆེར་བྱས་ཡོད། ལྷག་པར་དེང་རབས་བཅུ་བདུན་གྱི་ནང་ཧྥི་རེ་སི་མཁས་པ་རེ་ན་ཌི་ཌེ་ཀ་ནས་དཔེ་རིས་ཀྱི་ལམ་ནས་ལུས་སེམས་ཁྱད་པར་གསལ་བར་བསྟན། ཁོང་གི་དཔེ་རིས་དེས་ལུས་དང་སེམས་ཀྱི་འབྲེལ་བ་བྱེད་མཁན་གཙོ་བོ་དེ་ཀླད་པའི་དབུས་ཀྱིས་ཐང་འབྲུ་རྨེན་བུ་ཡིན་པ་བསྟན་ཡོད། དེ་ཡང་ཀླད་པའི་ཆ་ཤས་གཞན་རྣམས་ལ་ཀླད་པའི་ཕྱོགས་གཉིས་ཀར་ཁྱབ་པའི་ཆ་རེ་ཡོད་ཅིང་། ཐང་འབྲུ་རྨེན་བུ་ལ་དེ་ལྟར་མེད་པར་ཀླད་པའི་དབུས་སུ་ཁེར་རྐྱང་དུ་གནས་ཡོད་པའི་རྒྱུ་མཚན་གྱིས་ཡིན་སྙམ་ཡོད། ཁོང་གི་བསམ་ཚུལ་དེ་ལ་ནུབ་ཕྱོགས་སུ་ལུས་སེམས་ཐ་དད་ཀྱི་ལྟ་གྲུབ་ཅེས་འབོད་ཅིང་ལོ་ངོ་ཉིས་བརྒྱ་ལྔ་ཅུ་ལྷག་ཙམ་རིང་ལ་དེ་ཉིད་ཚད་མ་རུ་ངེས་འཛིན་བྱས་ཡོད། 
   དེང་རབས་བཅུ་དགུའི་ནང་དུ་གསར་རྙེད་ཀྱི་གནད་དོན་གསུམ་བྱུང་སྟེ། སེམས་ཁམས་ཀྱི་གནས་གཙོ་བོ་ཀླད་པ་ཡིན་པའི་བསམ་ཚུལ་དེ་ཤུགས་ཆེ་རུ་སོང་ཡོད། གནད་དོན་དང་པོ་གློག་གསར་རྙེད་ལ་བརྟེན་ནས་བྱུང་བ་ཞིག་རེད། སྦལ་པའི་ལུས་ཀྱི་ཆ་ཤས་སོ་སོར་གློག་གི་བསྐུལ་རྐྱེན་བྱས་པ་ན་རྐང་ལག་སོགས་ངང་གིས་གཡོ་གིན་ཡོད་པ་ཤེས་པ་དང་། དེ་ནས་ཀླད་པ་ལའང་གློག་གི་བསྐུལ་རྐྱེན་བྱས་སྟེ་སེམས་ཚོར་གྱི་འགྱུར་བ་དང་། ལུས་ཀྱི་གཡོ་འགུལ་ཇི་ལྟ་བྱེད་མིན་ཐོག་ཞིབ་འཇུག་བྱས་སྟེ། ཀླད་པའི་ཆ་གང་ཞིག་གིས་ལུས་ལ་སྟངས་འཛིན་ནམ་དབང་བསྒྱུར་བྱེད་བཞིན་ཡོད་པ་ཤེས་རྟོགས་ཐུབ་ཡོད། གསར་རྙེད་ཀྱི་གནད་དོན་གཉིས་པ།  སེམས་ངལ་ཅན་དང་། ལུས་ཀྱི་དབང་པོ་ཉམས་པའི་མི་རྣམས་སྨན་བཅོས་བྱས་སྐབས་ཀླད་པའི་གནས་བྱེ་བྲག་པ་རྣམས་ལ་སྐྱོན་ཡོད་པ་རྙེད་སོན་བྱུང་བ་བརྒྱུད་དེ་ཤེས་རྟོགས་བྱུང་ཡོད། དཔེར་ན། ཧྥི་ནེ་སི་གྷེ་ཇིའི་ཀླད་པ་ལ་སྐྱོན་ཤོར་ཏེ་ཁོང་གི་གཤིས་ཀ་སྦད་དེ་འགྱུར་བ་སོང་བ་ལྟ་བུ་རེད། 
   ཁོང་སྤྱི་བཏང་མེ་འཁོར་ལས་བཟོ་བ་ཞིག་ཡིན་ཞིང་། རྒྱུན་ལྡན་གཤིས་རྒྱུད་ཧ་ཅང་འཇམ་པོ་དང་། གུང་ཡངས་ཤིག་ཡིན་མོད། འོན་ཀྱང་མེ་འཁོར་ལྕག་ལམ་བཟོ་སྐབས་ལྕག་འདའ་ཞིག་འཕར་སྟེ་ཁོང་གི་ཀླད་པར་ཟུགས་པའི་སྐྱོན་གྱིས་ཀླད་པའི་ཆ་མང་པོ་ཞིག་ནུས་མེད་དུ་གྱུར་ཡོད། དེས་ཁོང་གི་སྲོག་ལ་སྐྱོན་ཆ་མ་བྱུང་ཡང་། སྔར་དང་མི་འདྲ་བར་ཁོང་ཁྲོ་ཚ་པོ་དང་། ཞི་བདེ་ཕག་ཕེབས་མིན་པ་ཞིག་ཏུ་ཆགས་ཡོད། འདི་ནི་དབང་རྩ་ཚན་རིག་གི་ར་བའི་ནང་དུ་གནས་ཚུལ་གལ་ཆེན་ཞིག་ཏུ་ངེས་འཛིན་བྱས་བཞིན་ཡོད། 
   གསར་རྙེད་ཀྱི་གནད་དོན་གསུམ་པ། ལུས་ཀྱི་འདུས་རྡུལ་དང་། ཕྲ་ཕུང་། ཕུང་གྲུབ་སོགས་རྙེད་ཐུབ་པའི་འཕྲུལ་ཆས་གསར་བསྐྲུན་བྱས་ཤིང་། ཕུང་གྲུབ་སོགས་ལ་ཚན་བྱུགས་ནས་དབང་རྩ་ངེས་འཛིན་དང་། དེ་དག་གི་བྱེད་ལས་སོགས་ཤེས་རྟོགས་བྱུང་སྟེ། ཀླད་པ་ནི་དབང་རྩ་ཁྲི་ཕྲག་འདུས་པའི་ཆེས་རྙོག་འཛིན་ཅན་ཞིག་ཡིན་པ་ཤེས་ཡོད། དེར་བརྟེན་དབང་རྩའི་ཚན་རིག་ཅེས་ཚན་རིག་གི་སྡེ་ཚན་བྱེ་བྲག་པ་འདི་བྱུང་བ་རེད། དུས་ཡུན་གྱི་ཆ་ནས་དབང་རྩ་ཚན་རིག་དར་ནས་ལོ་ངོ་དེ་ཙམ་ཕྱིན་མེད་ཀྱང་ཡར་རྒྱས་ཀྱི་ཚད་ཧ་ཅང་མཐོན་པོར་སླེབས་ཡོད། དེང་གི་དུས་སུ་ EEG དང་། MRI དང་། ལ་སོགས་པའི་འཕྲུལ་ཆས་དག་ལས་ཆེས་ཕྲ་བའི་དབང་རྩ་རེ་རེའི་བྱེད་ལས་དང་བཟོ་དབྱིབས་སོགས་ཤེས་ཐུབ་ཀྱི་ཡོད། ལྷག་པར་དུ་གཤག་བཅོས་ཐབས་ལམ་གྱིས་སྙིང་བརྗེ་པོ་རྒྱབ་པ་སོགས་ལ་བརྟེན་ནས་བདག་གམ་རྣམ་ཤེས་སོགས་གནས་ས་གཙོ་བོ་སྙིང་མིན་པའི་ཕྱོགས་ཁས་ལེན་མཁན་མང་དུ་འགྲོ་བཞིན་ཡོད། 
 ༢༠༡༦།༡།༢༦། ཉིན།
        

བརྡ་སྤྲོད་ཀྱི་འཕེལ་རིམ་དང་དེའི་བྱུང་བ་བརྗོད་པ།
དཔྱད་བརྗོད་པ། དབུ་མ་བདག་འགོག་བསྟན་འཛིན་རྣམ་རྒྱལ། དབུ་མ་སེམས་བསྐྱེད་མིག་དམར་ཚེ་རིང་།

མཁའ་ཁྱབ་སྐྱེ་རྒུའི་རྨོངས་པ་སེལ་ཕྱིར་དུ།།
གངས་ཅན་བརྡ་སྤྲོད་རིག་པའི་གཞུང་ལུཊ་བརྩམས།།
མུ་མེད་འགྲོ་ལ་རིག་པའི་མིག་འབྱེད་པ།།
གངས་ཅན་མཁས་པའི་ཚོགས་ལ་སྙིང་ནས་འདུད།།
གནའ་དེང་ཤེས་བྱའི་ལམ་བཟང་མཐའ་མེད་དུ་བཀྲལ་བའི།།
ཐབས་ཤེས་སྣ་དགུས་ཀླུབས་པའི་བཤེས་གཉེན་དང་འགྲོགས་ཏེ།།
ངེས་མེད་ཤེས་རིག་ཀུན་ལ་འབད་འབུངས་ཀྱིས་སྐྲུན་པའི།།
སྐལ་བཟང་དུས་ཀྱི་མངོན་པ་གནས་འདི་རུ་སྨིན་སོང་།།
       ཞེས་མཆོད་བརྗོད་སྔོན་དུ་སོང་སྟེ་སྐབས་དོན་གླེང་པ་བྱ་བ་ནི། བོད་མི་རིགས་ཀྱི་རིག་གཞུང་ཟབ་ཅིང་རྒྱ་ཆེ་བ་ཡོད་པ་དེའི་ཁྲོད་ནས་བརྡ་སྤྲོད་ཀྱི་འཕེལ་རིམ་དང་དེའི་བྱུང་བ་སྐོར་ཅུང་ཙམ་ཞུ་ན། སྤྱིར་བརྡ་སྤྲོད་རིགས་པའི་བྱུང་རབས་ནི་གཏིང་མཐའ་མི་མངོན་པའི་རྒྱ་མཚོ་ལྟ་བུ་ཞིག་ནས་ཆུ་ཐིགས་ཙམ་ཞིག་ཞུ་ན། ཐོག་མ་སའི་གོ་ལ་འདིའི་ཐོག་བརྡ་སྤྲོད་ཀྱི་བྱུང་རབས་དང་། རྒྱ་གར་འཕགས་ཡུལ་དུ་བྱུང་རབས། དེ་ནས་རིམ་པས་བོད་གངས་ཅན་ཡུལ་དུ་བརྡ་སྤྲོད་བྱུང་རབས་བཅས་དོན་ཚན་གསུམ་གྱི་ཐོག་ཞུ་ན་ཅུང་ཟད་གོ་བདེ་བར་མཐོང་། 
དང་པོ། གོ་ལ་འདིའི་སྟེང་བརྡ་སྤྲོད་བྱུང་རབས་སྐོར་ཅུང་ཙམ་བརྗོད་ན། དེ་ཡང་གོ་ལ་ཧྲིལ་པོ་འདིའི་ཐོག་མིའི་རིགས་ཀྱི་འདོད་པའི་དོན་བསྒྲུབ་པ་དང་། མི་འདོད་པའི་སྡུག་བསྔལ་སེལ་བའི་ཕྱིར་དུ་སྐད་དང་ཡི་གེ་གཙོ་བོར་གྱུར་པའི་སེམས་ཅན་གཞན་དང་གཞན་ལས་ཁྱད་པར་དུ་འཕགས་པའི་རིག་གཞུང་ཞིག་གི་ངོ་བོར་གྲུབ་ཡོད། དེ་ནི་མི་རིགས་ཤིག་གི་འཚོ་གནས་དང་། ཕུན་ཚུན་འབྲེལ་འདྲིས་བྱུང་བར་ཧ་ཅང་སྟབས་བདེ་པོ་བྱུང་ཡོད་ལ་དེ་ནི་ཧ་ཅང་གྲུབ་འབྲས་ཆེན་པོ་ཞིག་ངོས་འཛིན་བྱ་ཆོག  གོ་ལ་ཟླུམ་པོ་འདིའི་སྟེང་འགྲོ་བ་མི་བྱུང་བ་ནས་བཟུང་རང་ཆས་སུ་བརྡ་སྤྲོད་པའི་རིགས་པ་འདི་བྱུང་བར་ངོས་འཛིན་བྱེད་བཞིན་ཡོད། རང་བྱུང་ཁམས་ཀྱི་གནས་བབས་ལ་ལྟོས་ཏེ་དགའ་ན་རྒོད་ཤོར་བ་དང་སྡུག་ནས་ངུ་བ། འཇིགས་ནས་འདར་བ། བཙོག་ནས་སྐྱུག་པ་སོགས་ཡུལ་དུས་གནས་བབ་དང་། ནང་གི་ཚོར་བའི་མྱོང་མི་འདྲ་བ་ལ་བརྟེན་ནས་ལུས་ངག་གི་རྣམ་འགྱུར་ཐོག་ནས་འགྲོ་བ་མི་རིགས་གཞན་དང་གཞན་ལ་ཁ་དང་ལག་པས་གོ་བརྡ་སྤྲོད་པའི་ཆོས་ཉིད་ཀྱི་རིག་པ་དེ་བྱུང་། དེ་འདྲའི་བརྡ་དེ་ལ་ལུས་དང་། ངག་ཡི་གེ་བཅས་གསུམ་གྱི་ཐོག་ནས་གོ་བརྡ་སྤྲོད་ཐུབ། དེ་ཡང་སའི་གོ་ལ་འདིའི་ཐོག་མི་རྣམས་ཐོག་མར་སྤྲ་ལས་བྱུང་བ་དང་། ལོ་ས་ཡ་བདུན་ནས་ས་ཡ་ལྔའི་བར་གྱི་ཡར་སྔོན་ན། ཨ་ཧྥི་རི་ཀའི་ཡུལ་དུ་མི་རིགས་ཀྱི་མེས་པོར་གྱུར་པའི་སྤྲ་དང་། སྤྲ་གཞན་རྣམས་རིམ་གྱིས་སོ་སོར་འཚོ་ཁག་གྱེར་ཏེ་རིགས་མི་འདྲ་བར་གྱུར། ཕྱིས་སུ་མིའི་རིགས་ཀྱི་མེས་པོ་དེ་དག  སྐོར་ཆེན་པོ་གཉིས་སུ་གྱེར་ཏེ་ལྷོ་སྤྲའི་ (AUTRALOPITHECUS) སྐོར་དང་། མིའི་ (HOMO) སྐོར་གཉིས་ལས་མིའི་སྐོར་གྱི་འགྲེང་མ་ (HOMO ERECTUS) ཞེས་པ་དེ་མིའི་རིགས་ཀྱི་གཏམ་སྨྲ་ཤེས་མཁན་ཐོག་མར་དེ་ཡིན་པ་འདོད་ལ། མིའི་སྐད་ལས་བྱུང་བའི་བརྡ་སྤྲོད་པའི་ཡི་གེ་དེ་དག་ནི། ཕྱི་ལོ་སྔོན་གྱི་ལོ་ ༨༠༠༠ (BC8000) ནས། ཕྱི་ལོ་སྔོན་ ༣༥༠༠ (BC3500) བར་གྱི་མི་ལོ་ ༤༥༠༠ ཙམ་གྱི་རིང་བ་ཡིན། དེའི་སྐབས་སུ་བྱུང་བའི་ཡི་གེ་ནི་གང་ཞིག་བརྗོད་བྱ་མཚོན་བྱེད་ཀྱི་རི་མོ་སྣ་ཚོགས་པ་ཞིག་སྟེ། བརྐོས་རིས་ཡི་གེ་དང་།  བྲག་རིས་ཡི་གེ   ཡིག་རིས་དང་། རིས་ཡིག་སོགས་དབྱེ་བ་བཞི་ཡོད། ཡིག་གཟུགས་སམ་ཡིག་རིགས་དེ་དག་འགྱུར་བ་སྣ་མང་ཞིག་གི་ཁྲོད་ནས་ད་ལྟའི་བར་དུ་གསོན་པོར་གནས་ཡོད། དཔེར་ན་རྒྱ་ནག་གི་ཡི་གེ་འདིའང་རི་མོས་མཚོན་ཐབས་བྱེད་པའི་གནའ་བོའི་ཡིག་རིགས་ཤིག་ཡིན། 

གཉིས་པ།  
རྒྱ་གར་འཕགས་པའི་ཡུལ་དུ་བརྡ་སྤྲོད་བྱུང་རབས་སྐོར་ཞུ་ན། རྒྱ་གར་འཕགས་པའི་ཡུལ་ལྟ་བུ་ཞིག་ལ་མཚོན་ན་ཕྱི་ལོ་སྔོན་གྱི་དུས་རབས་བདུན་པའམ་བརྒྱད་པ་ཙམ་སྟེ།  བདག་ཅག་གི་སྟོན་པའི་སྔོན་དུ་ལོ་བརྒྱ་ཕྲག་འགའ་ཞིག་ནས་ཡི་གེ་ཡོད་པར་འདོད་ཅིང་། ཡི་གེ་དེ་ནི་པྲཧྨ་ (BRAMI) ཞེས་བྱ་བའི་ཡི་གེ་དེ་ཡིན། ཕྱིས་སུ་མི་རྣམས་ཀྱིས་ཡི་གེ་འདི་ཚངས་པས་བྱེད་པར་འདོད་པས་མིང་དེ་ལྟར་བཏགས། འདི་ལ་དེང་སང་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེ་ཞེས་འབོད་ཅིང་། དགེ་འདུན་ཆོས་འཕེལ་གྱི་གསུང་ལས་ཐོན། ཡི་གེ་འདི་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་རོལ་ཙམ་ལ་བཀའ་བསྡུས་དང་པོའི་སྐབས་སུ་སྡེ་སྣོད་གསུམ་གྱི་ཡི་གེར་བཀོད་པ་དང་། ཆོས་རྒྱལ་མྱལ་ངན་མེད་ཀྱིས་བཙུག་པའི་རྡོ་རིང་ ༣༥ ལས་གཉིས་ཙམ་མ་གཏོགས་གཞན་ཐམས་ཅད་ཡི་གེའི་ཡིག་གཟུགས་འདི་བྲིས་པ་ཤ་སྟག་ཡིན་པར་མངོན། དུས་རབས་བཞི་པའི་སྐབས་ནས་རྒྱ་གར་གྱི་རྩོམ་རིག་དང་སྒྱུུ་རྩལ་དར་ཞིང་རྒྱས་པས་ ( པྲཧྨ ) དབྱངས་གསལ་ཡི་གེ་འདི་ཡང་རིམ་པས་འགྱུར་ནས་གུཔྟའི་ ( gupta ) ཡི་དབྱངས་གསལ་འདི་གྱུར་རོ། གུཔྟ་ནི་རྒྱལ་རབས་ཀྱི་མིང་བཏགས་པ་ཡིན། དུས་རབས་བདུན་པའི་མཇུག་ཙམ་ན་གུཔྟའི་ཡི་གེ་རྨང་གཞིའི་ཐོག་ནས་ན་གཱ་རའི་ཡི་གེ་བྱུང་། ན་གཱ་ར་ཞེས་པའི་གྲོང་ཁྱེར་དེར་གྲོང་ཁྱེར་ཟུར་གྱི་ཡི་གེ་ཞེས་པའོ། །དུས་རབས་བརྒྱད་པའི་སྐབས་སུ་ན་གཱ་རའི་ཡི་གེ་ལས་ལཉྩའི་ཡི་གེ་བྱུང་བ་སོགས་བཤད་ཚུལ་འདུག
གསུམ་པ། 
བོད་དུ་བརྡ་སྤྲོད་བྱུང་རབས་སྐོར་བརྗོད་ན་རང་ཅག་ཁ་བ་རི་པའི་བརྡ་སྤྲོད་ཡི་གེར་དུས་ཡུན་ཤིན་ཏུ་རིང་པོའི་ལོ་རྒྱུས་ལྡན་པ་དང་། རིག་པའི་གཞུང་ལུགས་ཁུངས་བཙན་ལ་གཏིང་ཚུགས་པ། མིང་དང་ཚིག་གི་ཚོགས་རྒྱ་ཆེ་ཞིང་སྦྱོང་སྤྱོད་སྟབས་བདེ་བ་སོགས་ཀྱི་དགེ་མཚན་དུ་མར་ལྡན་པའིབརྡ་སྤྲོད་ཀྱི་རིག་གཞུང་འདི་ནི་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་སློབ་དཔོན་བཀའ་དྲིན་ཅན་ཐོན་མིས་གསར་གཏོད་མཛད་པ་ཡིན་མིན་ལ་ཐུགས་དོགས་ཅུང་ཟད་ཙམ་ཡང་མེད། འོ་ན་སློབ་དཔོན་ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ཅེ་ན། འདི་ལ་མཁས་པ་ཚོས་བཞེད་ཚུལ་མི་འདྲ་བ་སྣ་མང་ཞིག་མཆིས་མོད། འདི་ལ་ཞིབ་ཏུ་བསམ་ཚེ་ཁ་ཚོན་ཆད་དཀའ་བར་སྣང་། འདིར་གཡུང་དྲུང་བོན་གྱི་ཕྱོགས་ནས་བརྗོད་ན་གཡུང་དྲུང་བོན་གྱི་བསྟན་པ་དར་ཡུལ་ཞང་ཞུང་གི་ཡུལ་དུ་ཞང་ཞུང་སྨྲ་ཡིག་ཅེས་པ་དེ་ཡིན་པར་འདོད་ལ། དེའི་རྒྱུ་མཚན་ཡང་གཡུང་དྲུང་བོན་གྱི་བསྟན་པ་ཤེས་རབ་ཀྱིས་མཛད་པ་ལྷ་སྒྲུང་ལྟ་བུ་ཞིག་བཤད་སྲོལ་འདུག་པས་འདིར་མ་བཀོད། ཕྱོགས་གཞན་ནས་བསྟན་པ་ཤེས་རབ་ཀྱིས་སྲོལ་ཕྱེ་བའི་རིགས་ལམ་གྱི་གཞུང་ལུགས་གཙོ་བོ་ཁག་ལྔ་ཡོད་པ་སྟེ། བཟོ་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ་ནང་རིག་པ་བཅས་དང་། དེ་དག་སོ་སོ་ལའང་འབུམ་སྡེ་གསུམ་བཞི་ཙམ་རེ་ཡོད་པར་མངོན། དཔེར་ན་སྒྲ་རིག་པ་ལ་སྒྲ་ཚད་གསལ་བའི་ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ། རྩོད་འབུམ་ཁྲ་བོ། ལྷ་འབུམ་དཀར་པོ་བཅས་གསུམ་ཡོད་ལ། འབུམ་སྡེ་དེ་དག་གཏན་ལ་ཕབ་སའི་ཡི་གེ་ཞིག་མེད་ན་ལོ་ངོ་སྟོང་ཕྲག་རིང་ཇི་ལྟར་གནས་ཐུབ་བམ་ཞེས་གསུང་བཞིན་ཡོད་ལ། འདིའང་རྒྱུ་མཚན་ངེས་ཅན་ཞིག་མཐོང་། ཕྱོགས་གཞན་ནས་ཞུ་ན་བོད་ཀྱི་ལོ་རྒྱུས་ཕལ་ཆེ་བའི་ནང་མེད་པ་བཞེད་ལ། རྒྱ་ནག་གི་ལོ་རྒྱུས་དང་ཏུང་ཧོང་གི་གཏེར་ཡིག་ནང་མེད་པར་བཞེད། འཛམ་གླིང་མི་རིགས་གཞན་དག་གི་གནའ་བོའི་ཡིག་རྙིང་བཞིན་དུ། དེའི་གཟུགས་བྲག་གམ་རྫ་སོགས་ཀྱི་སྟེང་དུ་བྲིས་པ་ཞིག་སྟོན་རྒྱུ་ཡོད་ན་རྩོད་མེད་གྱུར་བར་སྐད་ཡིག་ཆེད་ལས་པ་དག་གི་བཤད་སྲོལ་འདུག   གང་ལྟར་ཡང་བོད་ལ་སློབ་དཔོན་ཐོན་མིས་ཡི་གེ་མ་རྩོམ་པའི་སྔོན་དུ་བོན་པོའི་བཀའ་བསྟན་སོགས་འབྲི་བྱེད་དང་། ཆོས་ཕྱོགས་ཀྱི་བཀོལ་སྤྱོད་ཐུབ་པའི་ཡི་གེ་ལྟ་བུ་ཞིག་ཡོད་ཅེས་བརྗོད་ན་ལོ་རྒྱུས་དང་རིགས་པ་ཀུན་དང་མཐུན་ནམ་སྙམ། དེ་ཡང་ད་ལྟར་ཡོངས་སུ་བཀོལ་སྤྱོད་ཐུབ་པའི་བོད་ཡིག་འདི་ནི་དུས་རབས་བདུན་པའི་སྟོད་ཀྱི་ཆར་ཕྱི་ལོ ༦༢༩ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་ ༡༣ ཐོག་རྒྱལ་སྲིད་གསར་དུ་སྐྱོང་བའི་དགའ་སྟོན་གྱི་རྣམ་པར་རོལ་བ་ན་ཕྱོགས་སོ་སོའི་རྒྱལ་ཁམས་ནས་ཕོ་ཉ་ཡང་ཡང་མངགས་ཏེ་མཚམས་ཞུའི་འཕྲིན་དང་ལེགས་མཚོན་བསྐུར་སྐབས་རྒྱལ་ཕྲན་དང་རྒྱལ་ཁབ་དེ་དག་ལ་ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བས་ཆོས་རྒྱལ་སྲོང་བཙན་གྱི་ཐུགས་སུ་བོད་རང་ལ་ཡོངས་སུ་བཀོལ་སྤྱོད་ཐུབ་པའི་ཡི་གེ་ཞིག་དགོས་པ་ཐུགས་ལ་འཁྲུངས། དེ་ནས་རྒྱལ་པོས་བློན་པོའི་བུ་བློ་རྣོ་ཅན་བཅུ་དྲུག་ལ་གསེར་སོགས་རིན་པོ་ཆེ་སྣ་མང་བསྐུར་ཏེ་རྒྱ་གར་དུ་ཡི་གེ་བསླབ་པ་བཏང་ཡང་། རྒྱུ་རྐྱེན་དུ་མ་ཞིག་གི་ལམ་ལྷོང་མ་བྱུང་། དེ་ནས་སླར་ཡང་ཐོན་མི་སམྦྷོ་ཊ་ཞེས་བྱ་བའི་ཕྲུ་གུ་ངང་ཚུལ་བཟང་བ་བློ་གསལ་བ་དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཅན་ཞིག་ཡོད་པ་ལ་བཀའ་གནང་པས་ཁྱེད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་མི་ཐུབ་དྲིས་པ་ན། ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་སྲོང་བཙན་གྱི་བཀའ་དང་དུ་བླངས། དེ་ནས་སློབ་དཔོན་མཆོག་གིས་དཀའ་བ་དུ་མ་ཁྱད་དུ་བསད་དེ་རྒྱ་གར་འཕགས་ཡུལ་དུ་བསྐྱོད་དེ་ཐོན་མི་རྒྱ་གར་གྱི་ཡུལ་ཁམས་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ཆེན་པོ་ལི་བྱིན་སློབ་དཔོན་དུ་་བསྟེན་ནས་ཡིག་རིགས་དུ་མ་ལ་མཁས་པ་སྦྱངས། པཎྜིཏ་ལྷ་རིག་པའི་སེང་གེ་ཞེས་པ་ལས་སྒྲའི་སྐོར་དང་མདོར་ན་རྟོགས་སླ་བ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་བསླབས། དེ་ལྟར་ཐོན་མིས་རྒྱ་གར་གྱི་སྒྲ་རིག་པ་དང་ལེགས་སྦྱར་གྱི་ཡི་གེ་ལ་མཁས་པ་བྱས་ཏེ་ཉམས་ཞིབ་མཛད་རྗེས་མཐར་བོད་ཡིག་གསར་བཟོའི་ལས་གཞི་ལེགས་པར་བཏིངས། ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་དབྱངས་བཞིར་འདེམས་གཞན་རྣམས་འདོར་བ་དང་། གསལ་བྱེད་སོ་བཞི་ལས་ཉེར་གསུམ་བཏོན་ནས་རྒྱ་གར་དུ་མེད་ཅིང་བོད་ལ་ཉེ་བ་མཁོ་བའི་སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་སྟེ་དྲུག་བསྣན་ནས་གསལ་བྱེད་ཉེར་དགུ་དང་ལེགས་སྦྱར་གྱི་དབྱངས་ཡིག་ཨ་གསལ་བྱེད་དུ་བརྩིས་ནས་གསལ་བྱེད་སུམ་ཅུར་མཛད། སློབ་དཔོན་ཐོན་མི་སམྦྷོཊ་ལ་རྒྱལ་བོ་སྲོང་བཙན་གྱིས་བཀུར་སྟི་དང་སྲི་ཞུ་བློར་མི་ཤོང་བར་མཛད་དེ། སློབ་དཔོན་ཞེས་པའི་མཚན་ཡང་གནང་མཚམས་འདི་ནས་ཐོག་མར་མངོན།
བོད་ཡིག་གསར་བཟོ་མཛད་པའི་ཕྱག་རྗེས་ལ་གཟེངས་བསྟོད་པའི་དོན་དུ་བོད་ཕྲུག་མཛངས་མི་བདུན་ལས་མཛངས་བཞི་བར་བསྔགས་སོ། །འདིར་ངེད་ཅག་གི་མཐོང་ཆོས་སུ་གྲུབ་པའི་བོད་ཀྱིབརྡ་སྤྲོད་ཀྱི་ཐོག་མ་དུས་རབས་བདུན་པ་ཡས་མས་བྱུང་བའི་སློབ་དཔོན་ཐོན་མིས་མཛད་པའི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་མཛད་པ་ཡིན་མིན་དང་སློབ་དཔོན་གྱིས་མཛད་པའི་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་མེད་སོགས་ལ་བཤད་པ་མི་འདྲ་བ་སྣ་མང་ཞིག་འདུག་ཀྱང་འདི་དག་ནི་གཉིད་ལབ་ཙམ་ལས་རང་ཉིད་ཀྱིས་ནུས་པས་གང་ལྕོགས་མཐར་སློབ་དཔོན་གྱི་མཛད་པ་གདོན་མི་ཟ། ཡིན་ཡང་དྲི་ལན་སྐབས་སུ་ངག་ཐོག་ནས་བརྗོད་པ་ལས་འདི་ཚིག་མངས་སུ་དོགས་ནས་མ་བྲིས། མདོར་ན་བློ་དམན་བདག་ལྟ་བུ་ཞིག་གིས་བརྡ་སྤྲོད་ཀྱི་བྱུང་རབས་སྐོར་ཆད་ལུས་མེད་པ་གསལ་བ་ཞིག་བརྗོད་ག་ལ་ནུས་། འདིར་ས་བཅད་མ་སྟོང་བའི་ཚུལ་དུ་རང་ནུས་ལ་དཔག་པའི་ཅུང་བརྗོད་པའི་ཁུལ་ཡིན།  ཐུགས་རྗེ་ཆེ།


0 མཆན།:

དཔྱད་མཆན་སྤེལ།