2015-03-31

བྲག་མགོ་དགོན་གྱི་ལོ་རྒྱུས།

ཧོར་བྲག་མགོ་དགོན་པའི་བྱུང་རབས་མདོར་བསྡུས་ཙམ་གླེང་བ།
ཐོག་མའི་གཏམ།
སྤྱིར་བཏང་ལོ་རྒྱུས་ཟེར་བ་ནི་དངོས་ཡོད་ཡིན་དགོས་པ་སྨྲོས་མེད་ཐོག་ལོ་ཟླ་དུས་ཚིགས་སོགས་ཀྱང་གསལ་ཁ་དགོས་པས་འདས་པའི་ལོ་རབས་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གནའ་བོ་དགོན་རྙིང་བྲག་མགོ་དགོན་ལྟ་བུའི་ལོ་རྒྱུས་ངོ་མ་ཞིག་བྲིས་དགོས་ན་ང་ཚོ་ལྟ་བུ་ཉམས་མྱོང་དང་ཤེས་ཡོན་ཞན་པ། ལོ་རྒྱུས་དངོས་ཤེས་པའི་མི་ལ་བཀའ་འདྲི་ཞུ་ས་ཉུང་བའི་ཁོར་ཡུག་འདི་ལྟ་བུ་ནས་བྲི་ཐབས་བྲལ་བ་ཞིག་རེད།  འོན་ཀྱང་ད་རེས་ཏྲེ་ཧོར་ཁམས་ཚན་གྱིས་ལོ་རྒྱུས་ངེས་པར་མཁོ་སྤྲོད་དགོས་པའི་བརྡ་འབྱོར་སྟབས་བཀའ་དགོངས་དང་ལེན་ཞུ་ཐབས་སུ་མདོར་བསྡུས་ཤིག་བྲིས་ཡོད་པས་འདིའི་ནང་དུ་ལོ་ཟླ་དུས་ཚིག་ནོར་བ་དང་། གང་ཟག་གི་མིང་ནོར་བ། གཞན་ཡང་ནོར་སྐྱོན་ཆད་ལུས་སོགས་གང་མང་ཤོར་ཡོད་ངེས་ཡིན་པས་འདི་ཀློག་མཁན་རྣམས་ཀྱིས་དེ་དོན་ཐུགས་འཇགས་དང་། ཕྱིས་སུ་ལོ་རྒྱུས་གསལ་ཁ་ཤེས་མི་ཡོད་ཚེ་ལམ་སྟོན་ཡོད་པར་ཞུ།

གནའ་བོ་བྲག་མགོ་དགོན་གྱི་ལོ་རྒྱུས།
དེ་ཡང་བྲག་མགོ་དགོན་པ་འདི་ནི།རབ་བྱུང་གང་གི་ལོ་ཙམ་ལ་ཕྱག་བཏབ་པ་མ་རྙེད་ཀྱང་སོག་པོ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཆོལ་ཁ་གསུམ་ལ་དབང་བསྒྱུར་ཏེ།བོད་ཀྱི་ཆོས་སྲིད་གཉིས་ཀའི་དབང་ཆ་རྒྱལ་བ་ལྔ་པ་བློ་བཟང་རྒྱ་མཚོར་ཕུལ་བ་དང་།དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ནས་མཛད་འཕྲིན་གྱིས་སྟོང་གསུམ་ཟིལ་གྱིས་གནོན་བཞིན་པའི་སྐབས་སུ་ཁོང་གི་བུ་སློབ་ཧོར་ཆོས་རྗེ་ཡིས་ཕྱག་བཏབ་པ་ཡིན་ཟེར་སྲོལ་ཡོད་ལ།ཡང་བྱུང་རབས་སྨྲ་ཚུལ་གཞན་ཞིག་ལ་ཏྲེ་རྗེ་སེ་བོ་ཡི་སྟོབས་ཤུགས་ཉམས་ཏེ་དཔྲ་དཔོན་གྱི་སྟོབས་ཤུགས་འཕེལ་ནས་ཏྲེ་བོ་ལུང་པ་ཡོངས་བོན་གྱི་བསྟན་པ་སྤེལ་བ་དང་།བོན་དགོན་ཞི?་བྲག་མགོ་ར་མ་ཐང་དུ་ཕྱག་བཏབ་པ་དང་།ཕྱིས་སུ་དཔྲ་དཔོན་གྱི་དབང་ཆ་ཡོངས་སུ་ཉམས་ཏེ་ཧོར་གྱིས་དབང་སྒྱུར་སྐབས་དགོན་པ་འདི་བསྒྱུར་བཅོས་གནང་སྟེ་ཆུ་བར་ཐང་དུ་སྤོས་ཀྱང་།དེ་རུ་ལྷ་ཀླུ་གཉན་གསུམ་གྱིས་ཕྲག་དོག་དང་། འབྱུང་བཞིས་འགྱུར་འགྲོས་གང་མང་ཞིག་གིས་དགོན་པ་ཡུན་རིང་ཆགས་མ་ཐུབ་པར་བྲག་མགོ་ཤར་ཁ་རུ་གནས་སྤོས་བྱེད་དགོས་བྱུང་ཞིང་།ཆུ་བར་ཐང་དུ་ད་དུང་ཡང་དགོན་པ་རྙིང་པའི་ཁང་ཤུལ་དང་།མེས་པོ་རྣམས་ཀྱི་ལོ་རྒྱུས་ཀྱི་མཁར་ཤུལ་སོགས་མི་རིགས་ཤིག་གི་གནའ་བོའི་དྲན་རྟེན་ལྷ་ངེར་གནས་ཡོད།
གང་ལྟར་ཀྱང་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་།བསིལ་ལྡན་ཁ་བ་ཅན་ཞེས་བོད་ཀྱི་ཡུལ་ཁམས་སུ་མངའ་དབང་སྒྱུར་བའི་བྱེད་པོ་རྒྱལ་བ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་དེ་ལ་སློབ་མ་ཆོས་རྗེའི་མཚན་ཅན་ཆིག་བརྒྱ་བཅུ་གསུམ་བྱུང་བའི་ནང་ཚན།རྫ་ཆོས་རྗེ་ངག་དབང་ཕུན་ཚོགས་ཞེས་རྨད་དུ་བྱུང་བའི་ཡོན་ཏན་ལ་མངའ་བརྙེས་པའི་ཐུགས་ཀྱི་སློབ་ཆེན་དེ་ལ།ཁམས་ཕྱོགས་ཧོར་གྱི་ཡུལ་ཁམས་སུ་རི་བོ་དགེ་ལུགས་པའི་བསྟན་པ་སྤེལ་དགོས་པའི་བཀའ་ཕེབས་པ་ལྟར་ཆོས་རྗེ་ངག་དབང་ཕུན་ཚོགས་ཁམས་སུ་ཕེབས་ཏེ་ཕྱི་ལོ་ ༡༦༥༠ ལོ། རབ་བྱུང་བཅུ་གཅིག་པ་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོའི་ས་ག་ཟླ་བའི་ཚེས་བཅུ་གསུལ་ལ།བྲག་མགོ་དགོན་འདི་ཡང་གནའ་བོ་དགོན་རྙིང་ཞིག་དགེ་ལུགས་པའི་དགོན་པར་བསྒྱུར་ཏེ་ཆོས་རྗེ་དམ་པ་དེས་སྨད་དགོན་སྡེ་བཅུ་གསུམ་ཕྱག་བཏབ་པར་གྲགས་པའི་ནང་ཚན་གྱི་དགོན་སྡེ་ཞིག་ཏུ་གྱུར། ཕྱིས་སུ་དགོན་འདི་ལ་ཧོར་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་ཞེས་མཚན་གསོལ་ཏེ་ད་ལྟའི་བར་དུ་མདོ་སྔགས་འཆད་རྩོད་དབྱར་མཚོ་བཞིན་འཕེལ་ཞིང་།མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རྒྱུན་མ་ཆད་པར་ཕེབས་དང་ཕེབས་མུས་སུ་མཆིས། བོད་གཞུང་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་རྗེས་རྒྱལ་བ་ལྔ་པའི་བཀའ་དང་།ཧོར་རྗེའི་སྟོབས་ཤུགས་ཆེ་བ་སོགས་ཀྱིས་ཏྲེ་ཧོར་ཡུལ་ལ་དབང་བསྒྱུར་བྱས་ཏེ།དགེ་ལུགས་པའི་བསྟན་པ་རྒྱ་ཆེར་སྤེལ་བ་དང་ལྷན་བྲག་མགོའི་དགོན་དང་།རྒྱལ་བ་ལྔ་པའི་ཆབ་སྲིད་ཀྱི་མངའ་ཐང་དང་།ཧོར་རྗེ་སོགས་ཀྱི་བར་ལའང་འབྲེལ་བ་དམ་ཟབ་ཆགས།དགོན་ཆེན་འདི་རྒྱལ་བ་རིམ་བྱོན་གྱི་ཐུགས་རྗེ་བརྩེ་བས་བསྐྱངས་པ་དང་།ཁྱད་པར་དུ་ཡང་ཕྱི་ལོ་ཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བཞི་ལོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ཀྱང་རྒྱ་ནག་ཏུ་བྱོན་པའི་ཕེབས་ལམ་ནས་དགོན་འདིར་ཞབས་སོར་འཁོད་དེ་ཞག་བཞུགས་གནང་ཐོག གྲྭ་མང་གཙོས་མང་ཚོགས་ལ་ཆོས་འབྲེལ་གནང་བ་དང་། དགོན་པ་དང་ཡུལ་ལུང་བྱིན་གྱིས་རླབས་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་གནས་ཡོད།གཞན་ཡང་དགོན་ཆེན་དེའི་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་གྲངས་མེད་བྱོན་མྱོང་ཡོད་པ་དག་ལས་ལོ་རྒྱུས་གང་རག་ཅིག་གཤམ་དུ་བྲི་རྒྱུ་ཡིན། བྲག་མགོ་དགོན་ཆེན་དེའི་བསྟན་པའི་བདག་པོ་ནི་ཁྲི་པ་རིམ་བྱོན་གྱིས་མཛད་རྒྱུ་ཡིན་པ་དང་། ཁྲི་པ་འཕོ་འགྱུར་སྐབས་སུ་ཁྲི་པ་གསར་པ་ཁྲི་སྟོན་གྱི་མཛད་སྒོ་སྐབས་ཁྲི་པ་གོང་མས་ཐུབ་པ་ཚུལ་ཁྲིམས་མ་ཞེས་པའི་ཐུབ་དབང་སྐུ་ཞིག་དང་། ཕུར་བུ་དང་། དྲིལ་བུ་བཅས་ཁྲི་པ་མ་གཏོགས་སུས་ཀྱང་བདག་དབང་བྱེད་མི་ཆོག་པའི་རྟེན་གཙོ་རྩ་ཆེན་རིགས་རྩིས་སྤྲོད་གནང་གིན་ཡོད་པ་དང་། དགོན་པའི་ཁྲི་པའི་ལས་ཡུན་ལོ་གསུམ་རིང་གནང་དགོས་ཤིང་། དེའི་རིང་ལ་སྡེ་འབངས་སུ་ཞིག་འདས་གྲོངས་ཕྱིན་ན་ཁྲི་པ་ངེས་པར་མི་ཚང་དེར་ཕེབས་ཏེ་འདས་པོའི་རྣ་བར་དྲིལ་བུ་དཀྲོལ་དགོས་ཤིང་། འཕོ་བ་འཕེན་དགོས་པ་མ་ཟད་མི་ཚང་དེས་ཀྱང་ཁྲི་པ་ཕེབས་རྒྱུ་ལ་ཧ་ཅང་རྩ་ཆེན་དང་གུས་འདུན་བྱེད་སྲོལ་ཡོད།

གནའ་བོའི་བྲག་མགོ་དགོན་དེའི་ནང་རྟེན་གཙོ་བོ་ཁག་མདོར་ཙམ་གླེང་ན།
ཕྱི་ལོ་ ༡༦༨༨ ལོར་རབས་བྱུང་བཅུ་གཉིས་པ་རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོར།ཧོར་བྲག་མགོ་དཔོན་གྱི་གདུང་རྒྱུད་དཔོན་དྲིན་རྗེ་བདེ་བར་གཤེགས་པ་སྐུ་འཁྲུངས་ཤིང་ནར་སོན་པ་ན་བསམ་པ་དམ་པའི་ཆོས་ལ་དཀར་བ།བློ་ཁོག་ཡངས་ཤིང་གཤིས་རྒྱུད་དྲང་བ། མང་ཚོགས་ཡོངས་ལ་ཕན་སེམས་ཆེ་བ་ཡིན་ཞིང་། དཔོན་དེའི་སྐུ་རིང་ལ་དབུས་སུ་སྐུ་བསྐྱོད་དེ་ཟངས་གསེར་ལས་གྲུབ་པའི་རྒྱལ་ཚབ་བྱམས་པ་མགོན་པོའི་སྐུ་བརྙན་ཁྱད་པར་ཅན་ཞིག་བྲག་མགོ་དགོན་དུ་གདན་དྲངས། ཁྱད་པར་དུ་ཡང་སྤྱི་ལོ་༡༨༡༠ ལོར་དབུས་མགར་ཤཱཀྱ་ཟེར་བ་གདན་དྲངས་ཏེ། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོའི་སྐུའི་སྣང་བརྙན་དངུལ་ལས་གྲུབ་པ་ཧོར་ཇོ་བོ་ཟེར་བའི་སྐུ་རྟེན་ངོ་མཚར་ཅན་དེ་ཡང་བཞེངས་བསྐྲུན་བྱས་ཏེ་བྲག་མགོ་རུ་སྨོན་ལམ་འཚོགས་ཡུལ་གྱི་གཙུག་ལག་ཁང་གི་དབུས་སུ་རྟེན་གྱི་གཙོ་བོ་རུ་མངའ་གསོལ་ཏེ་བཞུགས་ཡོད། ད་དུང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་དངུལ་བསྲེས་མ་ལས་བྲིས་པའི་གསུང་རྟེན་ཁྱད་པར་ཅན་ཞིག་བྲག་མགོ་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་སོགས་བཟོ་སྣ་ཀུན་ལས་ཁྱད་པར་དུ་འཕགས་པའི་བཟོ་པ་དང་། བརྐོ་པ། བྲིས་པ་སོགས་ཀྱིས་ལག་རྩལ་གྱི་ཡོན་ཏན་རྨད་དུ་བྱུང་བ་ལས་བཟོ་བསྐྲུན་བྱས་ཏེ་ཕྱི་རབས་ཀྱི་བསྟན་འགྲོའི་དོན་དུ་བྲག་མགོ་དགོན་དུ་བཞུགས་སུ་གསོལ། བྲག་འགོ་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་འདིའི་ལོ་རྒྱུས་ཅུང་ཟད་བཤད་ན། འདི་བྱིས་པ་ཆུང་ངུ་དུས་སུ་ཕྱུག་རྫི་རུ་ཕེབས་སྐབས་རྨི་ལམ་གྱི་ནང་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་ཞལ་གཟིགས་ཏེ་ཁྱོད་ཀྱིས་ལྷ་བྲིས་ཤིག་དང་། འགྲོ་དོན་རྒྱ་ཆེན་པོ་འོང་གསུངས་ཏེ་བྲིས་ཆས་ཚང་མ་སྤྲད་པ་དང་། གཉིད་སད་ཚེ་སྔོན་གྱི་བག་ཆགས་མང་པོ་དྲན་ཅིང་། པིར་བཞི་དང་བྲིས་ཆས་ཚད་ལྡན་ཞིག་མངོན་སུམ་དུ་ཡོད་པའང་བདག་སྤྲོད་བྱས་ཏེ་སློབ་མི་དགོས་པར་ཤེས་སྟོབས་ཀྱིས་ལྷ་བྲི་བར་ཐོགས་པ་མེད་པར་གྱུར་པས་སྤྲུལ་པའི་ལྷ་བཟོ་ཞེས་ཡོངས་སུ་གྲགས་པ་རེད། དེ་ནས་བཟུང་བྲག་འགོའི་ས་གནས་ཁག་ཏུ་ལྷ་བཟོ་རྒྱུན་མི་ཆད་པར་འོང་བར་གྲགས། སྤྲུལ་པའི་ལྷ་བཟོ་འདིས་ཡོངས་ཁྱབ་ཀྱིས་ལྷ་གང་ཞིག་བྲི་ནའང་སློབ་དཔོན་གྱི་སྐུ་ཞིག་བྲི་དགོས་པ་ནི་ཁོང་གི་དམ་ཚིགས་ཡིན་པས་སྐབས་ཤིག་ན་དཔོན་ཏྲེ་རྗེ་དབང་རྒྱལ་ཚེ་བརྟན་གྱིས་རྗེ་ཙོང་ཁ་པའི་སྐུ་ཐང་སོགས་ཀྱང་བྲི་རུ་བཅུག་ཏེ་འགྲོ་བའི་བསོད་ནམས་ཀྱི་རྟེན་དུ་བཞུགས་པ་དེ་ལ་ཡང་སྐུ་ཐང་གི་སྤྱན་གྱི་དཀར་ནག་མཚམས་སུ་སློབ་དཔོན་གྱི་སྐུ་ཤིན་ཏུ་ཆུང་བར་རྒྱང་ཤེལ་གྱིས་བལྟས་ནས་མ་གཏོགས་མཇལ་མི་ཐུབ་པ་ཞིག་བྲིས་ཡོད་པས་ཁོང་གི་བྲིས་རྩལ་ལ་ངོ་མཚར་མི་སྐྱེས་མཁན་སུ་ཡང་མེད་པའི་ཚད་ཡིན་འདུག་ཅིང་། སྐུ་གསུང་གི་རྟེན་ངོ་མཚར་ཅན་དེ་དག་བྲག་མགོ་དགོན་གྱི་རྟེན་གཙོ་རུ་བཞུགས་ལ། གཞན་ཡང་བྲག་མགོ་དགོན་དུ་གསེར་དངུལ་ཟངས་ལྕགས་དང་། འཇིམ་པ་ལས་གྲུབ་པའི་སྐུ་རྟེན་དང་། རྫས་སྦྱོར་འདྲ་མིན་ལས་བྲིས་པའི་གསུང་འབུམ་བགྲང་གིས་མི་ལངས་པ་ཡོད་ཀྱང་རེ་ཞིག་དེ་ལས་མ་བྲིས་སོ།།

ད་ནི་དགོན་དེའི་གྲྭ་ཚང་དང་སློབ་གཉེར་སྐོར་ཅུང་ཟད་གླེང་ན།
བྲག་མགོ་དགོན་དེར། མཚན་ཉིད་གྲྭ་ཚང་དང་། སྔགས་པ་གྲྭ་ཚང་། བཀའ་རམས་གྲྭ་ཚང་། གྲྭ་རྒྱུན་ཡོང་ཁོངས་སྡེ་སར་ཤོག་བཞི་ལ་ཁང་ཚན་རེ་རེ་སྟེ། སྙི་པ་ཁང་ཚན་དང་། ཤིང་ཁོག་ཁང་ཚན། ཉིན་མོ་ཁང་ཚན། སྲིབ་མོ་ཁང་མཚན་བཅས་ཁང་ཚན་བཞི་ཡོད། 
བྲག་མགོ་དགོན་དེའི་མཚན་ཉིད་གྲྭ་ཚང་ཇི་ལྟར་བྱུང་བའི་སྐོར་ལ་བཤད་སྲོལ་མང་པོ་ཡོད་ཀྱང་མདོར་བསྡུས་ན། ཕྱི་ལོ་ ༡༨༡༧ ལོ། རབ་བྱུང་བཅུ་བཞི་པ་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར། བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་གཞུང་ཆེན་བཀའ་བོད་ལྔ་ལ་སློབ་གཉེར་གྱི་འཆད་རྩོད་གནང་སའི་མཚན་ཉིད་གྲྭ་ཚང་ཞིག་དབུ་བརྙེས་ཤིང་། དགོན་དེའི་མདོ་ཕྱོགས་མཚན་ཉིད་གྲྭ་ཚང་ལ་གྲྭ་གྲངས་ཉིས་བརྒྱ་བཞི་ཡོད་ལ། ཤིང་ཁོག་དང་། སྙི་ཁོག་དང་། ཉིན་མོ་དང་། སྲིབ་མོ་ཞེས་ཁང་ཚན་བཞི་ཡོད་ཅིང་ཁང་ཚན་རེ་རེ་ལ་གྲྭ་པ་ལྔ་བཅུ་ང་གཅིག་རེ་གྲངས་ཚད་ངེས་ཅན་ཡིན། ལོ་གཅིག་ནང་ཆོས་ར་འཚོགས་རྒྱུ་ཟླ་བ་དྲུག་དང་། ཆོས་མཚམས་ཟླ་བ་དྲུག་རེ་ཡོད། དུས་བཞི་ལ་ཟླ་ཆོས་བཞི་དང་། དུས་མཚམས་སུ་ཉི་ཤུ་ཆོས་ར་དང་། བཅོ་ལྔའི་ཆོས་ར་འཚོགས་རྒྱུ་ཡིན་པ་དང་། སློབ་གཉེར་བྱེད་ཚུལ་ཡང་གྲྭ་སའི་འབྲས་བློ་གླིང་གྲྭ་ཚང་དང་གཅིག་མཚུངས་འཕགས་ཡུལ་ན་ལེན་ཊའི་སློབ་དཔོན་རྣམས་ཀྱི་གསུང་དང་། བོད་གངས་ཅན་ལྗོངས་ཀྱི་མཁས་པའི་ཁྱུ་མཆོག་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་འབུམ་དང་། ཁྱད་པར་དུ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆར་གཙོ་བོར་སློབ་ཀྱིན་ཡོད་འདུག་པ་དང་། ཆོས་རའི་སྐབས་སུ་མཚན་ཉིད་རྩོད་པ་དང་། ཉིན་རེ་ལ་དུས་དྲུག་འཚོགས་དགོས། མཚན་ཉིད་གྲྭ་ཚང་འདིར་ཞུགས་པའི་དཔེ་ཆ་བའི་ཁྲོད་ནས་རྒྱན་འཇུག་གཉིས་སྨྲོས་མེད་ཐོག་ལེགས་བཤད་སྙིང་པོ་དང་། འགྲེལ་པ་དོན་གསལ་སོགས་བློ་རྒྱུགས་སྤྲོད་མཁན་མང་པོ་བྱུང་ཞིང་། ལྷག་པར་དུ་དུས་ཕྱིས་བྲག་མགོ་དགོན་པའི་ཁྲི་པ་དགེ་བཤེས་མགོན་པོ་རིན་ཆེན་སྐབས་སུ་མཚན་ཉིད་གྲྭ་ཚང་ལ་འགྲེལ་པ་དོན་གསལ་འཆད་ཉན་བྱེད་རྒྱུ་ཐུགས་སྣང་ཆེན་པོར་གནང་སྟེ། རིགས་པ་བཟང་བ་གྲས་ལ་འགྲེལ་པ་དོན་གསལ་བློ་འཛིན་བྱེད་དགོས་པ་དམིགས་ཀྱིས་འཛུགས་པ་མ་ཟད། ཆོས་མཚམས་སྐབས་སུ་ཡང་རྫི་ར་རི་ཁྲོད་དུ་དགེ་བཤེས་རིན་པོ་ཆེ་དང་མཉམ་དུ་ཁྲིད་འགྲོ་ནས་འགྲེལ་པ་དོན་གསལ་འཆད་ཁྲིད་གནང་བ་སོགས་མདོར་ན་དགོན་འདིར་འགྲེལ་པ་དོན་གསལ་ལ་དམིགས་བསལ་གྱིས་འཆད་ཉན་བྱེད་པའི་སྲོལ་བཟང་འབུར་དུ་བཏོན་པ་ཞིག་བཙུགས་གནང་ཡོད། མཚན་ཉིད་གྲྭ་ཚང་དབུ་བརྙེས་པ་ནས་བཟུང་གཞུང་ཆེན་ལ་ཚུལ་གསུམ་རིགས་ལམ་གྱི་ཐོག་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱེད་པའི་སློབ་གཉེར་བ་རྒྱུན་མ་ཆད་པར་ཕྱི་ལོ་༡༩༥༠ ནང་གི་དུས་ངན་ཟིང་འཁྲུགས་བར་དུ་བྱུང་ཡོད་འདུག

བྲག་མགོ་དགོན་གྱི་བཀའ་རིམ་གྲྭ་ཚང་སྐོར།
བྲག་མགོ་དགོན་འདིའི་དཀའ་རིམ་གྲྭ་ཚང་ནི་གྲྭ་སར་འགྲོ་མྱོང་བའི་དཀའ་བཅུ་ཤ་སྟག་གིས་འཚོགས་མཆོད་སྒྲུབ་སའི་གྲྭ་ཚང་ཡིན་ལ།ལོ་གཅིག་ལ་ཐེངས་བཅུ་གཉིས་འཚོགས་དགོས་ཤིང་།གཏོང་སྒོ་ནི་དཀའ་རིམ་གྲྭ་ཚང་རང་གི་གཉེར་པ་རྣམས་ཀྱིས་བཀོད་སྒྲིག་བྱེད་དགོས་ཤིང་།དེ་ཡང་གཉེར་པ་སྔ་མ་རྣམས་ཀྱིས་རྩིས་སྤྲོད་བྱས་པའི་རྒྱུ་དངོས་ཅི་ཡོད་གཉེར་པ་ཕྱི་མ་རྣམས་ལ་རྩིས་སྤྲོད་བྱེད་དགོས་ཤིང་།བསོད་སྙོམ་ལས་བྱུང་བ་སོགས་ཀྱིས་གཏོང་སྒོ་བྱེད་དགོས།སྒྲིག་ཁྲིམས་དང་གཏོང་སྒོ་སོགས་ལ་བར་ཤག་གཉིས་ཀྱིས་ལྟ་དགོས་ཀྱིན་ཡོད།
བྲག་མགོ་དགོན་སྔགས་པ་གྲྭ་ཚང་སྐོར།
སྔགས་པ་གྲྭ་ཚང་འདི་ཐོག་མར་བྲག་མགོ་དཔོན་གྱི་སྐབས་ཀྱི་ཧོར་བླ་ཉེར་ལྔ་ཟེར་ནས་དཔོན་ཚང་གི་ཞབས་རིམ་སྒྲུམ་མཁན་ཞིག་ཡོད་པ་དང་། ཕྱིས་སུ་དཔོན་དབུས་ཕྱོགས་སུ་ཕེབས་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བྲག་མགོ་མི་ཚན་བཟོས་པ་དང་། གྲྭ་ཚང་དུ་སིལ་སྙན་གྲགས་ཅན་ཞིག་ཀྱང་ཕུལ།དེ་ནས་བཟུང་བྲག་མགོའི་སྔགས་པ་གྲྭ་ཚང་ཡང་མིང་དོན་མཚུངས་པའི་གྲྭ་ཚང་ཞིག་ཏུ་བསྒྱུར་ཏེ།གསང་སྔགས་ཕྱག་ལེན་ཡང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་གཅིག་མཚུངས་སུ་བྱས་ཡོད་འདུག་ཅིང་། སྔགས་པ་གྲྭ་ཚང་ལ་གྲྭ་པ་བརྒྱད་ཅུ་ཙམ་ཡོད་པ་དང་།དཀའ་བཅུ་དང་།དགེ་སློང་།དགེ་ཚུལ་སོགས་སུ་ཡིན་ཡང་བསྐང་གསོལ་ཆ་ཚང་བློ་ལ་ལེན་ཐུབ་ཚེ་སྔགས་པ་གྲྭ་ཚང་གི་མཚན་ཐོ་ནང་ཞུགས་ཏེ་སྤྱི་པའི་ཚོགས་དང་། སྒེར་གྱི་གྲོང་ཆོག་སོགས་ལ་འགྲོ་རྒྱུ་ཡིན། མ་ཟད་དགོན་སྤྱིའི་སྔགས་ཕྱོགས་ཀྱི་སྐུ་རིམ་པ་ཉེར་ལྔ་ཞེས་དཀའ་བཅུ་དང་། དགེ་སློང་རྣམས་ཀྱི་ནང་ནས་སླེབས་རྒྱུ་ཡོད་ཅིང་། བསྐོ་བཞག་སོགས་དགོས་པ་བྱུང་ཚེ་དགོན་སྤྱི་ནས་ཞུ་རྟེན་ཡང་ལེན་སྲོལ་ཡོད་ལ། དེ་དག་ལ་དམིགས་བསལ་ཡང་ཡོད། ཉེར་ལྔ་པོ་དེ་ལ་ཧོར་བླ་ཡང་ཟེར་ཞིང་། དོན་ནི་སྔ་དུས་བྲག་མགོ་དཔོན་གྱི་སྐུ་རིམ་པ་ཡིན་པས་ཧོར་བླ་ཉེར་ལྔ་ཞེས་འབོད་ཀྱི་ཡོད། ཧོར་བླའི་ཆ་རྐྱེན་ནི་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། རྟ་མགྲིན་གཉིས་ཀྱི་དབང་ལུང་ཚད་ལྡན་ཐོབ་ཅིང་། བསྙེན་ཆེན་འགྲུབ་ན་རབ་དང་། མིན་ཡང་བསྙེན་པ་ལས་རུང་རེ་ངེས་པར་དུ་ཡོད་དགོས་པ་མ་གཏོགས་འོས་འཚམ་མིན།
དེ་དག་གིས་ལོ་ལྟར་འཚོགས་དགོས་པའི་དུས་མཆོད་ནི། ཟླ་བ་དང་པོའི་ཚེས་ ༢༩ དང་། གནམ་གང་། ཟླ་བ་གཉིས་པའི་ཚེས་ ༡ བཅས་ཉིན་གསུམ་རིང་དགོན་གནས་དེའི་རྟེན་གསུམ་སོགས་ལ་རབ་གནས་འཚོགས་དགོས། ཆོ་ག་ནི་ལྷ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་བཞེས་ལྟར་རབ་གནས་དགེ་ལེགས་ཆར་འབེབས་ཡིན། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་ཕྱོགས་ལ་བརྟེན་ཏེ་སྦྱོར་དངོས་མཇུག་གསུམ་ཚང་ཞིང་ཞི་རྒྱས་ཀྱི་སྦྱིན་བསྲེགས་དང་བཅས་ཚད་ལྡན་འཚོགས་དགོས། 
ཁང་ཚན་སོ་སོའི་ཁོངས་ནས་དགོན་འདིར་སྒྲིག་ཞུགས་གནང་བའི་གྲྭ་པ་ཚོ་ཆུང་དུས་གཞིས་དགོན་འདིར་སློབ་གཉེར་གནང་ཞིང་ལོ་བཅུ་བདུན་བཅོ་བརྒྱད་སོན་སྐབས་དྲིན་ཆེན་ཕ་མར་གྱེས་ཕྱག་དང་རི་ཆུ་ཁྲི་ཕྲག་རྡོག་པས་བརྫིས་ཏེ། ཆོས་གྲོགས་རྣམས་ལ་ཕྱིར་མིག་འཕེན་བཞིན་དབུས་ཉི་མ་ལྷ་ས་རུ་གྲྭ་སར་འགྲོ་རྒྱུའི་སྔོན་གྱི་སྲོལ་བཟང་ཆགས་ཡོད་ཅིང་། གྲྭ་སར་འགྲོ་མཁན་དགུན་འགྲོ་དང་དབྱར་འགྲོ་གཉིས་གཉིས་བྱས་ནས་འགྲོ་རྒྱུ་ཡིན་པ་དང་། དབྱར་འགྲོ་བ་ནི་མཐུན་རྐྱེན་ཞན་པའི་གྲྭ་རྐྱང་ཤ་སྟག་ཡིན་ཞིང་། སྟོན་འགྲོ་བ་ནི་མཐུན་རྐྱེན་བཟང་ལ་རྟ་ཁེལ་སོགས་ཀྱང་མཉམ་དུ་ཁྲིད་ནས་འགྲོ་མཁན་ཡོད། མང་ཆེ་བ་སྟོན་ཁར་འགྲོ་བ་དང་། སྡེ་སར་ཤོག་པ་བཞིའི་གྲྭ་པ་མདུན་ཅུ་བརྒྱད་ཅུ་རེ་མཉམ་དུ་འགྲོ་རྒྱུ་དང་། འགྲོ་ལ་ཉེ་བའི་ཟླ་གཅིག་ཙམ་ནས་དགེ་བསྐོས་ལ་དགོངས་པ་ཞུས་ཏེ། མགོ་ལ་ཞ་མདོངས་དང་། རྒྱབ་ལ་ཕྲུག་ཚ་རུ་གོན། སྐེད་པར་རལ་གྲི་འབུར་སྡོང་བཏགས་ཏེ་རྫིག་ཆས་སྤྲས་ནས་ཉེ་འབྲེལ་དང་ངོ་ཤེས་སོགས་ཀྱི་སར་མགྲོན་དུ་འགྲོ་དགོས་ཀྱིན་ཡོད། འགྲོ་ཁར་གུག་ཆུང་ཐང་དུ་འདུས་ཏེ།
བན་ཆུང་ཆུང་དབུས་ལ་འགྲོ་དགོས་ཟེར། །
ཤིང་ཆུང་ཆུང་ལུང་པར་ལྷ་བསང་བཏང་། །
བན་ཆུང་ཆུང་དབུས་ལ་མ་སླེབས་པར། །
ལྷ་བསང་དཀར་པོའི་དུ་བ་མ་ཡལ་དགོས།།
ཆོས་དང་ཀུན་རིག་བློ་ལ་མ་བཟུང་པར།།
དགེ་རྒན་བཟང་པོའི་ཁ་འཛིན་གདོང་གྲོགས་མཛོད།།
ཅེས་བྲོ་འཆམ་དང་གླུ་ལེན་བྱས་ཏེ་སྐྱེལ་མ་དང་པོ་བྱེད་མཁན་མང་ཆེ་བ་ནང་ལ་ལོག་པ་དང་། དེ་ནས་རིང་སྐྱེལ་བ་རྣམས་དཀར་མཛེས་ལོ་ཀོ་བྲག་རྩ་བར་འགྲོ་དགོས། དེ་ནས་སྒར་དཔོན་བསྐོས་ནས་གནས་ཆུང་གིས་གནང་བའི་དར་མདུང་དེ་མི་གཅིག་གིས་བཟུང་ནས་སྔོན་ལ་འགྲོ་དགོས་པ་དང་། གྱེས་ཁར།
རྫ་རི་རྫ་འཁོར་བདེ་མོ་བཞུགས། །རྫ་ཆུ་བསིལ་མ་འགྲོ་ལེ་ཡིན།།
སྤང་རི་སྤང་ཐང་བདེ་མོ་བཞུགས། །མེ་ཏོག་སེར་ཆེན་འགྲོ་ལེ་ཡིན།།
རོགས་བརྒྱ་རོགས་སྟོང་བདེ་མོ་བཞུགས།།སྐྱ་ལུ་ཁེར་འགྲོ་འགྲོ་མི་ཡིན། །
ཞེས་པའི་གྱེས་མཇལ་གྱི་གླུ་གཞས་ཤིག་དང་ལྷན་དུ་ཐོན་འགྲོ་རྒྱུ་ཡོད། གྲྭ་སར་སླེབས་རྗེས་འགའ་རེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་གནང་བ་དང་། མང་ཆེ་བ་སྤྱི་ལོ་ ༡༤༡༦ མེ་སྤྲེལ་ལོར་རྗེ་ཙོང་ཁ་པའི་སློབ་མ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་གྱིས་ལྷ་སའི་དགེ་རྩེ་རི་ངོར་ཕྱག་བཏབས་པའི་རི་བོ་དགེ་ལྡན་པའི་གདན་ས་གསུམ་གྱི་ནང་ཚན་འཛམ་གླིང་གོ་ལ་ཡོངས་ལ་སྙན་པའི་བ་དན་གཡོ་བའི་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྲོལ་ཡོད་ལ།བཤད་སྒྲུབ་ཀྱི་འཆད་ཉན་དབྱར་གྱི་མཚོ་ལས་འཕེལ་ཁ་རྒྱས་ཤིང་། རྒྱ་མཚོའི་གཏིང་ལས་ཟབ་མཐའ་རིང་བའི་ནང་དོན་རིགས་པའི་བསྟི་གནས་དེ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་རིགས་པའི་བརྡར་ཤ་བཅད་དེ་དགེ་བཤེས་ཀྱིས་མཚན་སྙན་བཞེས་མཁན་ཉུང་ཉུང་མིན་ཞིང་། ལྷག་པར་དུ་དགེ་བཤེས་ཐོན་རྗེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་གསང་སྔགས་ལ་སློབ་སྦྱོང་དཔྱིས་ཕྱིན་པར་གནང་མཐར་རྒྱུད་སྨད་བླ་མ་དབུ་མཛད་དང་། མཁན་རིན་པོ་ཆེ་སོགས་ཀྱི་ཐུགས་འགན་རིམ་གྱི་བཞེས་ཏེ། གཏམ་དཔེ་རུ། 
ཨ་མའི་བུ་ལ་ཤེས་ཡོན་ཡོད་ན། །དགའ་ལྡན་གསེར་ཁྲིར་བདག་པོ་མེད། །
ཅེས་ཟེར་བ་ལྟར་གྱི་དགའ་ལྡན་གསེར་ཁྲིར་ཕེབས་མཁན་ཡང་ཧོར་བྲག་མགོ་དགོན་པའི་གྲྭ་རིགས་ནས་བྱུང་མྱོང་ཡོད་ལ། མཁས་མང་བློ་གླིང་གྲྭ་ཚང་གི་མཁན་པོ་དང་། གཞན་ཡང་གྲྭ་སར་དཔེ་ཁྲིད་རྒན་གནང་སྟེ་ནང་བསྟན་རིགས་པའི་དཀྱིལ་ཀ་ལྟར་གནང་མཁན་ཡང་ཉུང་ཉུང་མིན།རྗེ་བཙུན་མི་ལ་གཉིས་པ་ཞེས་བོད་གངས་ཅན་ལྗོངས་སུ་སྙན་གྲགས་ཀྱི་དབྱར་རྔ་ཕྱོགས་སུ་ལྡིར་བའི་ཏྲེ་ཧོར་སྤྱོར་དཔོན་རིན་པོ་ཆེ་ཡང་ཧོར་བྲག་མགོ་དགོན་པའི་གྲྭ་རིགས་ནས་ཕེབས་པ་ཡིན་ཡང་དེ་དག་གི་རྣམ་ཐར་གཤམ་དུ་ཟུར་འདོན་བྱེད་རྒྱུ་ཡིན།

གཞན་ཡང་གྲྭ་སར་རྒྱུན་རིང་བཞུགས་མི་ཐུབ་མཁན་རྣམས་ལོ་དེའི་སྨོན་ལམ་ཚར་རྗེས་གནས་མཇལ་ཡིད་ཚིམས་པ་གནང་སྟེ་ཕྱིར་ཕ་ཡུལ་དུ་ལོག་འགྲོ་བཞིན་ཡོད་ཅིང་། དེ་དག་གཞིས་དགོན་དུ་སླེབས་རྗེ་གྲྭ་ས་གཅོད་མཁན་ཞེས་མིང་གིས་བསྙད་ཅིང་། དེ་ནས་བཟུང་ཁོང་ཚོའི་ཟླ་གམ་དམར་པོ་བསྣབས་ཆོག་གིན་ཡོད་ལ། གྲྭ་སར་འགྲོ་མ་མྱོང་བའི་གྲྭ་གསར་རྣམས་ཀྱིས་ཟླ་གམ་སེར་པོ་མ་གཏོགས་གྱོན་ཆོག་གིན་མེད། ཡང་མང་པོ་ཞིག་གྲྭ་སར་ལོ་གསུམ་བཞི་རིང་ལ་དཔེ་ཆ་བལྟས་ཏེ་དཀའ་བཅུའི་མིང་བཏགས་ཐོབ་རྗེས་ཕྱིར་ཕ་ཡུལ་དུ་ལོག་གིན་ཡོད། །
དཀའ་བཅུ་རྣམས་གྲྭ་ས་ནས་ཕྱིར་ཐོན་ཁར།
གྲྭ་ཕྲུག་སྣང་བ་སྐྱིད་པོ། །སངས་རྒྱས་སྟོང་གིས་བསྐོར་ཡོད། །
མ་ཅིག་དཔལ་ལྡན་ལྷ་མོ། །ལུས་ལ་ན་ཚ་མ་གཏོང་། །
དཔལ་ལྡན་ཚོགས་ཆེན་ཞལ་ངོ་། །བདག་ལ་དཀྲོག་དཀྲོག་མ་གནང་། །
ལོ་གསུམ་ཆོས་གྲྭ་འགྲིམས་ནས། །རང་ཡུལ་ཕྱོགས་ལ་ལོག་འགྲོ། །
ཞེས་ལ་གཞས་སྙན་མོ་ཞིག་དང་ལྷན་དུ་རང་ཡུལ་དུ་ལོག་སྟེ་ཆོ་འཕྲུལ་སྨོན་ལམ་སྐབས་སུ་བྲག་མགོ་དགོན་དུ་ཕར་ཕྱིན་དང་། ཚད་མ་སོགས་ཀྱི་དམ་བཅའ་འཇོག་པ་དང་། སྡེ་སར་ཤོག་པ་བཞི་རུ་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་གྱིན་ཡོད། གྲྭ་ས་ནས་དགེ་བཤེས་ཐོན་རྗེས་ཕྱིར་རང་ཡུལ་དུ་ཕེབས་མཁན་རྣམས་ཀྱིས་དགོན་པའི་མཁན་པོ་སོགས་ལས་སྣེ་ཆེ་ཁག་གི་འགན་བཞེས་ཏེ་དགོན་པའི་མཚན་ཉིད་སློབ་གཉེར་བར་སློབ་ཁྲིད་གནང་བ་སོགས་གཞུང་ཆེན་སློབ་གཉེར་བྱེད་པའི་རྐང་འཛིན་པ་གནང་གིན་ཡོད།

བྲག་མགོ་དགོན་པའི་དགེ་བཤེས་དང་དབུ་བླ་སོགས་ཀྱིས་མཚམས་དང་སྒོམ་སྒྲུབ་སོགས་གནང་སའི་རི་ཁྲོད་ཅི་ཡོད་སྐོར་ཞོར་འཕྲོས་ཙམ་ཞུས་ན།
སྲིབ་རྒྱབ་སུ་ཟར་ནང་དཔལ་གྱི་རི་ཁྲོད་དང་། །
ནོར་བུ་ཁུག་ཏུ་ཟུང་འཇུག་དགའ་བའི་རི་ཁྲོད། །
སེས་ལྡེང་རི་ཁྲོད། རྫི་རྭ་རི་ཁྲོད།བཅས་རི་ཁྲོད་ཆེ་བ་བཞི་ཡོད་ཅིང་།
དེ་དག་ཀྱང་གནས་བྱིན་རླབས་ཅན་དུ་གྲགས་ཏེ། སྲིབ་རྒྱས་རི་ཁྲོད་དུ་སྔོན་དུས་སུ་རིས་པ་བྱང་ཆུབ་འོད་ཟེར་སོགས་སྐྱབས་བཞི་སྡེ་ལྔར་གྲགས་པའི་རྣལ་འབྱོར་པ་མང་པོ་བཞུགས་གནས་ཡིན་པ་དང་། བླ་མ་བློ་བཟང་ཚུལ་ཁྲིམས་དང་། ལམ་བྲག་རྡོ་རྗེ་འཆང་སྐལ་བཟང་རྣམ་རྒྱལ་སོགས་ཀྱང་དེར་བཞུགས་མྱོང་ཤིང་། བྲག་མགོ་དགོན་པའི་བླ་མགོ་དུ་མའི་མཚམས་དང་སྒོམ་སྒྲུབ་གནང་ས་ཡིན་པར་གྲགས། ནོར་བུ་ཁུག་རི་ཁྲོད་དུ་སྔོན་ཆེན་བྲག་མགོ་དཔོན་རིམ་གྱི་ཕྲེང་བ་འཛིན་པ་ཧོར་དྲིན་རྗེ་བདེ་བར་གཤེགས་པའི་སྒོམ་སྒྲུབ་གནང་ས་ཡིན་པ་དང་། གཞན་ཡང་། སྟོང་སྐོར་བླ་མ་འཇམ་དབྱངས་དགེ་འདུན་སོགས་ཀྱང་དེར་བཞུགས་མྱོང་བ་མ་ཟད། བྲག་མགོ་དགོན་པའི་དབུ་བླ་དུ་མས་སྒྲུབ་གནས་ཡིན།
སེང་ལྡེང་རི་ཁྲོད་ནི་སྔོན་སྤང་ནང་སྐྱབས་མགོན་ཞལ་ལུང་གིས་སྒྲུབ་གནས་ཡིན་པ་དང་། དེའི་རྗེས་སུ་ཨ་བླ་དགེ་བཤེས་ཡེ་ཤེས་བརྩོན་འགྲུས་བཞུགས་ཤིང་། གཞན་ཡང་མཁར་སར་བླ་མ་བསོད་ནམས་བཀྲིས་དང་། བླ་མ་བསྟན་འཛིན་ཡར་རྒྱས་སོགས་བླ་བ་དུ་མ་བཞུགས་མྱོང་ཤིང་། ཁྱད་པར་དུ་ཀེའུ་ཚང་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་བཞུགས་ཏེ་རི་ཁྲོད་ཀྱིས་བདག་གཉེར་གཙོ་བོ་གནང་ཡོད།

རྫི་ར་རི་ཁྲོད་ནི། བློ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་གི་ཡང་སྤྲུལ་སྐུ་ཞབས་མཁན་ཆེན་རིན་པོ་ཆེའི་སྒྲུབ་གནས་ཡིན་པ་དང་། ཕྱིས་སུ་དགེ་བཤེས་མགོན་པོ་རིན་ཆེན་དང་། དེ་ཡང་སྤྲུལ་སྐུ་ཞབས་བྱམས་པ་རིན་པོ་ཆེ་སོགས་སྐྱེ་ཆེན་དུ་མ་བཞུགས་ཏེ་སྒོམ་སྒྲུབ་གནང་ས་ཡིན།
དེ་ཡང་བྲག་མགོ་དགོན་པས་རི་ཁྲོད་དེ་དག་བདག་དབང་ཇི་ལྟར་བྱེད་ཚུལ་ནི། རི་ཁྲོད་རེ་རེར་ནང་དུ་བྲག་དགོན་པའི་གྲྭ་པ་བཅུ་དྲུག་ནས་ཉེར་ལྔའི་བར་བཞུགས་རྒྱུ་ཡིན་པ་དང་། རི་ཁྲོད་པའི་སྒོམ་སྒྲུབ་ཀྱི་འགན་ཁུར་མཁན་ཡང་། བྲག་མགོ་དགོན་པའི་དགེ་བཤེས་སམ། ཡང་ན་མ་ཎི་བླ་མ་དང་། གཞུང་ལེན་པ་སོགས་ཁུར་ཚར་རྗེས་རི་ཁྲོད་བླ་མ་ཟེར་ནས་དགོན་པས་གོ་གནས་སྤྲོད་རྒྱུ་ཡོད་པ་དང་། དེ་དག་གིས་རི་ཁྲོད་དུ་བཞུགས་ཏེ་སྒོམ་སྒྲུབ་པ་རྣམས་དང་། དགོན་པའི་ཆོས་མཚམས་སྐབས་སུ་ཆོས་གྲྭ་འགྲིམ་བཞིན་པའི་གྲྭ་གསར་མང་པོ་རི་ཁྲོད་དུ་ཕེབས་ཏེ་དཔེ་ཆ་བློ་འཛིན་སོགས་བྱེད་ཀྱིན་ཡོད་པ་ལྟར་རི་ཁྲོད་བླ་མས་དེ་དག་ལ་འཆད་ཁྲིད་གནང་དགོས་ཤིང་། ཁྱད་པར་དུ་རི་ཁྲོད་ལ་བརྟེན་པའི་མི་སྐྱ་བགྲེས་སོང་མང་པོ་ཡོད་པ་རྣམས་ལ་དུས་ཆེན་གང་ཡིན་ལ་ཆོས་གསུང་དགོས་གྱི་ཡོད།

ཧོར་བྲག་མགོ་དགོན་གྱི་ཚོགས་འདུས་མཆོད་སྐོར།
དགོན་འདིར་འཚོགས་འདུས་མཆོད་མི་འདྲ་བ་སྣ་ཚོགས་ཡོད་པས་མཐའ་དག་བརྗོད་མི་དགོས་པར་བྱས་ཏེ་རེ་ཞིག་གཙོ་བོས་གཅིག་དཔེ་མཚོན་དུ་བགྲངས་ན། དེ་ཡང་དགོན་འདིར་ཡང་རི་བོ་དགེ་ལུགས་པའི་དགོན་སྡེ་སྤྱི་སྲོལ་ལྟར་ཆོལ་འཕྲུལ་ཟླ་བའི་ནང་སྨོན་ལམ་ཆེན་པོ་འཚོགས་རྒྱུ་ཡོད་ཅིང་། བྲག་འགོ་དཔོན་ཏྲེ་རྗེ་བདེ་བར་གཤེགས་པའི་སྐབས་སུ་མང་ཚོགས་ཀྱི་ཞབས་རྟེན་ཆེད་དུ་སྨོན་ལམ་འཚོགས་རྒྱུ་དབུ་འཛུགས་གནང་བ་མ་ཟད་སྨོན་ལམ་ཐོག་མ་དེ་དཔོན་གྱི་སྐུ་མཁར་དུ་འཚོགས་ཡོད་པ་དང་། ཕྱི་ལོ་ ༡༧༧༥ ལོ། རབ་བྱུང་བཅུ་གསུམ་པ་སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྤྲུལ་གྱི་ལོར་སྨོན་ལམ་འཚོགས་ཡུལ་རེ་ཞིག་བར་བྲག་མགོ་དགོན་གྱི་འདུ་ཁང་ཆེན་མོ་རུ་བྱས། ཕྱི་ལོ་༡༨༢༩ ལོ། རབ་བྱུང་བཅུ་བཞི་པ་དགའ་བ་ཞེས་པ་ས་མོ་གླང་གི་ལོར། བྲག་མགོ་མང་ཚོགས་ཡོངས་ཀྱིས་བྲག་དགོན་གཙུག་ལག་ཁང་ཆེན་མོ་གསེར་གྱི་རྒྱ་ཕིབས་ཀྱི་བརྒྱན་པར་བཞེངས་བཀོད་བྱས་ཏེ་སྨོན་ལམ་གྱི་འཚོགས་ཁང་རྟེན་དང་བརྟེན་པ་བྱས་པ་བསྒྲུབ་པར་བགྱིས་སོ།།
སྨོན་ལམ་དབུ་འཛུགས་སྐབས་ཡུལ་ཁམས་འདིའི་དགོན་གྲྭར་གཏོགས་པའི་དགེ་འདུན་བགྲེས་གཞོན་ལྷག་ལུས་མེད་པར་འཚོགས་དགོས་ཤིང་། བསྒྲིགས་བཀོད་དང་སྲོལ་རྒྱུན་ནི་༸གོང་ས་ལྔ་པ་ཆེན་པོའི་བཀའ་སློབ་ལྟར་བཅའ་ཡིག་ཆེན་པོའི་དགོངས་རྒྱུན་ལག་ལེན་སྟར་རྒྱུ་དང་། ཆོས་མཛོད་བློ་བཟང་མཁས་གྲུབ་ཀྱིས་དགོན་གནས་འདིའི་བསྟན་སྲིད་འཛིན་སྐབས་བཅའ་ཡིག་ཁ་གསལ་ཞིག་ཀྱང་གཏན་འབེབས་གནང་ཡོད་འདུག་ཅིང་། བཅའ་ཡིག་ཆེན་པོ་དེ་གཉིས་སྨོན་ལམ་གྲལ་འཛིན་ཉིན་ཚོགས་དབུས་སུ་ཡོངས་བསྒྲགས་བྱེད་དགོས།
ཚོགས་འཚོགས་སྟངས་སོགས་བཅའ་ཡིག་འདི་ཉིད་ཀྱི་དགོངས་རྒྱུན་འཆུག་མེད་བྱེད་དགོས་ཤིང་ལོ་ལྟར་ཟླ་ཚེས་འཕྲོད་སྦྱོར་ལེགས་པ་ཞིག་ལ་རང་དགོན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། ཡང་ན་ཕྱོགས་མིན་གྱི་བླ་སྤྲུལ་གང་ཡང་རུང་བ་ཞིག་ལ་བྲག་དགོན་སྨོན་ལམ་ཆེན་མོ་ཡི་དབུ་བཞུགས་སུ་ཕེབས་རོགས་ཅེས་སྔོན་བརྡ་ཕུལ་མི་སྐུ་ཚབ་ཆེད་མངགས་གཏོང་དགོས་ཤིང་། གདན་དྲངས་པའི་དུས་ཚོད་ཀྱང་གཏན་ཁེལ་བྱེད་དགོས། 
ལོ་ལྟར་ཟླ་༡༢ པའི་ཚེས་༡༥ ལ་སྨོན་ལམ་སྡེ་གཉེར་ཞེས་དགོན་པའི་གྲྭ་རྒན་རབས་ལས་ཚན་བཟུར་པ་ཞིག་བསྟན་བདག་གིས་བསྐོ་བཞག་མཛད་རྒྱུ་དང་། ཁོང་ལ་སྡེ་གཉེར་གྱི་ཁང་པ་དང་། ཡོ་བྱད། བཅའ་སྡེབས་སོགས་རྩིས་སྤྲོད་བྱས་ནས་འགན་ཡུན་ལོ་གྲངས་གསུམ་རིང་ཁུར་དགོས། གོང་ཚེས་བཅོ་ལྔ་ཉིན་སྡེ་གཉེར་དེ་དང་། སྐྱ་ས་ནས་མི་རབས་མི་རྒྱུད་ལ་འགན་ཁུར་ཡོད་སའི་ཕྱག་མཛོད་དང་།དེ་གཉིས་ཀྱི་དཔུང་རོགས་བློ་ཁེལ་བའི་སེར་སྐྱ་གཉིས་དང་།དྲུང་ཡིག་ཆེན་མོ་གཅིག་ཁྲལ་སྡེ་ནང་ནས་མི་སྐྱ་ལག་གཡོག་བཞི།སྡེ་གཉེར་གྱི་མ་ཆེན་གཅིག ཁང་གཉེར་ཞེས་ཁྲལ་སྡེ་ནང་རྒྱུན་མར་ཁང་ས་དང་།དངོས་རྫས་སྲུང་མི་གཅིག་ཡོད་པ་སོགས་ཁྱོན་དཔོན་གཡོག་བཅུ་གཅིག་གམ།དེ་ཉིན་འདུ་ཚོགས་བྱས་ཏེ་དཔལ་འབྱོར་རབ་བརྟན་ཞེས་གྲྭ་མང་ཐབ་ཁང་ཆེན་མོ་དང་སྦྲེལ་བའི་སྡོད་ཁང་དུ་གཞིས་ཆགས་ས་རེད།
དེའི་ནང་ནས་སྡེ་གཉེར་སེར་སྐྱ་གཉིས་དང་།དྲུང་ཡིག་ཆེན་མོ་གསུམ་གྱིས་ལྷ་ཁང་དུ་མཆོད་ཁ་གསོ་བ་དང་།བྱ་བ་ལེགས་འགྲུབ་འོང་བའི་སྲུང་མར་འཕྲིན་བཅོལ་བྱེད་སར་འགྲོ་དགོས། སྨོན་ལམ་སྡེ་གཉེར་འདུས་ནས་བཟུང་མཐར་གཏོར་རྒྱག་གི་དུས་སྐབས་བར་འདོན་བརྡ་དངོས་རྫས་ཆེ་ཕྲ་ཅི་ཐོན་སྨོན་ལམ་སྡེ་གཉེར་ནས་བདག་སྤྲོད་བྱེད་རྒྱུ་ཡིན། དུས་རྒྱུན་དགོན་སྤྱི་དང་། གྲྭ་ཚང་ཆོས་གྲྭ་བས་ལེན་རྒྱུ་ཡིན་འདུག ཟླ་༡༢པའི་ཚེས་༢༥དང་༢༦གང་རུང་ལ་དབུ་རྩེ་ལྷ་དང་། རྒྱལ་གསོལ་ཁང་སོགས་ཀྱི་ནང་དུ་ལོ་གཏོར་བརྗེ་བ་དང་། གསོལ་ཁ་ཉིན་གཅིག་དང་། བསྐང་ཚོགས་དང་། བསང་གསོལ་བྱེད་དགོས། བོད་ཟླ་དང་པོའི་ཚེས་གཅིག་སྟེ། ལོ་སར་ཚེས་གཅིག་ཉིན་སྡེ་གཉེར་ཁང་དང་། ལྷ་མོ་ཡི་ཚེ་བསང་དང་། ཚེ་གཏོར་ཕུལ་དགོས། ཉིན་གཅིག་ལ་དཔོན་གཡོག་རྣམས་ཀྱིས་ལོ་སར་དུས་སྟོན་མཛད་རྒྱུ་ཡིན། ཚེས་གཉིས་ནས་བདུན་བར་ཚོགས་ཆེན་དབུ་མཛད། སྔགས་པ་དབུ་མཛད། གྲྭ་ཚང་དབུ་མཛད་རྣམས་དང་མཆོད་དབྱངས་པ་བདུན་བཅས་ཀྱིས་རྟ་དབྱངས་སྦྱོང་དགོས། འདིའི་ཉིན་ཞལ་ངོ་གཉིས། དགེ་གཡོག་བཞི། ལས་སྣེ་རྣམས་དགོན་དེའི་ཕྱི་ནང་ཀུན་ཏུ་སྐོར་གཡེང་ལ་འགྲོ་ནས་ཞིབ་གཟིགས་བྱེད་རྒྱུ་ཡིན་ཞིང་། ཉིན་དེ་ནས་རམ་སྒོ་རྒྱ་སྒོ་དང་། ཡེ་ཤེས་རྒྱ་སྒོ་གཉིས་སྒོ་རྒྱབ་ཅིང་སྒོ་ཐེམ་བརྒྱབ་ནས་སྒྲིག་ཁྲིམས་སྡོམ་དགོས། ཚེས་༥ ཉིན་སྨོན་ལམ་གྲལ་འཛིན་འཚོགས་རྒྱུ་དང་། གཙུག་ལག་ཁང་གི་ཐོག་ཁ་ནས་དུང་འབུད་གཉིས་ཀྱིས་དུང་བརྡ་ཐེངས་གཉིས་བཏང་བ་ན་གྲྭ་མང་འཚོགས་དགོས་ཤིང་། དུང་བརྡ་གསུམ་པའི་སྐབས་སུ་ཞལ་ངོ་གཉིས་དང་། དབུ་མཛད་ཆེན་མོ་བཅས་ཚོགས་སུ་ཕེབས་ཏེ་འདོན་པ་གསུང་དགོས། གསོལ་ཇ་གསུམ་པའི་སྐབས་སུ་ཨ་དཔོན་གྱིས་སྤོས་སྣ་ཁྲིད། དགེ་གཡོག་བགྲེས་པས་བཅའ་ཡིག་ཆེན་མོ་དྲངས་ནས་ཞལ་ངོ་བགྲེས་པས་ཚོགས་དབུས་སུ་འདོན་དགོས་པ་དང་། མཇུག་ཏུ་ཤིས་བརྗོད་ཁ་ཤས་བརྗོད་དེ་བཅའ་ཡིག་ཆེན་མོ་ཚོགས་ཁང་དབུས་ཀྱི་རྣམ་ཐར་སྒོ་གསུམ་གྱི་ནང་ནས་ཡར་དྲངས་དགོས། གསོལ་ཇ་གཉིས་པའི་ཐོག་ཞལ་ངོ་བགྲེས་པས་ཚོགས་ཞུ་བཅའ་ཡིག་གི་དགོངས་དོན་འཚོགས་ཀྱི་སྒྲིག་ལམ་མདོར་བསྡུས་དང་། གྲྭ་ཡིག་འདོན་པའི་ལོ་རྒྱུས་སྐོར་གསུངས། ཇ་གསུམ་པའི་མཇུག་ཏུ་གཏོར་འབུལ་དང་། དམིགས་བརྩེ་མ་འདོན་བཞིན་ཚོགས་གྲོལ་རྒྱུ་ཡིན། ཕྱོགས་བཞིའི་ཁམས་ཚན་དགེ་རྣམས་ཀྱིས་གྲྭ་མང་གི་མཚན་ཐོ་འདོན་དགོས། བཀའ་བཅུ་དང་། དགེ་སློང་རྣམས་ཀྱིས་ཆོས་གོས་གསོལ་དགོས། ཚེས་༦ ཉིན་མོ་མཆོད་དབྱངས་པ་གཅིག་གིས་དབུ་མཛད་ཚབ་བྱས་ཏེ་ཚོགས་འཚོགས་དགོས། ཞལ་ངོ་གཉིས་ཚོགས་དབུས་སུ་ཕེབས་མི་དགོས། བྲག་མགོ་དགོན་པའི་དགོན་ལག་རྣམས་རེས་མོས་བཞིན་སྨོན་ལམ་སྡེ་གཉེར་གྱིས་སྔོན་བརྡ་བཏང་ནས་ཕེབས་དགོས། ཚེས་བརྒྱད་དངོས་གཞི་ཉིན་བེ་ཧར་གསང་མདོའི་ཞེས་པའི་མདོའི་ཆེན་ཞིག་གཏོང་དགོས། ཚེས་བརྒྱད་ནས་སྨོན་ལམ་དངོས་གཞིའི་ལམ་ལུགས་ལ་སྐམ་འཚོགས་གསུམ་དང་། རློན་ཚོགས་གསུམ་རེ་ཡོད། ཉིན་ལྟར་ཞོགས་པར་སྐྱབས་རྗེ་བླ་མ་གདན་དྲངས་ཏེ་གསུང་ཆོས་ར་བར་མང་ཚོགས་ལ་གསུང་ཆོས་གནང་དགོས། དེའི་རྗེས་སུ་དགུང་ཚིག་ཚོགས་རྒྱུ་དང་ །ཉིན་གཞུང་དུས་སུ་ཡང་དམ་བཅའ་འཚོགས། དམ་བཅའ་གྲོལ་རྗེས་བླ་མ་གདན་དྲངས་ཏེ་སྨོན་ལམ་སྐམ་ཚོགས་དངོས་གཞི་འཚོགས་རྒྱུ་དང་། དེ་མར་གྲོལ་རྗེས་མང་ཚོགས་ཀྱིས་སྐུ་བསང་མཛད་རྒྱུ་ཡིན། དེའི་སྐབས་ཆོས་ར་ཁང་ནས་གྲྭ་མང་ཡོངས་དང་། སེར་སྐྱ་ཚང་མ་འཛོམས་སར་ཚོགས་ཆེན་ཞལ་ངོ་བགྲེས་པ་ནས་སྨོན་ལམ་ཆེན་མོ་འདི་རྩ་ཆེན་ཡིན་རབས་དང་། སྔོན་ནས་སྲོལ་རྒྱུན་ལྟར་སྒྲིག་བཀོད་ཀྱི་ལོ་རྒྱུས་ཞིབ་པར་གསུང་བཤད་གནང་དགོས།
དུང་བརྡ་གཉིས་པར་ཡར་འཚོགས་རྒྱུ་དང་། དུང་བརྡ་གསུམ་པའི་ཐོག་ཚོགས་གྲིལ་བ་དང་ཞལ་ངོ་གཉིས་དང་། བྱང་འདྲེན་ཆེན་མོ་བཅས་གདན་དྲངས་ནས་ཚོགས་ལ་ཕེབས་དགོས། དགོང་མོ་ས་མ་རུབ་ཙམ་ལ་དམ་བཅའ་འཚོགས་ཏེ་དམ་བཅའ་གྲོལ་རྗེས་དཔེ་ཆའི་མཁར་རྔ་བརྡུང་ནས་གྲྭ་བགྲེས་གཞོན་ཚང་མ་རང་རང་གི་ཁང་ཐོག་ཏུ་ཕེབས་ཏེ་དཔེ་ཆ་སྐྱོར་དགོས། ར་ཁང་སྤྱི་རྒན་དང་། དགེ་གཡོག་བཅས་དཔེ་ཆ་སྐྱོར་མིན་ལྟ་སྐོར་འགྲོ་དགོས། ཉིན་བཞིན་ཞོགས་པ་སྐྱ་རེངས་ཤར་དུས་མི་སྐྱ་ཕོ་མོ་རྣམས་ལ་མ་ཎི་བླ་མས་བསྙུང་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་ཐེག་ཆེན་གསོ་སྦྱོང་གནང་དགོས། ཕྱི་དྲོ་དགོང་ཚོགས་སྐབས་སུ་མ་ཎི་བླ་མ་དཔོན་གཡོག་གསུམ་སོ་སོར་གསུང་ཆོས་ར་བའི་བང་རིམ་སྟེང་དུ་གདན་ལ་བཞུགས་ཏེ་མི་སྐྱ་ཕོ་མོ་རྣམས་ལ་མ་ཎི་བཀའ་འབུམ་འགྲེལ་བཤད་དང་། སྐྱབས་ཐུགས་རྗེ་མ་དང་། བསྔོ་བའི་མཐུན་འགྱུར་རེ་རེ་བཞིན་ཆོས་ཁོངས་རྣམས་ཀྱིས་མ་ཎི་འུར་འདོན་བྱེད་རྒྱུ་ཡིན། དེ་དག་ཚང་མ་ཉིན་བཞིན་འདྲ་བ་ཡིན། ཚོགས་ཆེན་ནང་གི་འདོན་པ་ལ་ཉིན་རེ་བཞིན་མི་འདྲ་བའི་ཁྱད་པར་མང་པོ་ཡོད་ཅིང་། དེ་དག་དབུ་མཛད་ཆེན་མོའི་འགན་འཁྲི་ཡིན།
སྨོན་ལམ་སྐབས་སུ་དགེ་བཤེས་རྣམས་པ་དམ་བཅའ་བཞུགས་དགོས་ཤིང་། དེ་ཡང་ཚེས་༡༣ ཉིན་དགེ་བཤེས་མཁས་པ་གཅིག་དམ་བཅའ་སྡོད་དགོས་པ་དང་། ཚེས་༡༤ ལ་བླ་མ་ཁྲི་པ་དམ་བཅའ་བཞུགས་དགོས་པ་དང་། ཚེས་༡༥ལ་ཆོས་ར་མཁན་པོ་དམ་བཅའ་བཞུགས་དགོས་ཤིང་། མཁན་ལས་ཟུར་དང་། དགེ་བཤེས་མཁས་པ། དེ་མིན་བཀའ་བཅུ་དང་། ཆོས་ར་བའི་གྲྭ་གསར་རྣམས་ཀྱིས་མདོ་སྔགས་ཚང་མའི་ནང་ནས་རྟགས་བསལ་གཏོང་དགོས་པ་སོགས་ཆོས་སྒྲའི་རྔ་གསང་ཕྱོགས་སུ་ལྡིར་བར་མཛད་དེ་བསྟན་པའི་དབུ་འཕང་དགུང་ལ་བཏེགས་པའི་ལོ་རྒྱུས་ཡོད།
གཞན་ཡང་ཚེས་༡༥ ཉིན་གསུང་ཆོས་ར་བ་ནང་དུ་གནས་ཆུང་ཆོས་སྐྱོང་གཙོས་བྱེད་པའི་ལྷ་ཕབས་བྱེད་སྲུང་མདུན་དང་། ཕྱག་ནས་ལེན་པ་དང་། སྲུང་མ་ཚོས་སྐྱབས་རྗེ་བླ་མར་དར་ཁ་འབུལ་བ་དང་། སྐྱབས་རྗེ་བླ་མས་སྲུང་མ་རྣམས་ལ་ཇ་ཕུད་དྲང་རྒྱུ་ཡིན།
སྐྱབས་རྗེ་བླ་མས་གསུང་ཆོས་ར་བ་ནས་སྐྱེ་རབས་སོ་བཞི་པ་འཆད་ཅིང་། དེ་གྲོལ་རྗེས་དགུང་ཚིག་འཚོགས་ཏེ་སྡེ་གཉེར་གཙོས་བྱས་པའི་ལས་སྣེ་རྣམས་ཀྱིས་གཟན་སྤྲས་ལེགས་པར་བརྒྱབ་ཏེ་ཚོགས་དབུས་ནས་སྐྱབས་རྗེ་བླ་མར་མཎ་ཌལ་འབུལ་དགོས།
ཚེས་༡༦ དང་༡༧ བཅས་ལ་འཚོགས་ལུགས་སྔར་ལྟར་དང་། ཚེས་༡༨ ལ་སྔ་དྲོ་དགེ་གཡོག་དམ་བཅའ་འཇོག་རྒྱུ་དང་། ཕྱི་དྲོ་དམ་བཅའ་གྲོལ་རྗེས་གྲྭ་མང་ཚང་མས་དམིགས་བརྩེ་མ་བཏོན་ཏེ་རྡི་སྐད་གཏོང་བ་དང་། རྡི་སྒྲ་དཀྲུགས་དགོས། 
ཚེས་༡༩ ལ་བྱམས་པ་གདན་འདྲེན་ཞུ་རྒྱུ་དང་། ཆོས་ར་ནང་དུ་གར་འཆམ་བྱེད་པ་དང་། གཏོར་མ་རྫོགས་དགོས་ཤིང་། དེའི་སྐབས་སུ་མི་སྐྱ་ནང་ནས་མེ་མདའ་འཕེན་མཁན་གང་ཡོད་འོང་ཏེ་གཏོར་རྒྱག་ཆེད་མེ་མདའ་འཕེན་དགོས་པ་སོགས་སྨོན་ལམ་སྐབས་ཀྱི་མཛད་རིམ་མདོར་བསྡུས་ཙམ་སྟེ་མདོར་ན་བོད་ཟླ་དང་པོའི་ཚེས ༥ ནས་བཟུང་ཚེས་༡༩ དགུ་བར་ཆོས་ཕྱོགས་དང་འབྲེལ་བའི་མཛད་སྒོ་རྒྱ་ཆེར་བྱེད་ཀྱིན་ཡོད།
དེ་བཞིན་དུ་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ལ་དགའ་ལྡན་ལྔ་མཆོད་ཆེན་པོ་སྟེ་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཀྱི་སྒྲུབ་མཆོད་ཉིན་འགར་འཚོགས་རྒྱུ་ཡིན་པ་དང་། འདིའི་སྐབས་སུ་ཡང་དམ་བཅའ་འཚོགས་ཏེ་མདོ་སྔགས་གཞུང་ལུགས་ཀུན་ལ་དཔྱད་གསུམ་རིགས་པས་རྩོད་ལན་རྒྱ་ཆེར་བྱེད་ཅིང་། དགེ་བཤེས་དང་།དཀའ་བཅུ་མཁས་པ་རྣམས་ཀྱིས་རིགས་པའི་རོལ་རྩལ་ངོམས་ས་གཙོ་བོ་ཞིག་ཡིན་འདུག ལྔ་མཆོད་ཀྱི་སྐབས་དགེ་བསྐོས་དང་། དགེ་གཡོག་སོགས་བརྗེ་རན་ལ་སླེབས་པ་རྣམས་བརྗེ་ལེན་སྤྲོད་རྒྱུ་ཡིན་འདུག་ཅིང་གཞན་ཡང་འདིའི་སྐབས་སུ་ལོ་གཅིག་ལ་གྲྭ་རྒྱུན་གསར་ཞུགས་རྣམས་གྲྭ་པའི་མཚན་གཞུང་དུ་འཁོད་རྒྱུ་དང་། ཁང་ཚན་སོ་སོའི་ཁང་རྒན་རྣམས་ཀྱིས་རང་ཁོངས་ཀྱི་གྲྭ་པ་རྣམས་ཚང་འཛོམས་བྱས་ཡོད་མེད་ཀྱི་མཚན་ཐོ་ཀློག་དགོས་རྒྱུ་ཡིན །ལྔ་མཆོད་སྐབས་སུ་དམ་བཅའ་འཚོགས་རྒྱུ་ལ་སོགས་པའི་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་ཡོད་ཀྱང་ལོ་རྒྱུས་ལ་རྒྱས་མངའ་ཞན་སྟབས་དེ་ཙམ་ལས་བྲིས་མ་ནུས།དེ་བཞིན་དུ་དགུ་པ་ལྷ་བབ་དུས་ཆེན་སྟེ་རྒྱལ་བ་ལྷ་ལས་བབ་པའི་དུས་བཟང་ལ་ཡང་འཚོགས་མཆོད་དང་དམ་བཅའ་འཚོགས་རྒྱུ་སོགས་ཡོད་ལ། དེ་བཞིན་དུ་ལོ་གཅིག་ལ་འཚོགས་མཆོད་མང་པོ་ཡོད་ཀྱང་ལོ་རྒྱུས་ལ་རྒྱུས་མངའ་ཞན་སྟབས་དེ་ཙམ་ལས་བྲིས་མ་ནུས་སོ། །

མདོར་ན་གནའ་བོ་ཧོར་བྲག་མགོ་དགོན་ཆེན་དེ་ཉིད་གཞུང་ཆེན་བཀའ་པོད་ལྔ་དང་བརྡ་སྤྲོད་རིག་གནས་སོགས་ལ་དཀའ་སྤྱོད་དང་བླངས་ཁུར་གྱིས་བཞེས་ནས་སྦྱང་བརྩོན་གནང་སའི་གནའ་རབས་ཀྱི་སློབ་གླིང་ཞིག་ཡིན་པ་ལས་ཟ་ཉལ་དང་སྐྱིད་ཉལ་བྱེད་སའི་གསོག་སྐར་ཞིག་གཏན་ནས་མིན་པ་ལོ་རྒྱས་ཀྱིས་ཤིན་ཏུ་གསལ་བཤད་བྱས་ཡོད་དོ། །

ཧོར་བྲག་མགོ་དགོན་པས་རང་དབང་འཐད་རྩོད་ཇི་ལྟར་བྱས་མིན་སོགས་མདོར་ཙམ་གླེང་བ།
རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་དམར་པོ། འདས་པའི་ལོ་རྒྱུས་སུ་བྲག་མགོའི་སྐྱ་སེར་ཡོངས་ཀྱི་དགྲ་དམར་ལ་ངོ་རྒོལ་དང་ཚེ་སྲོག་དམར་པོའི་ལེགས་སྐྱེས་བོད་མི་རིགས་ཀྱི་བསྟན་སྲིད་དོན་དུ་ཇི་ལྟར་ཕུལ་ཚུལ་མཐོང་ཐོས་མྱོང་གསུམ་གྱི་དུང་བརྡ་ཅུང་ཟད་གླེང་ན། 
 སྤྱི་ལོ༡༩༣༦ མེ་བྱི་ལོ་རྒྱ་ནག་གུང་ཁྲན་ཏང་གི་དམར་དམག་གིས་བཙན་འཛུལ་བྱས་ཏེ། ཞིང་འབྲོག་དུ་མའི་རྒྱུ་ནོར་འཕྲོག་བཅོམ་དང། ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་འདྲེ་སྲིན་ལག་རིང་སྐྱོང་སྐབས། བྲག་མགོའི་སྐྱ་སེར་ཚང་མས་མགྲིན་གཅིག་དབྱངས་གཅིག་ཏུ་ཞི་བའི་ངོ་རྒོལ་བྱས་ཀྱང་མ་ཉན། དེ་ནས་འུ་ཐུག་ཐབས་ཟད་ཀྱིས་མི་མང་ས་མཐར་ཕྱིན་ཏེ་རྒྱལ་གཅེས་དཔའ་བོ་ཞལ་ངོ་བློ་ལོ་དང་རྟ་མགྲིན་དབང་རྒྱལ། མགོན་པོ་བཅས་ཀྱིས་འགོ་ཁྲིད་ནས་སྡེ་སར་ཤོག་པ་བཞིའི་སྡེ་དམག་ཉིས་སྟོང་ཙམ་གྱིས་ཕར་རྒོལ་དྲག་པོ་བྱས་མཐར། རྒྱ་དམག་སྟོང་ལ་ཉེ་བའི་ཚེ་སྲོག་མི་མངོན་བའི་མཁའ་དབྱིངས་སུ་བསྐྱལ། བྲག་མགོའི་དམག་དཔོན་བློ་ལོ་དང་རྟ་མགྲིན་དབང་རྒྱལ་སོགས་རྒྱལ་གཅེས་དཔའ་བོ་བརྒྱ་ལྷག་གི་ཟུངས་ཁྲག་དྲོན་མོ་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་འཇགས་ལ་ལེགས་སྐྱེས་ཕུལ། ཟུངས་ཁྲག་དང་མིག་ཆུའི་རླབས་སྒྲ་ཁྲོད་ན་ཡུག་མོ་འབུམ་གྱི་ངུ་སྒྲས་ལྷིང་འཇགས་ཀྱི་རྨི་ལམ་དཀྲུགས། གང་ལྟར་རྒྱ་དམག་ལ་རིམས་ནད་དྲག་པོ་ཞིག་ཕོགས་ཏེ་དམག་དཔུང་ཕྱིར་འཐེན་བྱས་སྐབས་ཞིང་འབྲོག་མི་དམངས་ཚུར་རང་ཁྱིམ་དུ་ལོག་ཀྱང། འཇིག་རྟེན་དཔེ་ལ། དམག་བརྒྱབ་ཤུལ་ལྟ་བུའི་ཁྱིམ་གཞིས་དྲོན་མོ་སྟོང་པར་བཟོས། སྟོན་མཇུག་གི་གྲང་རླུང་ཁྲོད་ཡང་བསྐྱར་ཁྱིམ་གཞིས་གསར་བའི་འགོ་བཙུགས།  
སྤྱི་ལོ་ ༡༩༥༠ ལོར་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག་གི་ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གསར་རྗེ་དར་དམར་ཆེན་པོ་བསྒྲེངས་ཏེ། བོད་ཞི་བའི་བཅིང་གྲོལ་སྐོར་གྱི་སྲིད་ཇུས་ཁྱབ་བསྒྲགས་བྱས་ཤིང་། གོང་གྲས་ཀྱི་མི་སྣ་རྒྱ་ཡུལ་དུ་ལྟ་སྐོར་དུ་ཕེབས་ཁྲིད་བྱས་ཏེ་དངོས་རྫས་ཀྱི་སྐྱེས་ཕུལ་བ་དང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་ཡིན་ཟེར་བའི་ཁྱབ་བསྒྲགས་བྱས་ཏེ་མཐུན་སྒྲིལ་གྱི་བྱ་བ་བསྒྲུབ་དགོས་པར་བཤད། འོན་ཀྱང་རེ་ཞིག་ན་རྒྱ་བོད་ཀྱི་འཆོལ་གཏམ་སྣ་ཚོགས་ཤིག་གླེང་སྟེ། ༡༩༥༦ ལོ་བྲག་མགོ་དགོན་པས་རྒྱ་གཞུང་གི་ཇུས་ནག་དང་དུ་མ་བླངས་པར་ངོ་རྒོལ་གྱིས་འཁྲུག་ཟིང་བསླང་། དེ་ནས་དམངས་གཙོ་བཅོས་བསྒྱུར་དང་། ངོ་རྒོལ་བཞིའི་ལས་འགུལ་བསྒྲུབས་པའི་རྗེས་སུ། བྲག་མགོ་དགོན་པ་དེ་སོར་བཞག་གི་དགོན་པ་བྱེད་ནས་བླ་མ་མཉམ་ལས་ཁང་འཛུགས་ཏེ་སྲུང་སྐྱོབ་བྱས། 
སྤྱི་ལོ་ ༡༩༦༦ རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར། རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་འགུལ་བསྐྱོད་ལ་བརྟེན་ནས། ལྷག་འཕྲོས་སྐུ་གསུང་ཐུགས་རྟེན་རྣམས་དང་། མཆོད་རྫས་ཡོ་བྱད་རྣམས་རྩ་བ་ནས་གཏོར་ཏེ། མི་རིགས་ཀྱི་ཡུལ་སྲོལ་དང་། ཆོས་ལུགས་ཀྱི་བསྟན་པ་བསྣུབས་ཤིང་། འཐབ་རྩོད་ཁོ་ནའི་ངང་དུ་དུས་འདའ་བར་བྱས་ཤིང་གནའ་བོ་དགོན་སྡེ་ཡི་ཤུལ་ཙམ་ཡང་མེད་པར་ཞིང་ཁ་རུ་བསྒྱུར།ལོ་རྒྱུས་ལ་རྒྱུས་མངའ་ཞན་སྟབས་གནའ་བོ་བྲག་མགོ་དགོན་གྱི་བྱུང་རབས་འདི་ཙམ་ལས་བྲི་མ་ནུས་ཤིང་།འདི་དག་ཀྱང་ཆད་ནོར་ཅི་རིགས་ཡོད་སྲིད་པས་མཁྱེན་དཔྱོད་ཅན་ཚོས་ཡོ་བསྲང་ཡོད་པར་ཅིས་ཀྱང་ཞུ།

དེང་སང་གི་བྲག་མགོ་དགོན་པ།
སྤྱི་ལོ་ ༡༩༨༡ རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་ལོར།རྫོང་ཆབ་གྲོས་ཀྱི་ཨུ་ཡོན་རྦ་ལུང་ཁྲི་སྤྲུལ་བྱམས་པ་ཆོས་གྲགས་བསྟན་དར་དང་།འཁོར་ལོ་གདོང་སྤྲུལ་སྐུ་དཔལ་མགོན།ས་འགོ་མགོན་སྤྲུལ་སྐུ་ནོར་བུ་དྲི་མེད།རྫོང་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དབྱངས་དགེ་ལེགས་དང་།རྡོ་རྗེ་དགྲ་འདུལ་རྣམས་ཀྱིས་སྔོན་སྐུ་ཞབས་ཀེའུ་ཚང་མཆོག་སྤྲུལ་རིན་པོ་ཆེའི་བཞུགས་གནས།སེང་ལྡེང་རི་ཁྲོད་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་བྱས། འདི་ནི་བྲག་མགོ་རྫོང་གི་བསྟན་པ་ཕྱི་དར་གྱི་ཆོས་སྒོ་ཕྱེ་བའི་ཐོག་མ་ཡིན།
ཕྱི་ལོ་ ༡༩༨༤ རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་བྱི་བའི་ལོའི། ཟླ་༡༠ པའི་ཚེས་༨ ལ་དགའ་ལྡན་ཁྲི་རིན་པོ་ཆེའི་ཡང་སྲིད་ཝ་ལུང་ཁྲི་སྤྲུལ་བྱམས་པ་ཆོས་གྲགས་བསྟན་དར་དང་།དགེ་བཤེས་ཁྲི་པ་ཨ་རྡོར་སོགས་དགེ་འདུན་རྒན་རབས་རྣམས་དང་།དབུ་མཛད་འཇམ་དབྱངས་དང་། དཀའ་བཅུ་བ་དགེ་དགོན་པ་སྐྱབས་སོགས་ཀྱིས་གཙོས་འགན་བཞེས་ནས་༸གོང་ས་མཆོག་གིས་བརྟགས་ཕབ་བཞིན་དུ་མདོ་ཁམས་ཟལ་མོ་སྒང་རྒྱུད་དུ་གཏོགས་པའི་རི་གསོ་སྒང་འདབས་ཀྱི་གནས་མཆོག་ཁྱད་པར་ཅན་དུ་ཧོར་བྲག་མགོ་དགོན་པ་དགའ་ལྡན་རབ་བསྟན་རྣམ་རྒྱལ་གླིང་གི་གཙུག་ལག་ཁང་ཆེན་པོའི་རྨང་གཞི་གསར་དུ་བཀོད་དེ།ཡུལ་དེའི་དགེ་འདུན་འདུས་སྡེ་རྣམས་དང་།མང་ཚོགས་ཀྱིས་རང་མོས་ལྟར་རྒྱུ་རྫས་ཀྱི་ཐེབས་བཞག་དང་།ལས་ཀའི་སྟོབས་ཤུགས་ལ་བརྟེན་ནས་བཞེངས་བཀོད་འགོ་འཛུགས་བྱས་འདུག
དགོན་འདི་གསར་འཛུགས་ཀྱི་ལས་རིམ་ཡང་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པ་དང་། ཐོག་མར་གཙུག་ལག་ཁང་བཞེངས་བསྐྲུན་བྱས་ཤིང་། ཕྱིས་སུ་ལོ་རབས་དགུ་བཅུ་པའི་ནང་སྔགས་པ་གྲྭ་ཚང་གསར་བཞེངས་དང་། སྟོང་ལོ་གསར་པའི་ནང་ཆོས་ར་གོང་མའམ་བྱམས་ཁང་གསར་བསྐྲུན་གནང་། དགོན་འདིར་ཕྱི་ལོ་ ༡༩༨༦ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ཞབས་སོར་འཁོད་དེ་སེར་སྐྱ་མང་ཚོགས་ལ་ཆོས་འབྲེལ་དང་། བླང་དོར་གྱི་བཀའ་སློབ་གནང་བ། དགོན་པ་གསར་པར་བྱིན་གྱིས་བརླབས་པ་སོགས་ཀྱང་གནང་མྱོང་ཡོད་འདུག
ད་ལྟའི་བྲག་མགོ་དགོན་འདི་ལ་ཡང་མཚན་ཉིད་གྲྭ་ཚང་དང་། སྔགས་པ་གྲྭ་ཚང་སོགས་མདོ་སྔགས་གཉིས་ཀྱི་ཕྱོགས་ནས་འཆད་ཉན་གནང་ས་ཡོད་ཅིང་། སློབ་གཉེར་བྱེད་ཚུལ་དང་།     གྲྭ་སར་འགྲོ་སྟངས། ཚོགས་མཆོད་དང་། མཛད་རིམ་ཁག་གནའ་བོ་དགོན་པ་དང་ཕར་ཆེར་གཅིག་མཚུངས་སུ་གནས་ཡོད་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགའ་རེ་འགྱུར་བ་བཏང་ཡོད་ཀྱང་ཁྱད་པར་ཆེར་མེད་པས་འདིར་འཁོད་དགོས་པ་མ་མཆིས་སྙམ། དེང་སང་དགོན་འདི་ལ་སྨན་པ་གྲྭ་ཚང་ཡང་གསར་འཛུགས་བྱས་ཏེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།
དམིགས་བསལ་གྱི་གསལ་བཤད་ཅིག་ལ་སྤྱི་ཚོགས་གསར་པའི་ནང་གསར་དུ་ཕྱག་བཏབ་པའི་ཧོར་བྲག་མགོ་དགོན་འདིའི་ནང་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་ཉེས་བླང་དོར་གྱི་བཀའ་སློབ་གནང་བ་ལྟར་དགོན་འདིར་དོལ་རྒྱལ་བསྟེན་གསོ་མཚམས་འཇོག་གཙང་མར་བཟོ་བ་མ་ཟད་དགོན་པའི་གྲྭ་རིགས་སུས་ཀྱང་དོལ་རྒྱལ་བསྟེན་གསོ་བྱེད་མཁན་དང་མཉམ་དུ་ཆོས་དང་ཟང་ཟིང་གི་འབྲེལ་བ་མཚམས་འཇོག་གཙང་མར་བྱས་ཏེ་ལོ་མང་ཕྱིན་ཟིན་པ་ཡིན། 
དེང་སང་གི་བྲག་མགོ་དགོན་འདིར་མཚན་ཉིད་སློབ་གཉེར་བྱེད་མཁན་ཆོས་ར་བ་དང་སློབ་གྲྭ་བ་གཉིས་ཡོད་ཅིང་། སློབ་གཉེར་བ་མང་ཆེ་བ་གྲྭ་སར་འགྲོ་མ་མྱོང་བའི་གྲྭ་པ་གསར་བུ་རྣམས་དང་།  ཡང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གྲྭ་སར་ཕྱིན་ཏེ་ལོ་མང་སློབ་གཉེར་བྱས་ཏེ་ཕྱིར་ཕེབས་མཁན་ཡང་མང་པོ་ཡོད་། སློབ་ཁྲིད་བྱེད་མཁན་རྒྱ་གར་ནས་སློབ་གཉེར་བྱས་ཏེ་ཕྱིར་ཕེབས་པའི་དགེ་བཤེས་དང་། དཀའ་བཅུ་རྣམས་ཀྱིས་གཙོ་འགན་བཞེས་ཀྱིན་ཡོད་ལ། བར་ལམ་ནས་འཚོགས་བཞིན་པའི་མདོ་ཁམས་འཇང་དགུན་ཆོས་ལ་ཡང་མཉམ་ཞུགས་བྱེད་མུས་ཡིན་ཞིང་།   དེ་ཡང་རྫ་སེར་ཤུལ་དགོན་དང་། མི་ཉག་མགར་ཐར་དགོན། ཏྲེ་ཧོར་དཀར་མཛེས་དགོན། ལི་ཐང་དགོན་ཆེན། ཏྲེ་ཧོར་རྟའུ་དགོན་སོགས་སུ་འཇང་དགུན་ཆོས་འཚོགས་སྐབས་དགོན་འདིས་ཀྱངམཉམ་ཞུགས་ཀྱིས་དམ་བཅའ་སྡོད་པ་དང་། རྟགས་བསལ་གཏོང་བ་སོགས་བོད་བརྒྱུད་ནང་བསྟན་རིན་པོ་ཆེ་མི་ཉམས་རྒྱུད་འཛིན་ལ་སྨན་པའི་ཐུགས་ཁུར་མཉམ་བཞེས་གནང་གིན་ཡོད་འདུག་ཅིང་། ཁྱད་པར་དུ་ཡང་ཕྱི་ལོ་ ༢༠༡༠ ལོར་མདོ་ཁམས་འཇང་དགུན་ཆོས་ཧོར་བྲག་མགོ་དགོན་འདིར་འཚོགས་ཏེ་ནང་བསྟན་རིན་པོ་ཆེ་ལ་སྨན་པའི་བྱ་བ་རླབས་ཆེན་བྱེད་རྒྱུའི་སྐལ་བཟང་ཡང་ཐོབ་ཡོད་འདུག སྔ་ཕྱི་བར་གསུམ་དུ་རྒྱ་གར་ནས་ཕྱིར་ཕེབས་པའི་དགེ་བཤེས་དང་། དཀའ་བཅུ་སོགས་ཀྱིས་ཕྱི་ནང་ཅི་རིགས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་དགོན་འདིའི་བསྟན་པ་ལ་སྨན་པའི་ལས་རིགས་གང་མང་གི་ཕྱག་ལས་གནང་བའི་ཉེར་ལེན་ལས་ད་ལྟ་དགོན་འདིར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་ཕྱག་སྲོལ་ལྟར་གྱི་སློབ་གཉེར་དང་། སྒྲིག་འཛུགས། རྒྱུགས་སྤྲོད་བྱེད་ཚུལ་སོགས་བྱུང་ཐུབ་ཡོད།
ཕྱི་ལོ་ ༡༩༨༥ ལོར་དགོན་འདིར་མཚན་ཉིད་དང་། རིག་གནས། འདོན་ཁ་དཀྲི་དང་། བྲིས་གཟུགས་སོགས་སློབ་སའི་སློབ་གྲྭ་ཞིག་གསར་འཛུགས་བྱས་ཏེ། དགུན་ཁ་གང་ཡིན་ལ་འཚོགས་ཀྱིན་ཡོད་པ་དང་། ཕྱིས་སུ་སློབ་གྲྭ་དེ་ཆོས་རིག་འཛིན་སྐྱོང་སློབ་གྲྭ་ཟེར་བའི་སློབ་གྲྭ་ཚད་ལྡན་ཞིག་གི་ངོ་བོར་བསྒྱུར་ཏེ་སློབ་གྲྭ་སྤྱི་མཚུངས་ལྟར་གྱི་དུས་བཞི་ཆད་མེད་འཚོགས་ཐུབ་ཡོད་པ་དང་། སློབ་ཕྲུག་རྣམས་དཔེ་ཆ་ལྟ་མཁན་ཤ་སྟག་ཡིན་པ་མ་ཟད། སློབ་གྲྭའི་ནང་དུ་མཚན་ཉིད་གཙོས་བོད་ཀྱི་སྐད་ཡིག་སོགས་སློབ་ཀྱིན་ཡོད་པ་དང་། རིམ་གྱི་དགོས་དམིགས་ལ་གཟིགས་ཏེ་དེང་སང་རྒྱ་ཡིག ཨང་རྩིས་སོགས་ཀྱང་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང་། ཁྱད་པར་དུ་ལོ་འགའ་སྔོན་ནས་བཟུང་དགོན་པའི་སློབ་ཕྲུག་རྣམས་དང་ས་གནས་མི་སྐྱའི་སློབ་ཕྲུག་བར་ལ་བསམ་བློ་རྗེ་ལེན་དང་། ནང་ཆོས་ཀྱི་གོ་རྟོགས་སྤེལ་ཐབས་སུ་བགྲོ་གླེང་ཤིག་ཀྱང་དགོན་པའི་སློབ་གྲྭས་གོ་སྒྲིག་བྱས་ཏེ་ལོ་ལྟར་འཚོགས་བཞིན་པ་ཡིན་ལ། བོད་ཀྱི་ཆོས་དང་རིག་གཞུང་དང་། དེང་དུས་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་སླད་རྩོམ་རིག་སྣ་ཚོགས་འདུས་པའི་སློབ་གྲྭའི་དུས་དེབ་ཞིག་ཀྱང་དཔར་སྐྲུན་བྱས་དང་བྱེད་མུས་ཡིན།ཧོར་བྲག་མགོ་དགོན་འདིའི་དགོན་སྤྱི་དང་། སློབ་གྲྭ་ཟུང་འབྲེལ་ཐོག་ནས་ས་གནས་མང་ཚོགས་ལ་བོད་ཡིག་སློབ་པ་དང་། ནང་ཆོས་ངོ་སྤྲོད་བྱེད་པ་སོགས་ཀྱིས་ཕྱག་ལས་ཀྱང་གནང་བཞིན་ཡོད།

ད་ནི་དགོན་འདིས་རང་དབང་འཐབ་རྩོད་བྱས་པའི་སྐོར་ཅུང་ཟད་གླེང་ན།
 སྤྱི་ལོ་ ༢༠༠༨ ཟླ་བ ༦ པའི་ཚེས ༨ ཉིན་བྲག་མགོ་དགོན་པའི་བླ་གྲྭ་ ༢༠༠ སྐོར་དང་། མི་མང་བརྒྱ་ཕྲག་ཁ་ཤས་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་བརྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་ རང་དབང་ཏིལ་འབྲི་ཙམ་ཞིག་མེད་པའི་མི་སེར་ཉམ་ཆུང་ཚོར་དྲག་ཆས་དམག་དཔུང་གིས་གང་བྱུང་མནར་གཅོད་གཏོང་བཞིན་པའི་རྒྱ་གཞུང་ལ་ཞི་བའི་རོ་རྒོལ་བྱས། ཁོང་ཚོ་ལ་དགོས་པ་ནི་འགྲོ་བ་མི་ཡི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། བོད་མི་རིགས་རང་གི་སྲོལ་རྒྱུན་རིག་གཞུང་སྐད་ཡིག་ཉམས་གསོ་དང་ཆོས་ལུགས་དད་པ་རང་དབང་དགོས་པའི་སྐད་འབོད་དང་འཛམ་གླིང་ཞི་བདེ་དེད་དཔོན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་གཙོས་བོད་མི་གཞིས་བྱེས་གཉིས་མཉམ་འཛོམས་ཐོག་འཛམ་གླིང་ལ་ཞི་བདེ་སྐྲུན་ཐུབ་པའི་སྨོན་ཚིག་སོགས་བསྒྲགས་ཏེ། བྲག་མགོའི་རྫོང་གི་ལམ་གསུམ་སུམ་མདོ་རུ་ཕྱིན་ནས་ཟས་བཅད་ངོ་རྒོལ་བྱས། སྐབས་དེར་དམར་དམག་གིས་གྲྭ་རྐྱང་ཚོ་ལ་ཉེས་རྡུང་དང་མེ་མདའི་འུར་སྒྲས་གནམ་ས་བླ་འོག་ཏུ་སྒྱུར། སྐབས་དེ་ནས་དགོན་པ་སྒོ་བརྒྱབ་ཏེ་གྲྭ་བ་བརྒྱ་ལྷག་ས་མཐར་འཁྱམས་དགོས་བྱུང་བ་མ་ཟད་ཉི་འོད་མེད་པའི་མུན་ནག་དང་རང་དབང་མེད་པའི་འཇིགས་རུང་གི་རླུང་འཚུབ་ཁྲོད་འཇང་སྒང་ཞེས་པའི་ས་ཆ་དཀའ་བཅུ་བ་དགེ་ལེགས་སོགས་ནས་གྲྭ་མི་ཉུང་བ་ཞིག་ལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་བསླབས། 
ཡང་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡ཚེས་༢༣ ཉིན་ཧོར་བྲག་མགོ་དགོན་པའི་གྲྭ་མང་གིས་བྲག་མགོའི་མང་ཚོགས་དང་ལྷན་དུ་རྒྱ་གཞུང་ལ་ཞི་བའི་གྱེན་ལངས་ཀྱིས་ངོ་རྒོལ་བྱས་པར་བརྟེན་སྔ་ཕྱི་བྲག་མགོ་དགོན་པའི་གྲྭ་རིགས་གང་མང་ལ་ཤི་རྨས་དང་།མང་པོ་བཙོན་འཇུག་སོགས་ཀྱིས་དཀའ་སྡུག་བཟོད་གླགས་མེད་པ་མྱོང་དགོས་བྱུང་བ་དང་། ལོ་བཅོ་བརྒྱད་མན་གྱི་གྲྭ་གཞོན་ཚང་མ་དགོན་པ་ནས་བཙན་དབང་གིས་ཕྱིར་ཕུད་བཏང་ཡོད།

དགོན་འདིའི་ནང་རྟེན་གྱི་སྐོར་མདོར་ཙམ་གླེང་བ།
གནའ་བོ་དཔོན་གྱིས་བཞེངས་བསྐྲུན་བྱས་པའི་ཇོ་བོ་རིན་པོ་ཆེ་ནི་ལོ་རྒྱུས་སྐྱུར་མོ་ཞིག་དང་ལྷན་དུ་གཏོར་བརླག་དུ་སོང་ཡང་། སྐབས་དེར་རྒྱ་གར་ན་བཞུགས་པའི་སྐུ་ཞབས་བྱམས་པ་རིན་པོ་ཆེ་གཙོས་པའི་བྱེས་བཞུགས་བྲག་མགོ་སེར་སྐྱ་ཐུན་མོང་ནས་རྒྱ་གར་ནས་བཞེངས་བསྐྲུན་བྱས་པའི་ཇོ་བོ་རིན་པོ་ཆེ་གསེར་གྱིས་བརྒྱན་པ་དེ་ད་ལྟ་ཧོར་བྲག་མགོ་དགོན་གྱི་ནང་རྟེན་གཙོ་བོར་དུ་བཞུགས་ཡོད་པ་ཡིན། ཇོ་བོ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ཞི་བདེ་དང་རང་ཡུལ་གྱི་ཤི་གསོན་གཉིས་ཀྱི་ཆེད། སྤྱི་ལོ་༡༩༩༥ ལོར་བྲག་མགོ་དགེ་བཤེས་ཡེ་ཤེས་དོན་འགྲུབ་ཀྱིས་ཐབས་ཤེས་སྣ་དགུ་བཏོན་ནས་རང་ཡུལ་བྲག་མགོ་དགོན་དུ་གདན་འདྲེན་ཞུ་ཐུབ་ཡོད། དགེ་བཤེས་ཡེ་ཤེས་དོན་འགྲུབ་ནི་བྲག་མགོ་བྲག་མདའ་ཞེས་པའི་གྲོང་དུ་འཁྲུངས་ཤིང་། ཆུང་བྱིས་དུས་ནས་བཟང་ར་རི་ཁྲོད་དུ་ཁུ་བོ་དགེ་བཤེས་ཚང་གི་མདུན་དུ་སློབ་སྦྱོང་བྱས་ཤིང་།དེ་ནས་བྲག་མགོ་དགོན་པའི་སྒྲིག་ཁུངས་སུ་ཞུགས་ནས་གཞུང་ལུགས་ལ་གསན་བསམ་གནང་མཐར།སྟོད་ཉི་མ་ལྷ་སའི་ཕྱོགས་སུ་ཞབས་ཀྱིས་བཅགས།དགེ་བསོད་ནམས་མགོན་པོ་དང་།དགེ་བཤེས་བློ་བཟང་དོན་འགྲུབ་སོག་བཤེས་གཉེན་དུ་བསྟེན་ནས་སློབ་སྦྱོང་གི་ལས་ལ་འབད་བརྩོན་བྱས།དེ་ནས་རྒྱ་གར་དུ་ཕེབས་ནས་དགེ་བཤེས་ལྷ་རམས་ཀྱི་དམ་བཅའ་བཞག་སྟེ་ལོ་རབས་བརྒྱད་ཅུའི་ནང་སྐུ་ཞབས་བྱམས་པ་རིན་པོ་ཆེ་དང་ལྷན་དུ་ཕ་ཡུལ་ཕེབས་ནས་ལུག་གཉིས་ཀྱི་བྱ་བ་རྒྱ་ཆེར་གནང་ཞིང་།ཡར་ཕེབས་སྐབས་གྲྭ་རྒྱུན་ཉི་ཤུ་ལྷག་རྒྱ་གར་དུ་ཁྲིད་ནས་དེང་སང་བྲག་མགོ་དགོན་པའི་ཁྲི་ལས་ཟུར་སོགས་དགེ་བཤེས་མང་དུ་བྱུང་ཡོད།
གཞན་ཡང་བྲག་མགོ་དགོན་པའི་ནང་རྟེན་དུ་བཀའ་འགྱུར་དང་ཐང་ཁ་སོགས་དུས་འགྱུར་སྐབས་སུ་སྒང་ཞབས་སྐུ་ཞབས་བྱམས་པ་རིན་པོ་ཆེ་སོགས་ཀྱི་རང་སྲོག་བློས་གཏོང་གིས་ཅུང་ཟད་རེ་སྦས་སྐུང་ཐུབ་པའི་ལྷ་བཟོ་ནམ་མཁའ་རྒྱན་གྱིས་བྲིས་པའི་རྒྱན་དྲུག་མཆོག་གཉིས་སོགས་རྩ་ཆེན་གྱི་ཐང་ཁ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་རྩ་ཆེན་གྱི་གསུང་འབུམ་དང་། འཛམ་གླིང་གཡས་བཞག་ཅེས་གྲགས་པའི་རོལ་ཆ་ཧོར་སྤུག་སོགས་གནའ་རྟེན་རྩ་ཆེན་མི་ཉུང་བ་རེ་བཞུགས་ཡོད།
གཞན་ཡང་གསར་བཞེངས་གནང་བའི་རྒྱལ་བ་བྱམས་པ་བརྩེགས་གསུམ་པ་ཅན་ཞིག་ཀྱང་ཆོས་ར་གོང་མའི་རྟེན་གཙོ་རུ་བཞུགས་ཡོད་ཅིང་། ཁྱད་པར་དུ་༸གོང་ས་བཅུ་བཞི་པ་མཆོག་གིས་བྱིན་གྱིས་བརླབས་པའི་རྗེ་བཙུན་སྒྲོལ་མའི་སྐུ་ཁྱད་པར་ཅན་ཞིག་ཀྱང་སྤྱི་ལོ་ ༢༠༠༧ ལོར་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་གིས་བྲག་མགོ་དགོན་པར་རྟེན་གཙོས་སུ་གནང་བ་ལྟར་དགོན་པའི་སྐུ་རྟེན་དུ་བཞུགས་ཡོད། དགེ་དཔལ་ལྡན་གྲགས་མཆོག་གི་མཛད་རིམ་ཡིག་འབྲུ་གཅིག་གཉིས་ཤིག་ཏུ་བསྡུ་ཐབས་མེད་སྟབས་གཤམ་ལ་མཁས་དབང་རིམ་བྱུང་སྐབས་སུ་ཞུ་རྒྱུ་ཡིན་པས་འདིར་མ་བྲིས།

གནའ་དེང་གི་ཧོར་བྲག་མགོ་དགོན་འདི་ནས་ཕེབས་པའི་མཁས་དབང་དང་། སྒྱུ་རྩལ་བ་སོགས་ཀྱི་རྣམ་ཐར་གང་རག་ཅིག་བཀོད།


ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས།
དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས་ནི། རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་(༡༨༥༠)ལོར་མདོ་ཁམས་བྲག་འགོའི་ཆར་གཏོགས་ཝ་ལུང་གྲོང་ཚོའི་ཝ་ལུང་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་ཕལ་བའི་སྤྱོད་ཚུལ་རིང་དུ་དོར་ཞིང་ཡ་རབས་དམ་པའི་སྤྱོད་བཟང་གིས་ཐ་ན་འབུ་སྲིན་གྲོག་སྦུར་ཚུན་ཆད་ལ་གནོད་པའི་ལས་ཕྲ་མོ་ཙམ་ཡང་མི་བསྒྲུབ་པར་བྱམས་སྙིང་རྗེ་བཅོས་མ་མ་ཡིན་པ་རང་ཆས་སུ་མངའ་བའི་སྐྱེས་ཆེན་དམ་པའི་རང་རྟགས་མངོན་དུ་གྱུར་བས་ཀུན་གྱིས་བསྔགས་པའི་ཡུལ་འབའ་ཞིག་གྱུར།
ཆུང་དུས་ནས་ཧོར་དགོན་སྡེ་བཅུ་གསུམ་གྱི་ཡ་གྱལ་མཁས་གྲུབ་བྱེ་བའི་བསྟི་གནས་བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཆོས་ཞུགས་གནང་ནས་འབྲི་ཀློག་དང་འདོན་ཚོགས་ཆོས་སྤྱོད་ཀྱི་རིམ་པ་བསླབ་ཁྲིམས་མཐའ་དག་མིག་གི་འབྲས་བུ་བཞིན་དུ་སྲུང་ཞིང་བསྟན་པའི་མིག་རྒྱན་དུ་གྱུར། བཤེས་གཉེན་དུ་མའི་ཞབས་ལ་བསྟེན་ནས་བསྡུས་གྲྭ་བློ་རྟགས་ནས་ཕར་ཕྱིན་དགེ་འདུན་ཉི་ཤུའི་བར་རིགས་ལམ་བརྒལ་བརྟག་གི་སྒོ་ནས་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད་པ་དང་།  རྒྱན་འཇུག་གཉིས་དང་རྩ་བ་ཤེས་རབ། འགྲེལ་ཆུང་དོན་གསལ། དྲང་ངེས་རྩ་བ་བཅས་ཐུགས་འཛིན་གནང། རིགས་ལམ་མྱུར་བའི་ཚོད་དུ་འཛིན། དེ་ཙམ་གྱིས་ཆོག་ཤེས་མ་གནང་སྟེ་ཆོས་ཀྱི་དོན་དུ་རྒྱལ་བུ་དོན་ཀུན་གྲུབ་པས་དཀའ་སྤྱད་གནང་བ་ལྟར། དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་པའི་འདུན་པ་དྲག་པོ་འགོག་མེད་དུ་འཆར་ཏེ། ངལ་དུབ་ལ་མ་འཛེམ་པར་ལྷ་ལྡན་དུ་ཞབས་སོར་བཀོད་ཅིང། ལེགས་བཤད་མགྲིན་པའི་རྔ་གསང་སྙན་འགྱུར་འབུམ་དུ་འཁྲོལ་བའི་མཁས་དབང་བྱེ་བའི་འབྱུང་གནས་ལུང་རྟོགས་ལེགས་བཤད་རྒྱ་མཚོའི་གཏེར་ཆེན་དཔལ་ལྡན་འབྲས་དཀར་སྤུངས་པའི་མཁས་མང་བློ་གསལ་བྱེ་བའི་གླིང་དུ་ཆོས་ཞུགས་མཛད་དེ་དགེ་བའི་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས། གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་མཛད་ནས་མཁས་པའི་གྲགས་པ་འབར། 
བཤད་པ་དང་རྩོད་པ་ལྷུར་ལེན་པ་ཙམ་མ་ཡིན་པར་ཐོས་དོན་ཐུགས་ཉམས་སུ་བསྟར་བས། སྐྱེས་སྦྱངས་ཀྱི་མཁྱེན་རབ་ཐོགས་པ་མེད་ཅིང། གུས་པ་དང་རྟག་པར་སྦྱོར་བའི་བརྩོན་པ་ལྷུར་བཞེས་པས་མཁྱེན་རབ་དབྱར་གྱི་མཚོ་ཆེན་ལྟར་མཐའ་མེད་དུ་འཕེལ། ཕུར་ལྕོག་བྱམས་མགོན་གྱི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཞུས། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཏེ་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱངས་མཐའ་རྒྱ་བཅད་པའི་འབྲས་རྟགས་གདན་གསུམ་གྲྭ་སྐོར་དམ་འཇོག་དང་། ཆོས་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་ར་བར་གདན་གསུམ་དབུས་རྒྱུད་གྲྭ་སྟོད་སྨད། རྭ་བ་སྟོད་པ་བཅས་གཞུང་ལུགས་རབ་འབྱམས་སྨྲ་བའི་བཀའ་རམས་དགེ་བའི་བཤེས་གཉེན་གསེར་གྱི་རི་ཚོགས་ལྟ་བུ་རྣམས་གཙོ་བོར་གྱུར་པའི་ལེགས་བཤད་དགའ་སྟོན་ལ་གདན་འཛོམས་པའི་རིགས་ལམ་གནམ་ལྕགས་ཀྱི་འཁྲུལ་འཁོར་ལ་ཐུགས་བྱང་ཆུབ་པ་རྣམས་ཀྱིས་རྒྱ་བོད་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ལས་བརྩམ་པའི་བརྒལ་བརྟག་ཅི་ཙམ་ཕུལ་ཡང་མཁྱེན་རབ་ཀྱི་ཕར་མཐར་གཏུགས་པ་མེད་པར་གནད་ལ་རེག་པའི་རྣམ་ཐར་སྒོ་བཞིའི་ལྗགས་ལན་ཐོག་མེད་དུ་གནང་། དེར་འདུས་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་འཐོར་ཞིང་སྙན་པའིི་གྲགས་པ་ཕྱོགས་སུ་ཁྱབ། ལོ་དེའི་ལྷ་ལྡན་རབ་འབྱམས་པའི་མཚན་གནས་དང་པོ་བཞེས། 
དེ་ནས་དམ་པ་གོང་མའི་ཕྱག་རྒྱུན་དང་། ཁྱད་པར་དུ་ཐུན་མིན་རྒྱུད་སྡེ་བཞིར་ཉམས་ལེན་གནང་རྒྱུར་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། གསང་ཆེན་རྒྱུད་སྡེ་བཞི་དང་ཡང་གསང་བླ་མེད་ཀྱི་རྒྱུད་བཅས་པར་གསན་བསམ་མཐར་ཕྱིན་གནང་ནས་སྔགས་རམས་པའི་དམ་བཅའ་བཞག། ཊིཀྐའི་སྐྱོར་དཔོན་སོགས་དཔལ་ལྡན་སྨད་རྒྱུད་པའི་ལས་རྒྱུན་གང་གི་སྐབས་སུ་ཡང་གཞན་དང་མ་འདྲ་བའི་ཚགས་ཚུད་བྱུང་བ་སོགས་བསྔགས་འོས་ཀྱི་ཚད་དུ་གླེང།  རིམ་པས་རྒྱུད་སྨད་དགེ་བསྐོས་ཞིང་དཔལ་ལྡན་སྨད་རྒྱུད་པའི་སྒྲིགས་ཁྲིམས་ལ་དམ་བསྒྲགས་ཤུགས་ཆེར་གནང་།
བར་སྐབས་ཤིག་ནས་རྒྱུད་པའི་སྒྲིགས་ཁྲིམས་དེ་ཙམ་གྱིས་ཚགས་ཚུད་པོ་མེད་པར་མ་རུང་བ་རེ་ཟུང་གིས་སྤྱོད་ངན་ལ་བརྟེན་དགེ་འདུན་སྤྱིའི་སྒྲིགས་ལམ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་ཐུགས་ཀྱིས་མ་བཟོད་པར། བསྟན་པར་གཅེས་འཛིན་གྱིས་སྒྲིགས་ཁྲིམས་ལ་དག་ཐེར་དམིགས་ཕུགས་པར་མཛད་དེ། ཚུལ་བཞིན་མ་ཡིན་པའི་ཀུན་སྤྱོད་ཁྱེར་བའི་དགེ་འདུན་གྲལ་གཉིས་ཙམ་སྟེ་ཞལ་གྲངས་སུམ་ཅུ་ཙམ་སྡེབས་གཅིག་ལ་གནས་དབྱུང་བཏང་ནས་དཔལ་ལྡན་སྨད་རྒྱུད་པའི་སྒྲིག་ཁྲིམས་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་མཛད་ཅིང། རྒྱུད་སྡེ་ཆེན་པོ་བཞིའི་འཆད་ཉན་བླ་ལྷག་ཏུ་སྤེལ་བ་སོགས་དམ་པ་འདི་ནི་སྨད་རྒྱུད་གྲྭ་ཚང་ལ་བཀྲིན་མཆོག་ཏུ་ཆེ་བའི་ཚད་དུ་བགྲངས། 
རྗེས་སུ་བདག་ཉིད་ཆེན་པོ་འདིའི་ཞལ་ནས། ངོས་འདི་ལྟར་ཚེ་རིང་བར་འཚོ་ཐུབ་པ་ནི་རྒྱུད་པའི་ལས་རྒྱུན་སྐབས་སྒྲིག་ཁྲིམས་ལ་དག་ཐེར་གང་ལེགས་བྱུང་བ་དང་གསང་ཆེན་རྒྱུད་སྡེ་རྣམ་བཞིའི་ཉན་བཤད་ལ་ཞབས་ཞུ་ལེགས་པོ་བྱུང་བའི་བཀྲིན་ཉག་གཅིག་ཡིན་ཞེས་གསུངས་ཚུལ་རྒན་རབས་རྣམས་ཀྱི་ཞལ་ནས་ཐོས། རྒྱལ་བའི་དབང་པོ་ཐུབ་བསྟན་རྒྱ་མཚོ་དང་། ཏྲེ་ཧོར་ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། ཕུར་ལྕོག་བྱམས་མགོན་རིན་པོ་ཆེ། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་སོགས། སྐྱེས་ཆེན་དུ་མའི་དྲུང་ནས་མདོ་ལྔགས་ཀྱི་བཀའ་ལུང་མན་ངག་ཤིན་ཏུ་མང་པོ་ཞུས །
ཕ་ཡུལ་གཞིས་དགོན་དགའ་ལྡན་རྣམ་རྒྱལ་གླིང་གིས་གདན་ཞུའི་གསོལ་བ་ཡང་ཡང་བཏབ་པར་བརྟེན།བརྩེ་ཆེན་ཡེ་ཤེས་ཆེན་པོས་ཉེ་བར་དྲངས་ཏེ་ཁམས་ཀྱི་ཕྱོགས་སུ་ཞབས་ཟུང་བསྒྱུར། ཕ་ཡུལ་གཞིས་དགོན་དུ་ཞབས་སོར་བཀོད་དེ་ཡུལ་དགོན་སེར་སྐྱ་མང་ཚོགས་ཀྱིས་གསོལ་བ་ཕུར་ཚུགས་བཏབ་པ་བཞིན་བྲག་དགོན་རབ་བརྟན་རྣལ་རྒྱལ་གླིང་གི་མཁན་པོ་ཁྲི་པའི་ཐུགས་འགན་བདག་གིར་བཞེས། དགོན་པའི་སྒྲིགས་གཞི་ཡོད་ཚད་དམ་པའི་ཆོས་འདུལ་བ་གཞིར་བཟུང་གིས་དགོན་དེའི་སྒྲིག་ཁྲིམས་ལ་དག་ཐེར་ནན་པོ་གནང་ཞིང། འཆད་ཉན་སྔར་ཡོད་རྒྱུན་འཛིན་དང་། མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་གྱི་རྒྱུན་བཟང་དབྱར་གྱི་མཚོ་ཆེན་ལྟར་སྤེལ་རྒྱུའི་ཐུགས་འདུན་ཆེན་པོ་ཡོད་ནའང་རྟེན་འབྲེལ་གྱི་གནད་ཀ་ལྟ་བུས་ཐུགས་བཞེད་ལྟར་མ་གྲུབ་མོད། འོན་ཀྱང་། ཁྱིམ་པ་ཚོར་དགེ་སྡིག་སྤང་བླང་གི་རྣམ་བཞག་སོགས་ཆོས་དང་འཇིག་རྟེན་གཉིས་ཐད་ནས་སློབ་སྟོན་གང་ཟབ་གནང་བས། དེ་ནས་བཟུང་ཡུལ་ཁམས་དེའི་ཁོར་ཡུག་གང་སར་རྐུ་ཁྱེར་འཕྲོག་བཅོམ་དང་། རི་དྭགས་གཤོར་བ། སྒོ་ཕྱུགས་ཚོད་མེད་གསོད་པ་སོགས་མདོར་ན་སྡིག་ལས་འབའ་ཞིག་ལ་སྤྱོད་མཁན་རྣམས་ཀྱང་ཐབས་ཚུལ་དུ་མའི་སྒོ་ནས་ལས་ངན་གསོག་པའི་རྒྱུན་བཅད་དེ་དམ་པའི་ཆོས་ལ་གཞོལ་བར་བྱས། རི་རྒྱ་ཀླུང་རྒྱ་བསྡམས་པས་སྲོག་ཆགས་འབུ་སྲིན་ཡན་ཆད་ཞི་བདེ་བག་ཕེབས་ཀྱིས་རྒྱུ་ཞིང་། ཡུལ་ཁམས་སུ་ནད་མུག་འཁྲུག་རྩོད་ཞི་སྟེ། ལོ་ཕྱུགས་ཀྱི་འཕེལ་ཁ་ཅི་ཡང་རྒྱས་པས་རྫོགས་ལྡན་གཉིས་པའི་སྐལ་བཟང་མངོན་དུ་གྱུར། ཟང་ཟིང་གི་འདུ་འགོད་དང་དཀོར་གྱི་ཡོ་ལང་ལ་མཁས་པའི་མི་སྲུན་པ་འགའ་ཞིག་གིས་རྗེ་འདི་ཉིད་ལ་ཝ་ལུང་ཁ་མཆུ་དགེ་བཤེས་ཞེས་ཀྱང་བཏགས་སྐད་ཐོས། ཡུལ་དེའི་རིས་མེད་ཆོས་བརྒྱུད་ཁག་གི་བསྒྲུབ་བྱ་མང་པོར་དགེ་ཚུལ་དང་བསྙེན་རྫོགས་ཀྱི་དངོས་པོ་བསྩལ་བས་ངུར་སྨྲིག་འཛིན་པའི་སྡེ་ཆེན་པོ་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་བསྒྲུབས།
ཆོས་གཞིས་དུ་མར་སེམས་ཅན་ལ་འཚེ་བའི་ལས་དང་འབྲེལ་བའི་མཛད་སྒོ་དང་ལས་གཞི་མཐའ་དག་མཚམས་འཇོགས་བྱེད་དུ་བཅུག། མདོར་ན་བྲག་འགོ་དང་། ལྕོག་རི། སྟོང་འཁོར། རྟའུ། མགར་ཐར། མི་ཉག་སོགས་ཡུལ་ལུང་མང་པོར་གང་གི་ཐུགས་རྗེའི་འཕྲིན་ལས་ཀྱིས་བསྐྲུན་པའི་འཚེ་མེད་ཞི་བའི་རླབས་དཀར་གྱི་རྒྱུན་བཟང་ལོངས་སུ་སྤྱོད་རྒྱུ་བྱུང་ཞིང། ཐམས་ཅད་ལྷ་ཆོས་དགེ་བ་བཅུའི་ཁྲིམས་ཀྱིས་འཚོ་བར་མཛད་དོ། སྐབས་དེ་ཤེད་དུ་༸གོང་ས་ཆེན་པོས་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་སུ་ཆིབས་ཐོན་གནང་དགོས་པའི་བཀའ་བཟང་སྤྱི་བོར་ཕེབས་དོན་བཞིན་ཞབས་ཟུང་འཁོར་ལོའི་རེ་ཁཱ་དབུས་ཕྱོགས་སུ་བསྒྱུར། དྲི་མེད་ཞབས་ཟུང་གི་རེ་ཁཱ་གཙང་མ་ལྷ་ལྡན་དག་པའི་ཞིང་མཆོག་ཏུ་བཀོད་འཕྲལ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་རྗེ་བཙུན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ལས་རྣམ་རྒྱལ་མཆོག་ལ་འབྱོར་ཕྱག་དང། བསྟན་འགྲོར་སྨན་པའི་ལས་གཞིར་གུས་པ་ཧུར་བསྐྱེད་ཞུས་པའི་རྣམ་དཀར་གྱི་ཕུང་བོ་འདིས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་གངས་ཅན་འགྲོ་བའི་སྐྱབས་གཅིག་ཕྱག་ན་པད་དཀར་མཆོག་གསང་གསུམ་རྡོ་རྗེའི་རང་ཁམས་སུ་བསྟན་ཅིང་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བཞུགས་རྒྱུར་འགྲོ་བའི་བདེན་ཚིག་སྨོན་ལམ་བཏབ་པས་དགྱེས་ཚོར་ཆེན་པོའི་སྒོ་ནས་གསུང་གིས་དབུགས་དབྱུང་གནང་། རིམ་གྱིས་རྒྱུད་པའི་བླ་མ་དང་། མཁན་ཁྲིར་ཕེབས་ནས་དམ་པའི་ཕྱག་རྗེས་རྨད་དུ་བྱུང་བས་ཆོས་ཚུལ་ཡར་ཟླའི་དཔལ་ལ་འགྲན་བཞིན་བསྐྱངས། དེ་ཡང་བརྒྱུད་འདེབས་ལས།
མདོ་སྔགས་ལེགས་བཤད་འོད་ཟེར་འཕྲོ་བའི་ངག།།
དབང་བཞིའི་ངེས་དོན་མཁྱེན་ཡངས་འདོད་རྒུའི་སྤྱོད། །
བཟོད་པ་བརྟན་པའི་ཆ་ཤས་ཡོངས་སུ་རྫོགས། །
རྒྱལ་བསྟན་པདྨོའི་གཉེན་ལ་གསོལ་བ་འདེབས། །ཞེས་འབྱུང་།
 དེ་ལྟར་བཀྲིས་ལོ་ལེགས་ཀྱི་མཁན་པོའི་མཛད་པ་མཐར་ཕྱིན་ཏེ་མཁན་ཁྲིའི་ལོ་དུས་ཚང་ནས་མཁན་ཁྲི་ལས་ཟུར་པ་དང་མི་རིང་བར། རབ་བྱུང་བཅོ་ལྔ་པའི་ཤིང་སྟག(༡༩༡༤)ལོར་བྱང་རྩེ་ཆོས་རྗེ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་དགའ་ལྡན་གསེར་ཁྲི་ལ་འཕོས་པས་རྗེ་འདི་ཉིད་བྱང་རྩེ་ཆོས་རྗེའི་མངོན་པར་མཐོ་བའི་ཁྲི་ཕང་ལ་བཞུགས་སུ་གསོལ། སྐབས་དེར་བལ་ཡུལ་ནས་དུས་གསུམ་བདེ་བར་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་བཞུགས་པའི་མཆོད་རྟེན་རྣམ་པ་གསུམ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཞིང་འདིའི་བསོད་ནམས་ཀྱི་རྟེན་དམ་པར་བཞུགས་སུ་གསོལ་ནས་བགྲང་བྱ་མང་ཙམ་རིང་ཕྱི་རྟེན་དང་ནང་རྟེན་གཟུངས་ཞུགས་བཅས་པར་ཉམས་གསོ་དང་རབ་ཏུ་གནས་པར་བྱས་པ་དང། ཁྱད་པར་དུ་འཕགས་པ་ཤིང་ཀུན་གྱི་རྒྱུ་ཆའི་ཤིང་ཆ་རྣམས་རྙིང་སུངས་དང་རུལ་སྐྱོན་ཚབས་ཆེན་ཐེབས་པ་དང་། རྣ་རྒྱན། གདུགས་དྲྭ་ཕྱེད་སོགས་ཞིག་རལ་དང་གོག་སྐྱོན་ཤིན་ཏུ་ཆེ་བར་བརྟེན་དད་ལྡན་སྐྱེ་བོའི་ཚོགས་ཀུན་གཅིག་ཏུ་བགྲོས་ནས། རྟོགས་ལྡན་ཤཱཀྱ་ཤྲཱིའི་རིགས་སྲས་དང་། ངྷ་རྨ་སའུ་གཉིས་ཉམས་གསོའི་སྐྱབས་འཇུག་གཟིགས་སྐྱོང་ཡོང་བའི་སྙན་བསྐུལ་ཞུས་ངོར་འབྱོར་དོན་བཞིན། རང་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་ནས་རྗེ་འདི་ཉིད་ཉམས་གསོའི་ལས་གྲྭའི་ཐོག་མཐའ་བར་གསུམ་གྱི་ཐུགས་འགན་གཙང་བཞེས་དགོས་པ་དང་ཆོག་གྲྭའི་རྡོ་རྗེ་སློབ་དཔོན་གཅིག་ལྕོགས་གནང་རྒྱུའི་བཀའ་ཕེབས་གནང་བཞིན། ལྕགས་སྦྲུལ་ཟླ་བ་བཅུ་པའི་ཚེས་དགུ་ཉིན་ལྷ་ལྡན་ནས་ཐོན་ཕྱག་ཞུས་ཏེ་ཕེབས་ལམ་ནས་བསྙུན་གཞི་སོགས་ཉེར་འཚེ་མེད་པར་བལ་བོའི་རྒྱལ་སར་བདེ་འབྱོར་ཐོག། རྣམ་དཀར་ལེགས་ཚོགས་ཀྱི་ལས་རིགས་རྣམས་ལ་རུ་ང་ཕྲག་དོག་མེད་པར་གྲོགས་དན་འཕྲིན་ལས་བསྒྲུབ་ཕྱིར་ཆོས་སྐྱོང་སྤྱིའི་བསྐང་གསོ་གཏོར་འབུལ་དང་། ལས་གཤིན་དུ་དྲུག་ཅུ་མ་འབུལ་བ་སོགས་ཨར་ཆོག་ཉིན་བཞིའི་རིང་ཟབ་རྒྱས་ཞུས། ཨར་ཆོག་གནང་བའི་ཐོག་མའི་ཉིན་དེར་བར་སྣང་གི་དབྱིངས་རིམ་ནས་སྦྲང་ཆར་ཟིལ་བུའི་རྒྱུན་བཟང་ས་གཞིར་ཆག་ཆག་བཏབ་པ་སོགས་ལྷ་དང་ཀླུ་རྣམས་དགའ་བའི་མངོན་རྟགས་ཀྱི་ལྟས་བཟང་མང་པོ་བྱུང་བས་ཚེགས་མེད་ངང་ལས་གྲྭ་ཐམས་ཅད་ལམ་ལྷོང་ཡོང་བའི་གདེང་ཚོད་རྙེད། དེ་ནས་ས་རྟ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ནས་བཅུ་གསུམ་གྱི་བར་ཉིན་གསུམ་རིང་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོག་གྱི་མདུན་དུ་མཆོད་སྤྲིན་རྒྱས་བཤམས་དང་འབྲེལ་གསོ་སྦྱོང་དང་། གནས་བརྟན་ཕྱག་མཆོད། རྣམ་རྒྱལ་མའི་མཆོད་ཆོག་སྨིན་བསྒྲུབས་བགྱིས། སླར་ཡང་ཉིན་བཞིའི་རིང་རྣམ་རྒྱལ་སྟོང་མཆོད་ཚར་མང་དང་། རབ་གནས་དགེ་ལེགས་ཆར་འབེབས་དང་། བདེ་གསང་བདག་འཇུག་སྨིན་གཏོང་ཐོག། བཟང་དྲུག་སྨན་སྣ་དང་མཉམ་བསྲེས་དང་། ཁ་ཆེའི་གུར་གུམ། ཙན་དན་སོགས་དྲི་བཟང་སྣ་མང་གི་ཁུ་བས་སྦྱངས་པའི་ན་བཟའ་དཀར་པོ་དང་། སྐུ་ཀླུང་དར་ཕྲེང་གི་དྲ་བ་དར་ཆེན་བསྒྲེང་འཛུགས། ཐུགས་སྨོན་སྙན་ཤལ། ཚོགས་ཀྱི་འཁོར་ལོ་བཅས་རྒྱས་འབུལ་ཞུས། ཉི་མ་དེར་ཕྱོགས་བཞིའི་མཁའ་དབྱིངས་སུ་བར་མཚམས་མེད་པར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་རྣམ་པར་བཀྲ་ཞིང་། མཚན་མོ་ཡང་མཆོད་རྟེན་གྱི་ཆོས་འཁོར་དང་བྲེ་གདུགས་ཀྱི་མཚམས་ནས་འོད་དཀར་པོའི་བཀྲག་མདངས་འཆོར་བའི་གོང་བུ་ཞིག་ཡུན་རིང་བཞུགས་པ་དེ་འཁོད་ཚང་མར་མཐུན་སྣང་དུ་གྲུབ། དེར་ལྷ་ལྡན་གྱི་རྒྱལ་སའི་མདུན་ཐང་ཆེན་མོར་ཡ་མཚན་ཆེ་བའི་མཁའ་དབྱིངས་སྔོ་བ་དང་། ནམ་མཁའ་ནས་མེ་ཏོག་གི་རྒྱུན་གཏོར་བ་སོགས་ངོ་མཚར་བའི་ལྟས་བཟང་མིག་གི་ལམ་དུ་མངོན། དེ་དང་ཕྱོགས་ཀུན་ནས་མཐུན་པའི་མཆོད་སྤྲིན་འབུལ་བཤམས་སྨིན་བསྒྲུབ་ཆོ་ག་རབ་གནས་སོགས་ལེགས་སྒྲུབ་ཞུས། དེ་ནས་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དང་སྟབས་བསྟུན་གྱིས་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་གྱི་བྲེ་སྟེང་དུ་རྒྱུ་བཟང་རིན་ཆེན་གསེར་བཟང་ཤུབས་བཏུམས་ཀྱི་ཀ་བ་སུམ་ཅུ་སོ་གཉིས་བཙུགས་ཏེ་རྟེན་འབྲེལ་གྱི་གནད་ཀ་ལེགས་བསྒྲིགས་དང་། གསེར་ཟངས་ལས་གྲུབ་པའི་ཆོས་འཁོར་དང་ཅོད་པན་གསར་དུ་བཞེངས་བསྐྲུན་བགྱིས་པར་མ་ཟད། སྟེང་ཤོད་བར་གསུམ་དུ་རྒྱལ་བ་རིགས་ལྔའི་ལྷ་དབང་རྗེ་བཙུན་འཕགས་མ་སོགས་ཕྱི་རྫས་ནང་རྟེན་ཐམས་ཅད་བཟོ་བཀོད་གང་ཐད་ནས་ཀྱང་སྔར་ལས་བརྒྱ་འགྱུར་གྱིས་ཕུན་སུམ་ཚོགས་པར། མཆོད་རྟེན་དབུ་ཐོད་ཀྱི་སྔར་ཡོད་གཟུངས་རྙིང་བྱིན་ལྡན་རྣམས་རང་འཇགས་ཐོག། དད་ལྡན་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་བ་རྣམས་ཀྱིས་འབུལ་སོན་བྱུང་བའི་གསེར་དངུལ་གར་བླུགས་དང་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་ཁག་དང་། གཞན་ཡང་སྐུ་གསུང་ཐུགས་རྟེན་ཕོན་ཆེན་དང་། གསེར་དངུལ་གཡུ་བྱུར་མུ་ཏིག་སོགས་རིན་ཆེན་སྣ་ཚོགས་ཀྱི་བྱུར་བུར་གཏམས་པའི་བུམ་གཏེར་ཁག  བཟང་དྲུག་སྨན་སྣ་སྣ་མང་དང་། འབྲུ་རིགས་རྣམ་ལྔའི་སྦ་གཏེར་སོགས་ནོར་གྱི་རིགས་དང་། གཟུངས་ཆེན་སྡེ་ལྔ་དང་མཚན་སྔགས་འབུམ་ཚར་བརྒལ་བ་སོགས་གཟུངས་རིགས་བཅས་གསར་དུ་བསྒྲུབས་ཅིང། དེ་ཡང་རྒྱུད་སྡེ་གོང་འོག་གི་གཞུང་དང་མཐུན་པར་གཟུངས་བསྒྲུབ་སོགས་ལེགས་གྲུབ་བྱུང་མཚམས་སུ་སྐབས་དང་མ་འབྲེལ་བ་ལྟ་བུའི་སྦྲང་ཆར་རྒྱུན་རིང་ཞིང་སྙོམས་པ་ཡུན་གྱིས་བབས་པས་ངོ་མཚར་བའི་རྟགས་འདི་ལྟ་བུ་བྱུང་ངོ་ཞེས་ཀུན་གྱིས་གླེང་མོལ་ཁྱབ། མཆོད་རྟེན་གྱི་ནང་རྟེན་དུ་འབུལ་རྒྱུའི་ཁོངས་ནས་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བའི་སྣང་བརྙན་གསེར་བླུགས་སམ་གསེར་རྐྱང་ལས་གྲུབ་པའི་རྒྱུ་བཟང་བྱོན་ལེགས་ཁྱད་དུ་འཕགས་པའི་ངོ་མཚར་ཅན་ཞིག་ཡོད་པ་གང་དུ་བཞུགས་སུ་གསོལ་དགོས་སྐོར་བཀའ་མོལ་གནང་བཞིན་པའི་སྐབས་སུ་གློ་བུར་དུ་བལ་པོའི་ཚོང་དཔོན་གཉིས་མཆོད་རྟེན་ཆེན་པོའི་ལས་ཁྲིའི་ཐོག་ཏུ་སླེབས་ནས་གཟུངས་རྟེན་དུ་འབུལ་རྒྱུ་ཡིན་ཞེས། ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྣང་བརྙན་གསེར་གར་བླུགས་ཀྱི་རྒྱུ་བཟང་བྱོན་ལེགས་སྔར་གྱི་སློབ་དཔོན་བདག་ཉིད་ཆེན་པོའི་སྐུ་བརྙན་དང་གཅིག་མཚུངས་ཤིག་འབུལ་བྱུང་གི་སྣང་བརྙན་གཉིས་དུས་སུ་འཛོམས་པ་ནི་གསར་རྙིང་རིས་སུ་མ་ཆད་པའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྲེལ་གྱི་མཚམས་ཤིན་ཏུ་བཟང་བས་དེར་ཡོད་བལ་བོད་ལས་བཟོ་བ་ཚང་མ་ཡ་མཚན་དང་དད་གུས་འགྲན་པ་ལྟ་བུ་བྱུང་། རྗེ་བཙུན་དམ་པ་འདི་ཉིད་ཀྱིས་འཕྲིན་ལས་དང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་བརྙན་གཉིས་ཕྱག་གཉིས་ཐལ་མོ་སྦྱར་བའི་ཕྱག་རྒྱས་རྩེ་མོར་བཀོད་དེ་རྒྱལ་བསྟན་དར་ཞིང་འགྲོ་རྣམས་བདེ་བའི་ཐུགས་སྨོན་རྩེ་གཅིག་ཏུ་མཛད་པས། དེ་མ་ཐག་གཡའ་དག་པའི་མཁའ་དབྱིངས་སུ་འཇའ་འོད་ཀྱི་བཀྲག་མདངས་འཚེར་ཞིང་འཇལ་འོད་ཀྱི་དྲ་བའི་གསེབ་ནས་སྤྲིན་བྲལ་གྱི་ཉི་འོད་ཕྱོགས་ཀུན་ཏུ་འཕྲོ་བས་རྟེན་འབྲེལ་བཟང་པོའི་རྟགས་མཚན་རབ་དང་རིམ་པར་བྱུང་བ་རྣམས་གླེང་བས་མི་རྫོགས་པ་ལྟ་བུར་བྱུང་། གཟུངས་འབུལ་དངོས་གཞིའི་ཉིན་སྐུ་གསུང་ཐུགས་རྟེན་རྣམས་སྤོས་སྣེ་དྲངས་ཏེ་མཆོད་རྟེན་ཆེན་པོའི་སྲོག་ཤིང་གི་དབུ་ཐོད་སྟེང་བཞུགས་གསོལ་ཞུ་སྐབས་ནམ་མཁའི་དབྱིངས་ནས་ཁ་དོག་རྣམ་པར་བཀྲ་བའི་འཇའ་ཚོན་ཞིག་དྲང་ཐད་དུ་ཀ་བ་བཙུགས་པ་ལྟར་མཆོད་རྟེན་ལས་ཁྲིའི་སྟེང་དུ་ཟུག་པ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར། ཐོག་མར་མཆོད་རྟེན་ཉམས་གསོ་དང་རབ་གནས་སོགས་ཀྱི་སྐོར་ལ་དེ་ཙམ་གྱི་ངོས་ལེན་མེད་པའི་ནང་པའི་ལྟ་སྤྱོད་ལས་ཕྱི་རོལ་དུ་གྱུར་པ་བལ་ཡུལ་གོར་ཁ་རྒྱལ་ཁང་ནས་ཀྱང་བདག་ཉིད་ཆེན་པོ་འདིའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའིི་སྤྱོད་བཟང་ལ་ཡིད་སྨོན་སྐྱེས་ཏེ་རྒྱལ་ཡུམ་ཆེན་མོས་དབུ་བླར་བཀུར། སྲུང་སྐྱོབས་ཀྱི་ཐུགས་འགན་ཆ་ཚང་རྒྱལ་ཁང་ནས་དམག་མི་གཏོང་གནང་བ་སོགས་མཐུན་འགྱུར་ཟབ་རྒྱས་གནང། ཉེ་འཁོར་བལ་བོའི་ཡུལ་མི་རྣམས་ཀྱི་དད་གསུམ་སྤུ་ལོང་གཡོ་ཞིང། ལྷ་ཆོས་དགེ་བཅུའི་གདམས་ཟབ་གནང་བར། གདན་ཞུས་སྐྱབས་འཇུག་འབུལ་འབྱོར་བྱུང་བ་བཞིན་ཞལ་གྱིས་བཞེས་ནས་ཡུལ་དེར་ལྷ་ཆོས་དགེ་བ་བཅུའི་ཁྲིམས་བཅས། ལས་འབྲས་ཀྱི་རྣམ་བཞག་གསུངས་པས་ཀུན་གྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་གཞོལ། ཐོག་མཐའ་བར་གསུམ་དུ་འཚུབ་ལྷོང་སོགས་ཉེར་འཚེ་སྤུ་ཙམ་ཡང་མེད་པར་ལས་གྲྭ་རྣམས་བདེ་མྱུར་ངང་ཚགས་ཚུད་བྱུང་ཁར་རབ་ཏུ་གནས་པའི་ཆོ་ག་སྨིན་བསྒྲུབས་མཛད་པ་སོགས་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་གནས་པར་མཛད་དོ། །
རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་(༡༩༢༠)ལོར་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དཀར་སྤྲོའི་ཆོས་ཀྱི་སྟོན་ཆེན་འབྱམས་སུ་ཀླས་པ་བཤམས་པའི་སར་རུ་བསྒྲིགས་སེར་སྦྲེང་གི་དབུས་སུ་རོལ་མོའི་བྱེ་བྲག་དུ་མས་སྐབས་ཕྱེ་བ་དང་། ཕྱག་འདྲེན་སྤོས་ཀྱི་སྣེ་འཛིན་དང་། སྤྱན་འདྲེན་རྒྱ་གླིང་འགྱུར་ཁུག མཇལ་དར་སྲིད་དུ་རིང་བ་སོགས་སྲིད་ཞིའི་བཀོད་པ་ཕུན་སུམ་ཚོགས་པས་གདན་དྲངས་ཏེ། མི་འཇིགས་སེང་གི་བརྒྱད་ཀྱིས་ཉེ་བར་བཏེགས་པའི་ཡབ་རྗེ་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་གཞོམ་བྲལ་རྡོ་རྗེའི་ཁྲི་ཕང་མཐོན་པོར། ཞབས་ཟུང་འགྱུར་མེད་གཡུང་དྲུང་གི་རེ་ཁཱ་མངོན་པར་བཀོད་འཕྲལ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་གྱི་སྡེ་ཆེན་པོས་གུས་འདུད་དང་། རྟེན་གསུམ་འདེགས་འབུལ་གྱིས་མཚོན་པའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྟོན་ལ་དགྱེས་རྒུར་རོལ། ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་འཕགས་ཚོགས་དགེ་འདུན་འདུས་པའི་སྡེ་ཆེན་བསྙེན་བཀུར་མང་འགྱེད་དང་འབྲེལ་བའི་གཏོང་སྒོའི་མཆོད་སྤྲིན་འབུལ་གཤོམས་ཀྱི་རྣམ་པར་དཀར་བའི་དགེ་ཚོགས་རྒྱ་ཆེན་པོ་སྤེལ་བར་མཛད། དེ་ཡང་སྔོན་ཞིག་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གཉུག་མར་གནས་པའི་དགེ་འདུན་པ་རྣམས་སྔོན་བྱོན་རྒྱལ་དང་རྒྱལ་སྲས་ཉན་ཐོས་དང་བཅས་པའི་རྣམ་པར་ཐར་པ་བཞིན་གྲོང་ན་གནས་པའི་ཁྱིམ་པའི་སྐྱེ་བོ་རྣམས་ལ་དགེ་བའི་ས་བོན་བསྐྲུན་སླད། སྟོན་གྱི་དུས་ཉེ་བར་ཚེས་སྐབས་གྲོང་དང་གྲོང་བརྡལ་རྣམས་སུ་གཞུང་ཆེན་འཛིན་སྐྱོར་གྱི་དཔེ་མཚམས་སུ་བཞུགས་པར་ཕེབས་སྲོལ་ཡོད་ནའང་། སྐབས་ཤིག་ནས་དཔལ་འབྱོར་བསྡུ་གསོག་གི་ཆ་རྐྱེན་ལྟ་བུར་གྱུར་ནས་དགེ་འདུན་རྣམས་སྟོན་ཐོག་བསྡུ་ཚད་ཀྱི་ལས་གླར་ཕེབས་པ་སོགས། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་སོགས་ཐོས་བསྒོམ་བསྒྲུབ་ཀྱི་སློབ་གཉེར་ལ་འགལ་རྐྱེན་དུ་སོང་ནས་གྲྭ་རྒྱུན་འབྱོར་སྡོད་ལ་གནོད་ཚབས་ཆེན་པོ་ཐེབས་པ་དང་། ཐ་ན་སྐྱ་སར་བབ་མཁན་ཡང་ཇེ་མང་དུ་སོང་བ་སོགས་མིག་ལྟོས་ངན་པ་བྱུང་རྐྱེན་ཁྲི་ཆེན་རྡོ་རྗེ་འཆང་འདི་ཉིད་ཀྱིས་བསྟན་པ་ལ་སྨན་པའི་ཐུགས་བསྐྱེད་དགོངས་བཞེད་ཀྱིས་ཁྲི་པ་འཛིན་ཁོངས་ནས་གཏོང་སྒོ་སྔར་བཏང་གིས། འཕྲོས་ལྷག་ཅི་བསྡད་སྟོན་ཆོས་གསར་འཛུགས་ཀྱི་མ་ཐེབས་སུ་གནང་ཞིང། ཁ་གསབ་ཏུ་གཞུང་སྒེར་ཚང་མར་རོགས་ཕན་སྐྱབས་འཇུག་ཞུས་ཤིང་། སྟོད་སྨད་བར་གསུམ་གྱི་དད་གཏོང་ལྷག་བསམ་གྱིས་ཕྱུག་པའི་སྐྱེས་བོའི་ཚོགས་ལ་ཡིག་ངག་གཉིས་ཐོག་ནས་ཞལ་འདེབས་གནང་བསྐུལ་བསྐྱངས་པས། དགེ་འདུན་སུམ་སྟོང་སུམ་བརྒྱ་ལྷག་ལ་ཇ་ཕོགས་འདང་ངེས་གནང་སྲོལ་གསར་འཛུགས་ཀྱིས་འཛམ་གླིང་མཛེས་པའི་རྒྱན་དྲུག མཆོག་གཉིས་སོགས་ནལེནྜའི་མཁས་པའི་གསུང་རྒྱུན་འཁྲུལ་མེད་རིགས་ལམ་བརྒལ་བརྟག་གི་སྒོ་ནས་སྦྱངས་བརྩོན་དཔྱད་བསྡུར་གནང་བའི་རྩོད་གྲྭའི་སྟོན་ཆོས་ཆེན་མོ་བསྐྱང་གསོ་གནང་། ལོ་ལྟར་ཆག་མེད་ནར་གཏོང་ཐུབ་པའི་མ་རྩ་འདང་ངེས་གསོག་འཇོག་གནང་བ་སོགས་ཆོས་གྲྭ་གསར་འཛུགས་འདིའི་ཐོག་མཐའ་ཀུན་ཏུ་ཐུགས་ཁུར་ལྷུར་བཞེས་མཛད། དེ་ནས་བཟུང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་སློབ་གཉེར་དབྱར་གྱི་མཚོ་ཆེན་ལྟར་མཐའ་མེད་འཕེལ་བ་སོགས་རྗེ་འདི་ཉིད་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་རི་བོ་དགེ་ལྡན་པའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཅིང། ཡང་སྒོས་སུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ལ་བཀའ་དྲིན་མགྲན་ཟླ་དང་བྲལ་བ་ཞིག་ཕེབས། རྗེས་སུ་དགའ་ལྡན་རྣལ་པར་རྒྱལ་བའི་གླིང་གི་ཁྲི་ཐོག་ཁང་ཞེས་པའི་ཁྲི་པ་རིམ་བྱོན་གྱི་གདུང་རྟེན་གྲལ་ན་རྗེ་འདིའི་གསེར་སྡོང་ཆེན་མོའི་མདུན་དུ་སྣང་གསལ་ཚེ་འབར་ཞིག་རྒྱུན་ལྡན་ཆད་མེད་དུ་འབུལ་སྲོལ་ཡོད་པ་ཡང་། དམིགས་བསལ་བཀྲིན་ཆེ་བར་མཚོན་བྱེད་ཡིན་པ་གླིང་དེའི་རྒན་རབས་ཚོའི་ཞལ་ནས་ཐོས།
ལྕགས་སྤྲེལ་ལོར་ར་ས་འཕྲུལ་སྣང་གཙོས་ལྷ་ལྡན་གྱི་གཙུག་ལག་ཁང་རྣམས་རྟེན་དང་བརྟེན་པ་བཅས་ཉམས་གཙོའི་གཙོ་འགན་བཞེས་ཏེ། ཕྱིའི་རྟེན་དང་ནང་གི་རབ་གནས་ཉམས་པ་རྣམས་སོར་ཆུད་གནང་ཞིན། ཞི་རྒྱས་དབང་དྲག་གི་སྒོ་ནས་སྲེག་བླུགས་དང། རབ་ཏུ་གནས་པའི་ཆོ་ག་སྦྱོར་དངོས་མཇུག་གསུམ་ཙང་ཞིང་སྨིན་བསྒྲུབ་ཟབ་རྒྱས་གནང་བས་དམ་ཚིག་པ་རྟེན་དང་བརྟེན་པར་ཡེ་ཤེས་པའི་དཀྱིལ་འཁོར་ལྷ་ཚོགས་དངོས་སུ་ཐིམ་པའི་ངོ་མཚར་རྟགས་མཚན་དུ་མ་མངོན་སུམ་དུ་གྲུབ།
༸གོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོས། སྟོན་པ་ཐུབ་པའི་དབང་པོའི་ཞབས་ཀྱི་པདྨོ་དངོས་སུ་བཅགས་པ་དང་མི་གཉིས་པའི་རྒྱལ་བའི་འཕྲིན་ལས་ཀྱི་གཙོ་བོ་ཡང་གསུང་གི་འཕྲིན་ལས་ལ་ལྟོས་ཤིང། སྲིད་ཞིའི་དགེ་ལེགས་ཀུན་གྱི་འབྱུང་གནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་ལ་རག་ལས་པར་གཟིགས་ནས་རྩེ་ཞོལ་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་འཕྲུལ་སྤར་གྱི་གཏེར་མཛོད་སྤར་ཤིང་གསར་བསྐྲུན་གྱི་ལས་གྲྭ་དབུ་འཛུགས་གནང་སྐབས། ༸སྐྱབས་རྗེ་རྡོ་རྗེ་འཆང་འདི་ཉིད་ཀྱིས་ལས་གྲྭའི་འགོ་མཇུག་ཀུན་ཏུ་ཐུགས་ཁུར་རྒྱ་ཆེན་པོ་བཞེས་ཤིང། གཏེར་མཛོས་སྤར་གཞིའི་ལྷ་ཁང་དེ་ཉིད་ལ་རྟེན་གཙོ་ཞིག་ངེས་པར་དགོས་པར་དགོངས་ཏེ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོའི་ཞབས་ཀྱི་པདྨོར་གུས་ཕྱག་སྔོན་དུ་བཏང་སྟེ། སྲིད་དུ་རིང་བའི་ལྷ་རྫས་དང་། མཎྜལ་སྐུ་གསུང་ཐུགས་རྟེན་གྱི་སྣེ་དྲངས་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་སྤར་གཞིའི་གཏེར་མཛོད་ལྷ་ཁང་འདི་ཉིད་ཀྱི་རྟེན་གཙོར། རྒྱལ་བ་མ་ཕམ་མགོན་པོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་བཅས་ཀྱི་སྣང་བརྙན་གསར་བཞེངས་ཡོང་བའི་སྐྱབས་འཇུག་སྙན་བསྐུལ་ཞུས་ཏེ་རྟེན་བཞེས་ཀྱི་རྒྱུ་རྩར་དངུལ་དཀར་སྲང་ཆེན་གཅིག་ཁྲི་ལྷག་དང་། རྒྱུ་བཟང་གོས་ཆེན་སྣ་མང་སྤྱན་བསྟར་ཞུས་པས། ༸རྒྱལ་དབང་མཆོག་གི་ཐུགས་དགྱེས་མཉེས་རབ་ཀྱི་རྩེར་སོན་ཏེ། དེ་དོན་བཞིན་གནང་རྒྱུར་ཞལ་བཞེས་གཙང་མ་ཐོབ་པར་མ་ཟད། འཕྲལ་མ་ཉིད་དུ་ལས་གྲྭ་འཕར་མ་བཙུགས་སྟེ། བཟོ་བཀོད་ཕུན་སུམ་ཚོགས་ཤིང་བྱིན་ལེགས་རྒྱུ་བཟང་རིན་ཆེན་གསེར་བཟང་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་དཔངས་སུ་ཉིས་ཐོག་ཙམ་ཡོད་པ་ཁྲི་རྒྱབ་ཁྱད་དུ་འཕགས་པའི་བཟོ་དབྱིབས་ཅན་རང་འགྲིགས་དང་། གཡས་གཡོན་དུ་སྐུ་རྒྱུ་དེ་མཚུངས་ཀྱི་དཔལ་མཉམ་མེད་ཇོ་བོ་རྗེ་དི་བམ་ཀཿར་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོ་རྣམས་གཉིས་ཀྱི་སྣང་བརྙན་མཐོ་ཚད་གཞི་འདོམ་ཕྱེད་དོ་རེ་ཡོད་པ་བཀོད་ལེགས་བཞུགས་ཁྲི་རང་འགྲིགས་བཅས་སོ་སོར་སྲིད་ན་རྙེད་པར་དཀའ་པའི་རིང་བསྲེལ་རྣམ་བཞི་དང་ཁྱད་དུ་འཕགས་པའི་རྟེན་འདུས་སྣ་མང་། བྱིན་ལྡན་སྐུ་གསུང་ཐུགས་རྟེན། གཞན་ཡང་གཟུགས་ཀྱི་རྣམ་གྲངས་མང་པོ་བཅས་གཟུངས་བསྒྲུབ་གནད་སྨིན་སྔོན་སོང་གིས། ༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། འཇམ་མགོན་རྒྱལ་བའི་གདུང་འཚོབ་རྗེ་འདི་པ་རྣམས་གཉིས་ཀྱིས་ཕྱག་བསྟར་གྱིས་གཟུངས་རྫས་འབུལ་གཞུགས་གནང། དེ་དང་ཕྱོགས་མཐུན་དྲི་གཙང་ཁང་དང་། ལྷ་ཁང་སོགས་སུ་ཡང་། ༸གོང་ས་མཆོག་གི་ན་བཟའ་དང་། རིང་བསྲེལ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྣང་བརྙན་མི་ཚད་ལས་ཆེ་ཙམ་དང་། སྨན་འདམ་ལས་གྲུབ་པའི་ཚེ་ལྷ་རྣམ་གསུམ། མཁན་སློབ་ཆོས་གསུམ་མེས་དབོན་རྣམ་གསུམ་སོགས་བཞུགས་གསོལ་ཞུས། སྐུ་བརྙན་སོ་སོར་གོས་དར་རྒྱུ་བཟང་ལས་གྲུབ་པའི་ན་བཟའ་ཆ་འགྲིག་དང་། མདུན་བཀོད་མཆོད་སྟེགས་བང་རིམ་དང་མཆོད་ཆས་ཡོལ་གོ་ཆ་ཚང་བ་བཅས་ལེགས་གྲུབ་མཚམས་རབ་ཏུ་གནས་པའི་ཆོ་གས་སྨིན་བསྒྲུབ་མཛད་པ། འཕྲུལ་གྱི་བཟོ་བོ་མཐོང་ཚད་ཇི་བཞིན་བཟོ་ཤེས་པ་ལྟ་བུའི་ལྷ་བཟོ་མཁས་ཅན་ཞིག་ཡོད་པས། དེས་ཐོག་མར་རྒྱལ་བ་མ་ཕམ་པའི་སྐུའི་ཞལ་དབྱིབས་ཐེངས་གསུམ་ལ་བཅོས་ཏེ། ༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་སྤྱན་བསྟར་ཞུས་ཀྱང་ཐུགས་མགུ་བའི་བཟོ་བཅོས་ཤིག་མ་བྱུང་བས། མཐར་ཁྲི་ཆེན་བྱམས་པ་ཆོས་གྲགས་ཀྱི་ཞལ་དབྱིབས་དང་ཀུན་ནས་མཚུངས་པ་ཞིག་བྱུང་ན་དེ་ག་རང་གིས་འགྲིག་ཅེས་བཀའ་གནང་བ་བཞིན། ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་དབྱིབས་དངོས་དང་མི་གཉིས་པ་ལྟ་བུ་ཞིག་བཅོས་ནས་སྤྱན་གཟིགས་འབུལ་བས། དེ་རང་གིས་འགྲིག་པ་འདུག་ཅེས་དགྱེས་ཚོར་ཆེན་པོ་གནང་བ་སོགས་གང་ཅིར་བརྟགས་ཀྱང་། བདག་ཉིད་ཆེན་པོ་འདི་ནི། རྒྱལ་བ་མ་ཕམ་མགོན་པོ་བསམ་བཞིན་དུ་ངུར་སྨྲིག་གར་གྱི་རྣམ་པར་རོལ་བར་གོར་མ་ཆག་གོ །རྒྱལ་བ་མ་ཕམ་བྱམས་པའི་སྐུ་བརྙན་གྱི་ལྷུ་ལག་རྣམས་ནོར་གླིང་བསྐལ་བཟང་ཕོ་བྲང་ནས་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་ཞེས་པའི་གོང་སྨོས་ཞོལ་གྱི་སྤར་ཁང་གི་རྟེན་གཙོར་གདན་འདྲེན་ཞུ་སྐབས་གདན་ཞུའི་ལས་མི་ལག་མ་ཐོགས་པ་ཡོད་ཀྱང་། ད་རེས་རྟེན་འབྲེལ་གྱི་གནད་ཅིག་ཡོད་པས་སེར་བྱེས་ལྷོ་པ་ཁང་ཚན་གྱི་གསར་ཁྲལ་གོ་ཐང་རྣམས་གཅིག་ཀྱང་མ་ལུས་པ་ཕེབས་དགོས་པའི་བཀའ་བཟང་གནང་དོན་བཞིན། ཁང་ཚན་དེའི་དགེ་འདུན་བགྲེས་སོང་དང་བསྙུན་མནར་ཅན་རེ་ཟུང་མ་གཏོགས་ཚང་མ་ངེས་ཕེབས་གནང་ཞིང་གདན་ཞུ་དང་བླངས་ཞུས་པས། ༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཐུགས་དགྱེས་པའི་ངང་དགེ་འདུན་རྣམས་ལ་ཇ་ཐུག་གི་སྟོན་མོ་གནང་ཞིང་མཇལ་ཁ་ཕྱག་དབང་དང་དངུལ་དང་ལྷ་རྫས་ཀྱི་གནང་སྦྱིན་ཀྱང་བསྩལ། དེ་སྔོན་མཁན་རིན་པོ་ཆེ་འཇམ་དབྱངས་དཀར་པོ་བློ་གྲོས་རྒྱལ་མཚན་སྐབས་རྒྱལ་རྩེ་ཁུལ་དུ་ཡོད་པའི་གྲྭ་ཚང་གི་གཞིས་ཀ་དུ་མ་གཞུང་བཞེས་ཤོར་བ་རྣམས་རྗེ་འདི་ཉིད་དང་ལྷོ་པ་མཁན་པོ་བློ་བཟང་ཡེ་ཤེས་གཉིས་ཀྱིས་གཞུང་ས་ལ་དྲང་བདེན་གྱི་སྒོ་ནས་ཞུ་གཏུགས་བྱས་ཏེ་ཕྱིར་བླངས། མི་སྲུན་འགའ་རེས། དགའ་ལྡན་ཁྲི་པ་ཁ་མཆུ་ལ་དེ་འདྲ་ཐུགས་མཉེས་པ་ལ་ཨང་ཞེས་ཞུས་མཁན་ཡང་བྱུང་སྐད།
ཁྲི་ཆེན་རྡོ་རྗེ་འཆང་འདི་ཉིད་ཀྱི་ཞལ་ནས། སྐྱེ་བ་རྗེས་མར་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ཏེ། འཕགས་བོད་ཀྱི་གཞུང་ལགས་སྤྱི་དང་། ཁྱད་པར་དུ་ཟབ་མོ་དབུ་མའི་གཟུང་ལ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་བྱ་རྒྱུ་བྱུང་ན་སྙམ་པའི་རེ་བ་རྟག་ཏུ་ཡོད་པས། དེ་ལྟར་ཡོང་བའི་ཐུགས་སྨོན་གནང་དགོས་ཞེས་ཕུར་ལྕོག་བྱམས་པ་རིན་པོ་ཆེར་གསུངས་པ་དེ་ཉིད་ཀྱིས་མཛད་པའི་དེབ་ཐེར་ནོར་བུའི་ཕྲེང་བར་གསལ།
སྐབས་ཤིག་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་གསེར་གདུང་ཆེན་མོའི་ནང་རྟེན་རྗེའི་སྐུ་དམར་གདུང་དེ་ཉིད་དར་ཚོན་སྣ་ལྔའི་གོས་རྣམས་བཞུས་ནས་སྐུ་རྗེན་པར་བྱོན་གྲགས་སྐབས། ཁོང་གིས་དེ་འདྲ་གནང་ན་རྗེའི་བསྟན་པ་ལ་གནོད་པས་མི་ཉན་ཞུས་ཏེ་གཟན་གྱིས་བཀབ་པས་མགྲོན་གཉེར་ཆེན་པོ་ཨ་སངས་སོགས་སྐུ་དྲག་ཚོས་མ་མཇལ་བས་འཁོན་གྱིས་དངུལ་སྲང་བཅོ་ལྔ་ཆད་པ་བཅད། དེ་དུས་རྗེའི་སྐུ་དམར་གདུང་མཇལ་མཁན་ཚོའི་བཤད་པ་ལྟར་ན། རྗེའི་སྐུ་ལས་དབུ་སྒྲ་སྐྱེས་ཏེ་ས་ལས་ཡར་སློང་གི་ཡོད་སྐད།
མཚམས་ཤིག་ཁམས་ནས་རྙིང་ཕྱོགས་ཀྱི་མཁས་པ་རེ་ཟུང་གིས་གྲུབ་མཐའི་དཀའ་གནད་ལས་བརྩམས་ཏེ་རྩོམ་པ་རིམ་པར་བྱུང་སྐབས་རྒོལ་བ་པོ་དབང་པོ་རབ་ཏུ་གཟིགས་ནས། ཁྲི་ཆེན་རྡོ་རྗེ་འཆང་ཉིད་ཀྱིས་དཀའ་བའི་གནད་ཀྱི་མདུད་རྒྱ་གྲོལ་བའི་ལྗགས་ལན་ཐོགས་མེད་དུ་གནང་པས། མཁས་པས་མཁས་པར་བརྩད་ན་འདུམ། ཞེས་པ་ལྟར་གཅིག་ཤེས་དོན་ཀུན་གྲོལ་བའི་གནད་དུ་ཤེས་ནས། རྗེ་འདི་ཉིད་ལ་བསྔགས་པའི་བསྟོད་ཚིག་སྐྱེས་དང་བཅས་ཕུལ་ཅིང་རྗེས་སུ་ལྷ་ལྡན་དུ་རྗེ་འདི་ཉིད་མཇལ་བར་སླེབས་པའི་ལོ་རྒྱུས་རྒན་རབས་ཚོའི་གསུང་སྒྲོས་ལས་ཐོས། ད་དུང་བླ་མ་དེས་དགེ་ལྡན་པར་བཤད་གྲྭ་འགྲན་ཟླ་བྲལ་བ་འདུག་པ་འདིའི་སྒང་ལ་སྒྲུབ་གྲྭ་ཞིག་ཡོད་ན་ཞེས་ཀྱང་ཞུས་འདུག
མེ་ཡོས་(༡༩༢༧)ལོར་གསེར་ཁྲི་ལས་ཟུར་ཏེ་སྨིན་དྲུག་གླིང་ཁའི་མཚམས་ཁང་དུ་བསྙེན་བསྒྲུབ་ཀྱི་རྣལ་འབྱོར་ལ་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང། བཅད་རྒྱ་དང་བཅས་བཞུགས་སོ། །ལོ་ལྟར་གདན་གསུམ་དབུས་ཆོས་སྡེ་ཁག་གི་བསྒྲུབ་བྱ་མང་པོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་། ཁལ་ཁ་རྗེ་བཙུན་དམ་པ་སོགས་སྐྱེས་ཆེན་འགའ་ཞིག་གི་ཡང་སྲིད་ཀྱང་ངོས་འཛིན་གནང།
སྐབས་ཤིག་སྨད་ནས་རྒྱ་ནག་གུང་མིན་ཏང་གིས་ཚུལ་མིན་སྤྱོད་ངན་གྱིས་མཐའ་སྡོད་བོད་འབངས་ལ་སུན་གཙེར་བྱས་པ་དང་། གཙང་ཕྱོགས་ནས་མི་ངན་ཁག་ཁ་མཐུན་གྱིས་གཞུང་སའི་བསྟན་སྲིད་ལ་དཔུང་རྒོལ་སྦྱོར་ངན་མང་དག་གཅིག་བརྩམས་པར་བརྟེན། རྗེ་འདི་ཉིད་དབུ་བཞུགས་ཐོག་ལྷ་ལྡན་འཆམ་ར་ཆེན་མོར་གདན་གསུམ་གྱི་དགེ་འདུན་ཚོ་བསྡུས་གནང་ཞིང་སེར་ཚོགས་འཕུར་ཚུགས་སུ་འཚོགས་ཏེ། གདུགས་ཤེར་སེང་གསུམ་གྱི་བཟློག་བསྒྱུར་དང་། གནོད་བཟློག་གསོ་སྦྱོང་སོགས་དམག་བཟློག་ཏུ་ཞི་དྲག་ཆོས་སྤྱོད་ཀྱིས་རིམ་གྲོ་གནད་སྨིན་མཛད་པས། བསྟན་དགྲའི་ཕྱོགས་ཀྱི་བསམ་ངན་དང་སྦྱོར་རྩུབ་མཐའ་དག་རྨེག་མེད་དུ་ཞི་ནས་རང་ཕྱོགས་དགྲ་ལས་རྣམ་པར་རྒྱལ་བའི་དགེ་མཚན་འབར། ལོ་དེར་ལྷ་ས་གཙོས་པའི་སྟོད་སྨད་བར་གསུམ་དུ་བཅོས་ཐབས་བྲལབའི་ནད་ཡམས་དྲག་ཏུ་འཕྱུར་ཏེ་ཡུལ་མིའི་ནང་དུ་ཤི་ཆད་ཚབས་ཆེན་བྱུང་བས། གཞུང་ས་ནས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོར་ནད་ཁ་བཟློག་དགོས་པའི་སྙན་བསྐུལ་བྱུང་དོན་བཞིན། ཐུགས་བརྟགས་གཟབ་ནན་གནང་ནས་མཐར་འབྲས་སྤུངས་དགའ་ལྡན་ཕོ་བྲང་ཆེན་པོའི་འོག་གི་ལྷ་མོའི་སྐུ་དམར་གདུང་དུ་གྲགས་པའི་མཁའ་འགྲོ་མའི་སྐུ་གདུང་ཡོད་པའི་བཙན་ཁང་ལོ་མང་སྔོན་ནས་གཞུང་གིས་བཀའ་རྒྱ་སྒོ་ཐེལ་བརྒྱབ་ནས་ཡོད་པའི་ཕེབས་སྒོ་འགག་ཏུ་འཁོར་དང་འདུས་མང་རྣམས་བཀག་ནས་རྗེས་འདི་ཉིད་སྐུ་རྐྱང་དུ་ཕེབས་ཏེ། ཡུད་ཙམ་བཞུགས་མཐར་ཕྱིར་ཕེབས་ཀྱིས་སྔར་བཞིན་སྒོ་ཐེལ་བཀའ་རྒྱས་མནན། དེ་ནས་བཟུང་ཡམས་ནད་རྩ་ཆད་དུ་བྱུང་ཞིང་ནད་མུག་གི་མིང་ཙམ་ཡང་མེད་པར་གྱུར། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་འཇམ་མགོན་ཆོས་ཀྱི་རྒྱལ་པོས་ཕྱག་བཏབ་པའི་གསེར་གྱི་རྒྱ་ཕིབས་དང་།གནྡྷོ་ལ་རྙིང་སུངས་སུ་གྱུར་ཏེ་ཞིག་རལ་འགྲོ་བས་ཉེན་ཚབས་ཆེ་སྐབས་སྙན་ཞུ་བྱུང་དོན་བཞིན་ཞིག་གསོའི་འགན་བསྣམས་པར་མ་ཟད། དོན་དམ་བཟོ་པ་སོགས་ཆེད་གཏོང་ཡོང་བའི་གཞུང་སར་སྙན་བསྐུལ་ཀྱང་ཞུས། གཞུང་ནས་ཀྱང་འབྲུ་དངུལ་དང་ཤིང་ཆའི་མཐུན་རྐྱེན་གནང་འཕྲལ་རྟེན་དང་བརྟེན་པ་བཅས་ཉམས་གསོ་ལེགས་གྲུབ་མཚམས། གཞུང་སར་༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོར་གདན་ཞུའི་གསོལ་བ་བཏབ་པ་ལྟར། དེ་དོན་ཞལ་བཞེས་གནང་ནས་སྟོན་འཁོར་ཚོམ་བུ་དང་བཅས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སོར་འཁོད་དེ་སྲིད་ན་རྙེད་པར་དཀའ་བའི་ཡབ་རྗེ་རྒྱལ་བ་གཉིས་པའི་གསེར་སྡོང་ཆེན་པོ་དབུར་བཞུགས་པའི་རྟེན་མཆོག་རྣམས་ཀྱི་མདུན་དུ་མཆོད་པའི་ཚོགས་དཔག་ཏུ་མེད་པ་འབུལ་བཤམ་དང་འབྲེལ་རབ་གནས་སོགས་སྨིན་རྒྱས་མཛད་པས་རྟེན་དང་བརྟེན་པར་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དངོས་སུ་ཞུགས་པའི་རྟགས་མཚན་བྱུང་། ༸གོང་ས་མཆོག་གིས། ཁྲི་གདན་ཟུར་གཉིས་དང་། ཤར་བྱང་ཆོས་རྗེས་རྣམ་གཉིས་གདན་འཛོམས་པའི་སར་དགེ་འདུན་འདུས་པའི་དབུས་སུ་རྗེ་འདི་ཉིད་ལ་སྔ་ཕྱིར་བསྟན་པ་དང་ཆབ་སྲིད་ལ་ཐུགས་ཁུར་ཆར་བཞེས་གནང་བར་ཐུགས་རྗེ་ཆེ་མཚོན་གྱི་གཟིགས་བཟོས་རྒྱ་ཆེར་གནང། དེ་ནས་རིང་པོར་མ་སོང་བར་ཆུ་བྱ་(༡༩༣༣)ལོར་གངས་ཅན་འགྲོ་བའི་དཀར་མིན་ལས་ཀྱི་འབྲས་བུ་མངོན་དུ་གྱུར་ཅིང་རྣམ་དཀར་བསོད་ནམས་ཀྱི་བསགས་ཕུང་ཟད་མཐར་ཐུག་པ་དང་། ར་གན་གསེར་བརྫུས་ཀྱི་མི་ངན་དབང་ཤུགས་ཅན་རེ་ཟུང་ངན་པ་མཐུན་སྦྱོར་གྱིས་བསྟན་སྲིད་མཛད་ཕྱོགས་གང་ཅིར་བར་ཆད་བརྩམས་དང་རྩོམ་བཞིན་པ་དང་། གཞུང་ཆབས་ཆེ་ཕྲ་ཀུན་གྱིས་རྒྱབ་མདུན་དང་ཁ་གཏིང་མི་མཚུངས་པའི་སྒོ་ནས་ཆབ་སྲིད་ཀྱི་འཛིན་སྐྱོང་མཐའ་དག་འཐས་སྒོ་ཚང་བ་ཞིག་གཏན་ནས་མ་བསྒྲུབ་པའི་རྐྱེན་པས་ཐུགས་ཡིད་ཤིན་ཏུ་འབྱུང་ནས་སྐུ་ལྟེམ་པའི་ཚུལ་མཛད་ཅིང་ཐུགས་ཀྱི་དགོངས་པ་ཞིང་གཞན་དུ་གཏད་ལ་ཉེ་སྐབས། ཁྲི་ཟུར་རིན་པོ་ཆེ་འདི་ཉིད་དང་བཀའ་ཤག་ལྷན་ཅིག་ཏུ་ཆོས་སྡེ་ཆེན་པོ་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་བཅས་སུ་མང་འགྱེད་དང་། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ཏེ་རྐྱེན་བཟློག་གི་ཐབས་ཚུལ་གང་ཟབ་དང་། སྐུ་དངོས་ཀྱི་མདུན་དུ་གསོལ་འདེབས་གདུང་འབོད་དྲག་པོས་བཞུགས་གསོལ་འབུལ་ལམ་ཞུས་ན་རྐྱེན་བཟློག་ཐུབ་རེ་བཅངས་ཏེ། སྐུ་གམ་དུ་ངོ་བཅར་འཐུས་པའི་སྙན་སྒྲོན་ཞུ་སྐབས། བཀའ་ཤག་ལ་མཇལ་འཕྲད་གནང་རྒྱུ་ལྟ་ཅི། མཇལ་དར་ཡང་དེ་མ་ཉིད་དུ་ཕྱིར་བསློགས། ཁྲི་ཟུར་རིན་པོ་ཆེའི་མཇལ་དར་ལྷ་རྫས་དང་རྟེན་དོད་བཅས་དགྱེས་བཞེས་གནང་ནས། འཆར་ཟླའི་ཚེས་ཤར་ལ་ལྷོད་མཇལ་ཞུ་འཐུས་ཡོང་བའི་བཀའ་ཕེབས། དེ་ནས་རིམ་གྱིས་བསྙུན་ཚུལ་ཇེ་ཞན་གྱི་རྣམ་པ་བསྟན་ནས་མཐར་སུས་ཀྱང་བཟློག་ནུས་པར་དགོངས་པ་ཞི་དབྱིངས་སུ་ཐིམ་ལ་ཉེ་སྐབས་བསྐྱར་དུ་ཁྲི་ཟུར་རིན་པོ་ཆེ་དང་། ཕུར་ལྕོག་བྱམས་པ་རིན་པོ་ཆེ། མཚན་ཞབས་སྟག་བྲག་སྤྲུལ་སྐུ། རྒྱལ་དབང་སྤྲུལ་སྐུ་བཅས་རྟབ་རྟབ་པོར་སྐུ་མདུན་དུ་བཅར་ནས་རྐྱང་ཕྱག་དགུ་ཕྲུགས་ཀྱིས་སྣེ་དྲངས་ཏེ། བསྟན་འགྲོའི་མགོན་དཔུང་དམ་པར་ཞབས་པད་བརྟན་པའི་དགོངས་ཟབ་ནམ་ཡང་ལྷོད་པར་མི་འཚལ་བ་དང་། མཐར་དགོངས་པ་ཞིང་གཞན་དུ་གཏད་ཟིན་པས་བཟློག་ཐབས་གཏན་ནས་མེད་ཚེ། ཡང་སྲིད་མཆོག་གི་སྤྲུལ་སྐུའི་འཁྲུལ་མེད་མྱུར་ཕེབས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབ་འཕྲལ། སྤྱན་རིམ་གྱིས་ཕྱེ་སྟེ་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ལ་གཟིགས་ཤིང་ཐུགས་དགྱེས་བརྩེ་ཆེན་པོས་འབྲལ་མི་ཕོད་པའི་རྣམ་པས་མཐར་ཞལ་འཛུམ་མདངས་དང་བཅས་ཕྱི་མར་དག་ཞིང་དུ་མཇལ་ཡོད་ཞེས་པ་ལྟར་དུ་མཛད་ནས་སྔར་བཞིན་བཞུགས། དེའི་(༡༩༣༣)ཟླ ༡༠ ཚེས་༣༠ ཕྱི་དྲོ་ཙམ་ན་སྡུད་རིམ་རྣལ་འབྱོར་གྱི་སྣང་བ་རྣམས་རིམ་གྱིས་བསྡུས་ནས་གཉུག་མའི་དོན་འོད་གསལ་མངོན་དུ་མཛད་དེ། སྤྲོས་བྲལ་བདེ་སྟོང་གི་ཐུགས་དམ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སྐབས། སྔ་ཕྱིར་གདུང་མཆོད་དང་དགོངས་རྫོགས་ཀྱི་རིམ་པ་ཐམས་ཅད་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ནས་དབུ་བཞུགས་ཐོག་ཐུགས་འགན་གཙང་བཞེས་གནང་། དེ་ལྟར་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྐྱབས་མགོན་རྒྱལ་བའི་དབང་པོ་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་མཛད་པའི་རྗེས་སུ། བཀའ་ཤག་སོགས་གཞུང་ཞབས་ཆེ་ཁག་ལྷན་འཛོམས་ཐོག རྗེ་བཙུན་དམ་པ་འདི་ཉིད་ལ་ཁྲི་ཆེན་གོང་མ་རེ་ཟུང་གིས་རྒྱལ་ཚབ་ཀྱི་ཐུགས་འགན་བཀྲིན་བསྐྱངས་ཡོད་པ་ལྟར། བདག་ཉིད་ཆེན་པོ་ཉིད་ནས་ཀྱང་། ༸སྐྱབས་མགོན་རྒྱལ་བའི་དབང་པོའི་འཁྲུལ་བྲལ་ཡང་སྲིད་ཀྱི་འཛུམ་ཞལ་མངོན་དུ་གྱུར་ཏེ་ཆོས་སྲིད་ཀྱི་ཐུགས་འགན་མ་བསྣམས་པའི་བར་དུ། ༸གོང་སའི་རྒྱལ་ཚབ་ཀྱི་ཁྲི་འཕང་མཐོན་པོར་བཞུགས་གནང་ཡོང་བའི་གསོལ་བ་བཏབ་ཀྱང་། མ་གསན་པར་ངོས་ནི་ན་རྒས་རྫི་ལྡིབ་རང་གཡོག་མི་འཕེར་མཁན་ཞིག་གིས་རྒྱལ་ཚབ་ཀྱི་སྲིད་ཁྲི་ནོན་ཐབས་མེད། རྭ་སྒྲེང་ཧོ་ཐོག་ཐུ་སོགས་ཤེས་འཇོན་གཉིས་ལྡན་གྱི་སྐྱེས་ཆེན་རྒྱལ་ཚབ་ཡོང་ངེས་དེ་འདྲ་མང་པོ་བཞུགས་ཡོད་པ་དེ་ཚོ་ལ་ཞུ་ན་འཐུས་ཚུལ་གསུངས་ནས་ཞལ་བཞེས་མ་གནང་། གཞན་ཡང་། བཀའ་ཤག་སོགས་ལ་འཕྲོས་མོལ་དུ་བླང་དོར་བཀའ་སློབ་ཚ་ནན་གནང་། གང་ལྟར་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་གཤེགས་ནས་ཟླ་བ་གཉིས་ཙམ་ལ་ཆབ་སྲིད་བཀའ་བཤག་ལྷན་རྒྱས་ནས་བསྐྱངས། དེ་ནས་སྲིད་འཛིན་རྒྱལ་ཚབ་གཅིག་དགོས་ཚུལ་གྲོས་བསྡུར་བྱས་ཏེ། དགའ་ལྡན་ཁྲི་པ་ལས་ཐོག་པ་མི་ཉག་ཨ་མེས་ཡེ་་ཤེས་དབང་ལྡན་དང། རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན། ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་གསུམ་གྱི་མཚན་ཤོག་ཟན་རིལ་བསྒྲིལ་ནས་རྩེ་འཕགས་མཆོག་ལོ་ཀེ་ཤྭ་རའི་སྤྱན་སྔར་བཀའ་ཤག་དྲུང་རྩིས་བཅས་པའི་དབུས་སུ་དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་གང་ཉིད་ཀྱིས་ཐུགས་སྨོན་བདེན་ཚིག་བརྗོད་ཞོར་ཟན་བརྟག་བསྒྲིལ་བས་རྭ་སྒྲེང་ཧོ་ཐོག་ཐུ་ཐོན་པ་ལྟར་ཤིང་ཁྱི་(༡༩༣༤)ལོའི་ཟླ་ ༡ ཚེས་ ༡༠ ཉིན་རྒྱལ་ཚབ་ཀྱི་ཁྲིར་ཕེབས། རྭ་སྒྲེང་རིན་པོ་ཆེ་སྐུ་ན་གཞོན་དུས་ཕེབས་བཞུད་ཀྱི་སྐབས་སུ་རྟ་རྒྱུགས་གཏོང་རྒྱུར་ཤིན་ཏུ་མཉེས་པོ་ཞིག་ཡོད་ཅིང། ཕར་ཚུར་ཕེབས་སྐབས་རྗེ་འདི་ཉིད་ཀྱི་མདུན་དུ་མཇལ་བཅར་ཡང་ཡང་ཕེབས་ཀྱིན་ཡོས་པས། ཉིན་ཞིག་རིན་པོ་ཆེར་ཁྱོད་ཀྱིས་རྟག་རྒྱུགས་གཏོང་རྒྱུ་དེ་མཚམས་འཇོགས་གནང་དགོས་པའི་བཀའ་གནང། རིན་པོ་ཆེས་ཀྱང་དེ་དོན་དམ་བཅའ་ཕུལ་བས་དགྱེས་ཚོར་ཆེན་པོས། ཨོ་ཡག་པོ་བྱུང། རྗེས་སུ་ཆོས་སྲིད་ཀྱི་ཐུགས་འགན་ཆེན་པོ་བཞེས་སྐབས་རྟ་རྒྱུགས་རྐྱང་པ་བཏང་ནས་ཕེབས་ན་འཚམ་པོ་རང་ཡོད་ཀྱི་མ་རེད་ཅེས་སྐུ་རྩེད་ཀྱི་ཚུལ་དུ་མ་འོངས་ལུང་བསྟན་དུ་གནང། ༸རྒྱལ་དབང་གོང་མའི་ཡང་སྲིད་ངོས་འཛིན་སྐོར་མཛད་དཀའ་བའི་གླེང་རྙོག་མང་པོ་བྱུང་སྐབས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར། བརྟག་ཞིབ་ནན་པོ་དགོས་སྐོར་དང་ཐག་གཅོད་སྔ་མི་རུང་བའི་བཀའ་སློབ་ཡང་གནང་ཞིང། ཡང་སྲིད་ཁྲིད་ཕེབས་ཀྱི་འགལ་རྐྱེན་སེལ་ཐབས་ཀྱི་ལམ་སྟོན་རྒྱ་ཆེར་མཛད། ཁལ་ཁ་རྗེ་བཙུན་དམ་པ་སོགས་སྐྱེ་སྤྲུལ་འགའ་ཞིག་གི་ཡང་སྲིད་ངོས་འཛིན་གནང། རཀ་ར་རིན་པོ་ཆེ་ཐུབ་བསྟན་ཆོས་དར་གྱིས་མཛད་པའི་གསེར་གོང་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་སྐལ་བཟང་རེ་སྐོང་ལས། ཁྲི་ཟུར་བྱམས་པ་ཆོས་གྲགས་ཀྱི་མཚན་ལ། ཧྲེ་ཧོར་བྲག་མགོ་ཁྲི་ཟུར་ཞེས་ཀྱང་ཞུ་ཞིང། གཞན་ཡང་རྣམ་ཐར་དེར་འདི་ལྟར་གསུངས་པ་སྟེ། བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་དགུང་ལོ་བརྒྱད་ཅུ་ལྷག་བཞུགས། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྐབས་སུ་ལྷ་ལྡན་སྨོན་ལམ་ཆེན་པོར། ལོ་འགའ་ཤས་ཀྱི་རིང་ལ་ཁྲི་པ་ལས་ཐོག་དང་། ཁྲི་ཟུར་གཉིས་བཅས་སྨོན་ལམ་གྱི་ཚོགས་དབུར་ཁྲི་གསུམ་གྱི་སྟེང་དུ་བཞུགས་པ་བྱུང་བས། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྗེ་བླ་མ་ཡབ་སྲས་གསུམ་ཀའི་རྒྱལ་ཚབ་ལྟ་བུ་དུས་མཚུངས་སུ་མཇལ་རྒྱུ་ཡོད་པ། རང་རེ་བསོད་ནམས་ཤིན་ཏུ་ཆེ་ཞེས་ཐུགས་སྤྲོ་བ་ཆེན་པོས་གསུང་ཞེས་ཐོས། ཁོ་བོ་ཆུང་དུས་ལོ་བརྒྱད་དགུ་ཙམ་ལ་ཨ་མ་ལགས་དམ་པ་དེས་ཆེད་དུ་ཁྲིད་པ་གནང་ནས་དགེ་ངག་དབང་དཔལ་ལྡན་ངོས་གསུམ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་གནད་སྨིན་ཞིག་ཐོབ། དེ་དུས་རྨེ་རུའི་རྒྱབ་སྨིན་གྲོང་གཟིམ་ཤག་ཏུ་བཞུགས་འདུག་ཅིང། སྐབས་དེར་གུས་ལ་ཐུགས་བརྩེ་བའི་བསླབ་བྱ་མང་དུ་སྩལ་ཏེ། ཐུགས་སྨོན་ཡོད་ཅེས་གསུང། ཤིན་ཏུ་མཇལ་སྤྲོ་བ་དད་པ་དབང་མེད་དུ་སྐྱེས་བ་ཞིག་བྱུང་། ཕ་དམ་པ་ཆབ་མདོ་སྤྱི་ཁྱབ་ནས་དགོངས་པ་འཁྲོལ་ཏེ། གུས་རང་གྲྭ་སར་ཞུགས་ཉེར། ཤག་རོགས་དགེ་བཤེས་ངག་ཐོས་ལགས་ནས་ཕ་མ་གཉིས་ལ་ཞུས་ཏེ་ཁྲི་ཟུར་རིན་པོ་ཆེ་ལ། གུས་རང་ལ་རིང་འཚོའི་སྨོན་ལམ་ཞིག་བསྐུལ་མ་ཞུས་པ། གུང་རུང་ཁང་ཚན་དུ་ཀུན་གླིང་རིན་པོ་ཆེའི་ཞབས་བརྟན་དང་། གུས་རང་གི་རིང་འཚོའི་སྨོན་ལམ་གསུང་གིན་འདུག་པས། དེའི་ནང་འཆད་པའི་སྤོབས་པ་དབྱིག་གཉེན་ལྟ་བུ་དང་། །རྩོད་པའི་མཆོག་གྱུར་ཆོས་ཀྱི་གྲགས་པའི་ཞབས། །རྩོམ་པ་སློབ་དཔོན་དཔའ་བོ་དང་མཚུངས་པའི། །རྣམ་ཐར་མ་ལུས་ཇི་བཞིན་སྐྱོང་ནུས་ཤོག ཅེས་གསུངས་པ་ཤོ་ལོ་ཀ་གཅིག་པོ་འདི་མ་གཏོགས་གཞན་བརྗེད་ཟིན་འདུག་ཅེས་གསེར་ཀོང་རྣམ་ཐར་དུ་གསུངས་འདུག། དེ་ལྟར་ངེས་པ་དོན་གྱི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཁྲི་ཆེན་རྡོ་རྗེ་འཆང་འདི་ཉིད་ཀྱིས་ཇི་སྙེད་འགྲོ་བའི་མོས་ངོར་སྐུའི་སྐྱེ་བ་བཞེས་པ་ནས་མཐར་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་གཟིམས་པའི་ཚུལ་མཛད་པའི་བར་དུ་བསྟན་པ་དང་འགྲོ་བའི་དོན་ཁོ་ན་མཛད་ཅིང་གསང་བ་གསུམ་གྱི་སྒོ་ནས་རྗེས་སུ་བཟུང་བའི་སློབ་མ་ཡང་། སྲིད་སྐྱོང་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་དང། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པའི་རྡོ་རྗེ་དང་མི་གཉིས་པའི་ངེས་དོན་གྱི་བྱ་བཏང་བ། ཧྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་བློ་བཟང་དར་རྒྱས་དཔལ་བཟང་པོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གཞུང་ལུགས་རྒྱ་མཚོའི་མངའ་བདག་དགེ་བཤེས་བསོད་ནམས་མགོན་པོ། མདོ་སྔགས་གཞུང་བརྒྱ་སྨྲ་བའི་དབང་པོ་རིམ་གཉིས་ཀྱི་རྣལ་འབྱོར་ཆེན་པོ་དགེ་བཤེས་ཡེ་ཤེས་ནོར་བུ། དགེ་བཤེས་ཡ་མ་ཚེ་དཔག པཎྜིཏ་པོད་ལྔ་པའམ་བློ་བཟང་བསམ་གཏན། ལུང་རིགས་མཛོད་འཛིན་བློ་བཟང་དོན་འགྲུབ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་གྲངས་ཀྱིས་མི་ཆོད་པ་བསྐྱངས་ཤིང་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་སྒྲེངས་པར་མཛད། གསུང་གི་ལེགས་བཤད་ཀྱང་། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཀྱི་རྣམ་ཐར་སོགས་ཤིན་ཏུ་སྙན་འཇེབས་ཀྱི་སྡེབ་ལེགས་ལྡན་པའི་ལྗགས་རྩོམ་ངོ་མཚར་ཅན་དུ་མ་ཡོད།
མཐར་དགུང་གྲངས་གྱ་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་(༡༩༣༧)ལོར་རྟག་འཛིན་གྱི་འཆིང་བ་བརྟན་ཅིང་འདི་སྣང་གི་གཡེང་བས་ཆེས་ཆེར་བསྐྱོད་པའི་གདུལ་བྱ་རྣམས་བློ་ཁ་ཆོས་ཕྱོགས་སུ་གཞོལ་བའི་ཕྱིར་དུ་ཐུགས་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། དེ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཟས་གཙང་སྲས་ཀྱིས་རྩ་མཆོག་གྲོང་གི་མཛད་པ་ཐ་མ་དང་མཐུན་པར། སེང་གེ་ཉལ་སྟབས་སུ་བཞུགས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་ཅིང། ཉིན་ལྔའི་རིང་དུ་སྣང་སྟོང་ཟུང་འཇུག་ཟབ་གསལ་སྒྱུ་མའི་རྣལ་འབྱོར་གྱི་ཐུགས་དམ་ལ་མཉམ་པར་བཞག་དེ་ནས་སྐུ་གདུང་རིན་པོ་ཆེའི་མདུན་དུ་མཆོད་ཚོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་འབུལ་བཤམས་དང་། བླ་མཆོད་དང་འབྲེལ་གསོལ་བ་སྨོན་ལམ་གདུང་ཤུགས་དྲག་པོས་བཏབ་ཅིང་གདུང་སྒྲུབ་ཀྱི་ཆོ་ག་རྣམ་པར་དག་པ་སྨིན་སྒྲུབ་དང་། གདན་གསུམ་དབུས་རྒྱུད་གྲྭ་སྨད་སྟོད་བཅས་རིས་མེད་ཆོས་སྡེ་ཀུན་ལ་མང་འགྱེད་དང་ཇ་ཐུགས་བསྙེན་བཀུར་ཟབ་རྒྱས་ཞུས། སྐུ་གདུང་རིན་པོ་ཆེ་ཞུགས་ལ་སྦྱངས་སྐབས་འཕེལ་གདུང་རིང་བསྲེལ་གྱི་རྒྱུན་བཟང་རང་འཁྲུངས་སུ་ཕེབས། ལ་མོ་ཕྱག་མཛོད་ཀྱིས་སྔ་ཕྱིར་ཐུགས་འགན་བཞེས་ཏེ་དགོངས་རྫོགས་སུ་རིང་བསྲེལ་ཆ་ཚང་ནང་དུ་བཞུགས་པའི་དངུལ་སྡོང་རིན་པོ་ཆེའི་ཕྲ་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ་བྱིན་རླབས་ཚན་ཁ་རབ་ཏུ་འབར་བ་ཞིག་དང་།གསེར་ཟངས་ལས་གྲུབ་པའི་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པ་སྐུ་དངོས་དང་སྒོ་ཀུན་ནས་མཚུངས་པའི་སྣང་བརྙན་བཅས་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་ཞོལ་བཀའ་བསྟན་ལྷ་ཁང་གི་རྟེན་གཙོ་རྒྱལ་བ་མ་ཕམ་པའི་སྐུ་བརྙན་གྱི་གཡོན་དུ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་དྲན་རྟེན་དུ་བཞུགས། དེའི་སྐུ་ཕྲེང་གཉིས་པ་ཝ་ལུང་ཁྲི་སྤྲུལ་བྱམས་པ་ཆོས་གྲགས་བསྟན་འཛིན་རིན་པོ་ཆེ་ནི། རབ་བྱུང་བཅུ་དྲུག་པའི་ས་སྟག་(༡༩༣༨)ལྷ་སྡོད་བྲག་མགོ་ཝ་ལུང་ཚང་དུ་སྐུ་འཁྲུངས། དགོང་ལོ་དྲུག་ཐོག་ཕྱིར་ཏྲེ་ཧོར་བྲག་མགོའི་དགོན་དུ་གདན་འདྲེན་ཞུས། སྔ་ཕྱིར་བྲག་མགོ་དགོན་པའི་ཕྱི་ནང་ལས་སྣེ་ཆེ་ཆུང་ཀུན་ལ་སྨན་པའི་ཕྱག་ལས་རྒྱ་ཆེར་གནང་ཤིང་། བསྟན་པ་གཉའ་ཕྲན་གྱི་སྐབས་སུ་དགོན་པ་གསར་འཛུགས་སོགས་ཐབས་ཤེས་ཡོད་ཚད་ཀྱིས་ཐུགས་ཁུར་བཞེས།ཡུལ་ལུང་མི་སེར་གྱིས་ཀྱི་དཀའ་སྡུག་ཞུ་སའི་མགོན་སྐྱབས། དད་གུས་དང་དགའ་མོས་ཆེས་ཤོས་བྱེད་སའི་བླ་མ་ཞིག་ཡིན་ཞིང་། ཤིང་སྤྲེལ་(༢༠༠༤)ལོ་འདིའི་ཟླ་༢ ནང་ལ་གཞིས་དགོན་དུ་ཞི་བར་གཤེགས་པར་ཐོས།།

མཁན་རབས་རེ་གཉིས་པ་བདག་ཉིད་ཆེན་པོ་བློ་བཟང་དབང་ཕྱུག
མཁན་རབས་རེ་གཉིས་པ་བདག་ཉིད་ཆེན་པོ་བློ་བཟང་དབང་ཕྱུག་ནི། སྤྱི་ལོ་(༡༩༣༠)ཡན་མན་དུ་མདོ་ཁམས་ཏྲེ་ཧོར་བྲག་མགོ་ཁུལ་གནའ་གཞིས་གྲོང་དུ་སྐུ་འཁྲུངས། ཧོར་ཁོག་དགོན་སྡེ་བཅུ་གསུམ་གྱི་ཡ་གྱལ་ཧོར་བྲག་མགོ་དགའ་ལྡན་རབ་བརྟན་རྣལ་རྒྱལ་གླིང་དུ་སྒྲིག་ཞུགས་ཀྱིས་ཡི་གེ་འབྲི་ཀློག་སོགས་ལ་བསླབས། ཀེའུ་ཚང་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། འཁྲུངས་གསར་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་ཕུན་ཚོགས་སོགས་ཀྱི་ཞལ་ནས་ལུང་དང་མན་ངག་དུ་མ་ཞུས། དབུས་སུ་བྱོན་ནས་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་། བློ་གླིང་མཁན་པོ་བློ་བཟང་དོན་འགྲུབ་སོགས་མཁས་གྲུབ་དུ་མའི་ཞབས་པད་ཡུན་དུ་བསྟེན་ནས་གཞུང་ཆེན་པོད་ལྔ་འགྲན་ཟླ་བྲལ་བའི་མཁས་པའི་ཡང་རྩེར་སོན། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་སོགས་ཀྱི་མདུན་ནས་མདོ་སྔགས་ཀྱི་ལམ་རིམ་དང་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་རྒྱ་ཆེར་མནོས། སྤྱི་ལོ་(༡༨༧༡)ཡན་མན་ལ་འབྲས་སྤུངས་རྒྱས་པ་གྲྭ་ཚང་གི་མཁན་ཁྲིར་ཕེབས། སྤྱ་ལོ་(༡༨༧༧)ཡན་མན་དུ་མཁས་མང་བློ་གསལ་གླིང་གི་མཁན་ཁྲིར་ཕེབས་ནས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེར་བསྐྱངས། རྗེ་འདི་པས་ཆོས་རར་བརྩི་བཞག་གནང་བའི་སྐབས་སྟག་ཕུ་པདྨ་བཛྲས་འོད་དཔག་མེད་སྐུ་དངོས་སུ་མཇལ་བས།
བློ་གསལ་གླིང་གི་ཆོས་གྲྭ།།
བདེ་བ་ཅན་གྱི་ཞིང་ཁམས། །
རང་ཚོའི་བརྩི་བཞག་མཁན་པོ། །
འོད་དཔག་མེད་ཀྱི་རྣམ་འཕྲུལ། །
མགུར་བཞེས་མཛད་པ་དུས་ཕྱིས་སུའང་རླུང་ལྟར་གྲགས། རབ་བྱུང་བཅོ་ལྔ་པའི་ས་སྟག་ཕྱི་ལོ་ ༡༨༧༨ བོད་ཟླ་པོའི་ནང་པཎ་ཆེན་བསྟན་པའི་དབང་ཕྱུག་རྒྱལ་བའི་ཡང་སྲིད་རིན་པོ་ཆེར་མཇལ་འཕྲལ་ཕེབས་སྐབས་གདན་ས་འབྲས་སྤུངས་ཚོགས་ཆེན་དང་། སྒོ་བློ། བདེ་ཡངས། འབྲས་གཙང་པ་ཁང་ཚན་བཅས་སུ་གནས་གཟིགས་མཆོད་མཇལ་ཕེབས་པ་དང་། སྟབས་བསྟུན་ནས་གདན་འདྲེན་ཞུས། དཀར་སྤྲོ་དང་རྟེན་གསུམ་འདེགས་འབུལ་ཞུས་པ་སོགས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོ་རྣམ་དཀར་གྱི་མཛད་པ་རྒྱ་ཆེར་བསྐྱངས། ཕྱི་ལོ་༡༨༨༣ ལོར་བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན་གྲྭ་སར་ཞུགས་ནས་རྗེ་འདི་ཉིད་ལས་མི་ལོ་ཧྲིལ་པོ་ལྔ་ཡི་རིང་གཞུང་ཆེན་པོད་ལྔ་ཀ་གསན་ནས་དུས་ཕྱིས་བཀའ་པོད་ལྔ་ཀའི་འབྲེལ་པ་ལྗགས་རྩོམ་གནང་། བྲག་དཀར་པཎྜིཏས་ལྷ་ས་གྲུབ་དབང་དྷརྨ་སེང་གེའི་དྲུང་ནས་གཅོད་ཀྱི་ལུང་དང་མན་ངག་མང་པོ་ཞུས་ཏེ་ཉམས་བཞེས་མཛད་པར་མཁན་ཆེན་རྡེ་རྗེ་འཆང་འདི་ཉིད་ཀྱིས་ཐུགས་མི་མཉེས་པའི་རྣམ་པར་མཛད་པར་མ་ཟད་བཀའ་བསྒྱུར་ཡང་གནང་འདུག་པར་བྲག་དཀར་རིན་པོ་ཆེས་དྲང་དོན་དུ་དགོངས་ནས་གཅོད་ཀྱི་ཉམས་ལེན་མུ་མཐུད་ནས་གནང་སྐོར། རྭ་སྤྲུལ་རྡོ་རྗེ་འཆང་འཇམ་དབྱངས་བདེ་བའི་ཉི་མས་མཛད་པའི་བྲག་དཀར་རྣམ་ཐར་ངོ་མཚར་སྐལ་བཟང་རྣ་བའི་བདུད་རྩིར་བཀོད་པར་བལྟས་ན། གདན་སའི་མཁན་པོ་ཚོས་དེ་དུས་ནས་གྲྭ་སའི་བཤད་གྲྭའི་རྒྱུན་བཟང་མི་ཉམས་པའི་ཆེད་ཁོ་ནར་ཐུགས་ཁུར་གནང་བར་ངེས་ཏེ། དུས་ཕྱིས་ཀྱང་གདན་ས་འདིར་གཅོད་ཀྱི་སྐོར་ལས་འཕྲོས་པའི་དོན་སྐྱོན་འདི་འདྲ་ཡང་ཡང་བྱུང་སྣང་ངོ་།།
རྒན་གྲས་ཚོའི་གསུང་རྒྱུན་དུ་རྗེ་འདི་ཉིད་ཕྱག་དཔེ་འགྲན་ཟླ་བྲལ་བར་མ་ཟད་ཐུགས་རིག་ཤིན་ཏུ་བཀྲ་བས་གཞུང་པོ་ཏི་མང་པོ་ཐུགས་ཐོག་ཤར་ཤར་ཡོད་ནའང་། ཁེངས་བསྐྱུང་པའི་ཚུལ་གྱིས་བརྩི་བཞག་སྐབས་ཡིག་ཕྲེང་གཉིས་ཙམ་རེ་ལས་མི་གསུང་པར་སྐབས་དེའི་སྐྱོར་དཔོན་ཚོས། མཁན་རིན་པོ་ཆེ་ལ་མ་རངས་པ་ལྟ་བུས་ཡར་ཤོག་ལྷེབ་རེ་ཙམ་སྐྱོར་བས།  རྗེ་འདིས་སྐྱོར་དཔོན་ཚོའི་ཐུགས་རྒྱལ་གཅག་པའི་ཆེད་འཛིན་གྲྭ་གོང་འོག་གི་གཞུང་ཚན་རེ་རེ་བཞིན་ཤོག་སྡེབ་བཅོ་ལྔ་ཉི་ཤུ་ཙམ་རེ་སྐྱོར་བར་མ་ཟད། སྐྱོར་དཔོན་ཚོས་ཕྱིར་སྐྱོར་མ་ཐུབ་པ་ལ་བཀའ་བསྒྱུར་དྲག་པོ་གནང་བས་འཛིན་གྲྭ་གོང་འོག་གི་སྐྱོར་དཔོན་མང་པོ་དགོངས་པ་ཞུ་དགོས་པ་བྱུང་། སླར་ཡང་གོ་བསྐོན་སློབ་གསོ་གནང་ནས་ང་རྒྱལ་གཅོག་ཐབས་མཛད་སྐད་ཀྱང་ཐོས། མཁན་པོ་གནང་རིང་ཚོགས་ཆོས་ཚུལ་བཞིན་འགྲིམ་མཁན་དང་ཕྱག་དཔེ་ཡག་པོ་ཚོར་དམིགས་བསལ་གཟིགས་མཐོང་རྒྱ་ཆེར་གནང་བ་དང་། ཚོགས་སུ་ཕྱག་དཔེ་གཟིགས་མཁན་དང་མི་གཟིགས་མཁན་གཉིས་ལ་མངོན་གསལ་དོད་པོའི་བསྟོད་སྨད་ཀྱི་བཀའ་བསྒྱུར་ཡང་ཡང་གནང་བར་བརྟེན། མཁན་ཁྲིར་མི་ལོ་བཅོ་བརྒྱད་ལ་ཉེ་བའི་སྐབས་ཤིག་ཚ་བ་ཁང་ཚན་གྱི་རྡོབ་རྡོབ་འགའ་ཞིག་གིས་སྣེ་ཁྲིད་ནས། མཁན་རིན་པོ་ཆེ་ལ་མི་འཚམ་པ་ཅི་རིགས་བྱས་སྟབས། མཁན་པོ་དགོངས་ཞུས་བཏང་བར་གནང་ཆུང་ཆོས་སྐྱོང་གིས་མཁན་པོ་དགོངས་ཞུ་མི་ཆོག་ཅེས་ནན་གྱིས་གསུངས་ཀྱང་མ་གསན་པར་རིག་གྲྭ་ཐེངས་གསུམ་པ་སྔོན་བཏང་མཛད་ནས་ཨུ་ཚུགས་ཀྱིས་དགོངས་ཞུ་མཛད་པ་དང་། ཁ་ཐུག་ཕ་ཡུལ་དུ་ཕེབས་ནས་གཞིས་དགོན་ཏྲེ་ཧོར་བྲག་མགོ་རབ་བརྟན་རྣམ་རྒྱལ་གླིང་དུ་གཞི་གསུམ་གྱི་སྲོལ་རྒྱུན་བསྐྱངས་པ་དང་། ལྷག་དོན་མཚན་ཉིད་ཀྱི་རྩོད་གྲྭ་འཛུགས་པ་སོགས་ཀྱི་མཛད་པ་བསྐྱངས་པ་མ་ཟད། སླད་ནས་ལམ་རིམ་གྱི་བཀའ་ཁྲིད་དང་། སྡེ་བ་གྲོང་ཁུལ་རྣམས་སུའང་མི་དགེ་བཅུ་སྤོང་གིས་མཚོན་པའི་ཆོས་ཚུལ་རྒྱ་ཆེར་སྤེལ། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཀྱི་རྣམ་ཐར་ལས། ཤུག་རི་གླིང་ནས་བློ་གླིང་མཁན་ཟུར་བློ་བཟང་དབང་ཕྱུག་རང་ཡུལ་དུ་ཕེབས་པ་དང་མཇལ། གདན་འདྲེན་ཞུས་ཏེ་དགྱེས་པའི་གསུང་གླེང་རྒྱ་ཆེར་འཕེལ། ཞེས་འབྱུང་བས་སྐབས་དེ་(༡༨༩༨)ཡན་མན་དུ་གྲྭ་ས་ནས་ཕ་ཡུལ་དུ་ཕེབས་ཟིན་པ་འདྲ། མཐར་བྲག་མགོ་རང་དུ་དགོངས་པ་རྫོགས་པའི་གདུང་རུས་རྣམས་འཁྲུངས་ཁྱིམ་རང་གིས་ཉར་ཚགས་བརྟན་པོར་བྱས་ཏེ། རིག་གནས་གསར་བརྗེའི་རླུང་འཚུབ་ཁྲོད་དུའང་བོར་བརླགས་མ་ཤོར་བར་ལུས་ཡོད་པ་ལྟར། མཁན་ཆེན་སྐུ་ཕྲེང་གཉིས་པའི་ཐུགས་སྲས། ཟངས་ར་སྤྲུལ་པའི་སྐུ་རིན་པོ་ཆེ་ལོ་རབས་བརྒྱད་བཅུ་པའི་ནང་ཕ་ཡུལ་ཕེབས་སྐབས་མཁན་ཆེན་གོང་མའི་འཁྲུངས་ཁྱིམ་ནས་གོང་མའི་གདུང་རུས་རྣམས་རྩིས་འབུལ་ཞུས་པ་དེ་ཉིད་གཟུངས་བཞུགས་ཞུས་ནས་གཞིས་དགོན་དུ་གདུང་རྟེན་དངུལ་གྱི་མཆོད་སྡོང་རིན་པོ་ཆེ་ད་ལྟར་གསར་བཞེངས་གནང་ཡོད།
གསུང་ལས་སྐྱེས་པའི་སློབ་མ་ཡང་བྲག་དཀར་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་དང་། ཟངས་ར་སྐུ་ཕྲེང་དང་པོ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན། འཁྲུངས་སར་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་སོགས་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་བྱུང་།
དེའི་སྐུ་ཕྲེང་གཉིས་པ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན་བྲག་མགོ་རང་དུ་འཁྲུངས། ཆུང་དུས་ནས་མཁན་ཆེན་གོང་མའི་ཡང་སྲིད་ཐག་བཅད་བྱུང་སྟེ་ལྷ་སར་ཕེབས། གདན་ས་འབྲས་སྤུངས་ཏྲེ་ཧོར་དུ་ཞུགས་རྗེས། དེ་སྔོན་སྐུ་གོང་མའི་སྐབས་ཚ་བ་རྡོབ་རྡོབ་འགའ་ཞིག་གིས་བྱེད་བབ་དེས་གནས་ཆུང་ལ་འཁོན་དང་སེལ་ཞུགས་པ་རྣམས་འདུམ་པའི་ཆེད་སྐྱབས་འཇུག་ཞུས་དོན་བཞིན་བབ་ཞུས་ཚུལ་ད་ལྟར་ཞབས་བཞུགས་པ་ཟངས་ར་སྐུ་ཕྲེང་གཉིས་པ་མཆོག་གི་གསུངས་འདུག ། སྐུ་ཕྲེང་གསུམ་པ་བྲག་མགོ་མཁན་སྤྲུལ་ད་ལྟར་ལྷ་སར་ཡོད།།



རྣལ་འབྱོར་གྱི་དབང་ཕྱུག་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།
དེ་ཡང་མཚན་བརྗོད་པར་དཀའ་བ་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧོར་སྐྱོར་དཔོན་ནམ།དང་པོའི་མཚན་ཚེ་དབང་ནོར་བུ་ཞེས་བོད་མཐའ་དབུས་སྤྱི་དང།ཁྱད་པར་ལུང་རིགས་རབ་འབྱམས་སྨྲ་བ་རྣམས་ལ་རྟ་བདུན་བདག་པོ་ལྟར་གྲགས་ཤིང།གཙུག་གི་ནོར་བུར་གྱུར་པ་འདི་ཉིད་ཀྱི་རྣམ་པར་ཐར་པའམ་རྟོགས་པ་བརྗོད་པ་རིན་ཆེན་འབྱུང་གནས་ཀྱི་ངོགས་ནས་ཐིགས་ཕྲེང་ཙམ་ཞིག་བླངས་ཏེ་འབྲི་བ་ལ་འཇུག་པའོ།།
སྐུ་བལྟམས་ཤིང་གཞན་དོན་གྱི་བྱ་བ་མཛད་པ།
གྲུབ་པའི་དབང་ཕྱུག་ཆེན་པོ་འདི་ཉིད་གང་དུ་བལྟམས་པའི་ཡུལ་ནི་བོད་མདོ་སྟོད་ཀྱི་ཆ་ཏྲེ་ཧོར་བྲག་མགོ་དཀྲོ་པ་གྲོང་དུ་ཡབ་བློ་བཟང་གནས་ལུ་དང་། ཡུམ་པདྨ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་༡༨༩༨ལོར་སྐུ་བལྟམས།སྐུ་ཆུང་ངུའི་དུས་ནས་བྱིས་པའི་སྐྱོན་གྱིས་མ་གོས་པར་སྐུ་རྩེད་གང་གནང་ཡང་ཆོས་འཆད་ཚུལ་དང་། ཕྱག་རྒྱ། ཞལ་འདོན་སྐྱོར་སྟངས་སོགས་ཆོས་ཀྱི་བྱ་བ་ཁོ་ནར་རྩེན།དགུང་ལོ་ལྔ་དྲུག་ལ་ཕེབས་རྗེས་ཁྱིམ་ཚང་གི་སྒོ་འགྲམ་གྱི་ཐང་དུ་ས་ཁྲི་བརྩེགས་ནས་རང་ཉིད་དེའི་སྟེང་དུ་བཞུགས།རྩེ་གྲོགས་གཞན་རྣམས་ཆོས་ཉན་པོའི་ཚུལ་དུ་བསྡད་དེ་རང་གིས་ཆོས་འཆད་ཚུལ་ཡང་ཡང་གནང་བས་ཁྱིམ་པ་རྣམས་ཀྱང་ཡ་མཚན་གྱིས་བསྟོད་དབྱངས་སྒྲོག
དགུང་ལོ་བཅུའི་ཐོག་བྲག་མགོ་དགོན་པའི་མཚན་ཉིད་གྲྭ་ཚང་དུ་ཆོས་ཞུགས་མཛད།དགེ་བཤེས་བླ་མ་བསོད་ནམས་སྟོབས་རྒྱལ་ཞབས་ལ་གཏུགས་ཏེ་ཡི་གེ་ཀློག་བརྡ་དང་ཆོས་སྤྱོད་བློ་འཛིན་སོགས་ཀྱི་སློབ་སྦྱོང་ཐོག་བསྡུས་གྲྭ རྟགས་རིགས།བློ་རིགས།རྣམ་འགྲེལ་རྩ་བ་ལེའུ་དང་པོ་ཡན་ཐུགས་འཛིན་གྱིས་གསན་སྦྱོང་མཛད།ཆོས་མཚམས་སྐབས་ནང་ཁྱིམ་དུ་ཕེབས་བཞུགས་རིང་སྟོན་ལས་སོགས་སོ་ནམ་གྱི་བྱ་བ་གང་བཀོལ་ཡང་གང་བཀོལ་དེ་ལས་གཞན་གང་ཡང་མི་གནང།སྟོན་ཐོག་དབོར་འདྲེན་སོགས་བྱེད་དུ་བཅུག་ན་སྐུ་སྐལ་དུ་གང་བཀལ་བ་དེ་འཁུར་ནས་ཆུ་དང་འདམ་སོགས་ལ་འཛེམས་བསུན་མེད་པར་ཕེབས་པ་སོགས་ཅི་ཡང་མི་ཤེས་པའི་ཚུལ་མཛད།བར་གསེང་ཡོད་ཚད་དེ་གའི་ཉེ་འདབས་སུ་བྲག་ཕུག་གཅིག་ཡོད་པ་དེར་ཕེབས་བཞུགས་ཀྱིས།ཐུགས་འཛིན་དང་སྐྱོར་སྦྱངས་ཁོ་ན་མཛད་ནས་བཞུགས་པས།ནང་མི་ཚོས་ལས་ཀ་མ་བཀོལ་བར་ཅི་འདོད་བྱེད་དུ་བཅུག
སྐབས་དེར་བཟང་ར་རི་ཁྲོད་དུ་དགེ་བཤེས་མགོན་པོ་རིན་ཆེན་གྱི་ཞབས་ལ་གཏུགས་ཏེ་ཕར་ཕྱིན་སོགས་ཆོས་མང་དུ་གསན།རྒྱན་འཇུག་གཉིས་དང་། འགྲེལ་པ་དོན་གསལ།རྣམ་འགྲེལ་རྩ་བ་ཆ་ཚང་ཐུགས་འཛིན་གྱིས་ཆག་མེད་ཞལ་འདོན་དུ་མཛད། བྲག་དཀར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནས་དགེ་ཚུལ་གྱི་སྡོམ་པ་ཞུ་དོན་མཛད།དེ་ཕྱིན་ཆད་དགེ་ཚུལ་གྱི་བསླབ་བྱ་བླང་འདས་སོ་དྲུག་གིས་གཙོས་པའི་སྒོ་གསུམ་སྐྱོན་གྱིས་མ་གོས་པར་སྤོང་བདུན་གྱི་བསླབ་བྱ་མིག་འབྲས་བཞིན་དུ་བསྲུངས།
དགེ་བའི་བཤེས་གཉེན་ཆེན་པོ་དེ་ཉིད་ནས་ཇི་ལྟར་བསྐུལ་བ་ལྟར་གདན་ས་ཆེན་པོར་ཕེབས་ཆས་བསྒྲིགས་ཏེ་དགུང་ལོ་ཉི་ཤུ་རྩ་གཉིས་ལ།ནག་ཅན་བཙོན་ཁང་ནས་ཐར་པ་ལྟར་དད་གུས་སྤྲོ་གསུམ་གྱིས་རྒྱུད་དྲངས་ཏེ་ངང་པའི་རྒྱལ་པོ་པད་མཚོར་འཇུག་པ་ལྟར་དབུས་ཕྱོགས་སུ་ཕེབས་ཐོན་མཛད།ལམ་ཆས་ཀྱི་ཁུར་པོ་རང་འཁུར་གྱིས་ལ་ལུང་ཟླ་ཞག་མང་པོར་རྐང་བགྲོད་ཀྱིས་ངལ་བ་ཁྱད་དུ་བསད་དེ་ཉིན་རེར་འགྲེལ་པ་དོན་གསལ་དང།རྒྱན་འཇུག་གཉིས།རྣམ་འགྲེལ་རྩ་བ་བཅས་ཞལ་འདོན་ཆག་མེད་དུ་མཛད་བཞིན་ལྷ་སར་འབྱོར་ཏེ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་མཛད།
དུས་དེ་ཙམ་ནས་བྱ་བྲལ་གྱི་སྤྱོད་པ་ཁོ་ན་དང་དུ་བླངས།བསླབ་སྡོམ་མཐའ་དག་མིག་འབྲས་བཞིན་དུ་སྲུང་བཞིན་པའི་ངང་ནས་འགོ་བསྡུས་གྲྭ་ནས་འཛིན་གྲྭ་སྤྱི་མཚུངས་ལྟར་གཞུང་ཆེན་པོར་གསན་བསམ་སྒོམ་གསུམ་ཡ་མ་བྲལ་བར་རྩེ་གཅིག་ཏུ་བརྟུན་པ་མཛད།བློ་གླིང་མཁན་པོ་ཏྲེ་ཧོར་བཀྲ་ཤིས་རིན་པོ་ཆེ་ནས་འཛིན་གྲྭ་གཅིག་པ་བརྒྱ་ཕྲག་བརྒལ་བར་རྩོད་རྒྱུགས་བཞེས་ཏེ་ཨ་ཡོད་ནང་ནས་ད་ཡོད།སྒོ་ངའི་ནང་ནས་སེར་རིལ་ཟེར་བ་ལྟར་འདེམས་བསྒྲུག་གིས་སེམས་དཔའ་ཆེན་པོ་འདི་ཉིད་ལ་སྐྱོར་དཔོན་དུ་བསྐོ་བཞག་སྩལ།
དེ་ཕྱིན་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཞེས་མཚན་གྱི་གྲགས་པ་ལྷས་ཀྱང་སྒྲོག་ལ། ཆོས་ཉིད་ཀྱིས་ཀྱང་སྒྲོག་སྟེ་ཀུན་ལ་རིམ་གྱིས་ཁྱབ། དེ་ནས་རང་ཡུལ་གཅིག་པའི་དགེ་བཤེས་ཆེན་པོ་ཚེ་རིང་རྡོ་རྗེ་དང་། དགེ་བཤེས་ཡ་མ་ཚེ་དཔག་གཉིས་ཀྱི་ཞབས་ལ་གཏུགས་ཏེ་ཕར་ཕྱིན་སྤྱི་མཐའ་དང་། དྲང་ངེས་ལེགས་བཤད་སྙིང་པོ་ཟུར་བཀོལ་དང་བཅས་པར་གསན་བསམ་སྒོམ་གསུམ་ལ་རྟག་གུས་གཉིས་འགྲུབ་མཛད།
དགུང་ལོ་ཉེར་ལྔ་ལ་༸གོང་ས་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པའི་སྤྱན་སྔར་བསྙེན་རྫོགས་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་བཞེས། དེ་ནས་ཇི་སྲིད་འཚོ་བའི་བར་དུ་འདུལ་བའི་ཕྱག་བཞེས་དྲི་མ་མེད་པ་བསྐྱངས་ཤིང།དགེ་སློང་ཙོག་པུ་པའི་བརྟུལ་ཞུགས་འབའ་ཞིག་ལ་བརྟེན་ནས་རང་བཞིན་གྱི་ཁ་ན་མ་ཐོ་བ་དྲི་ཙམ་ཡང་རེག་ཏུ་མ་བཅུག་པའི་ཁར་བཅས་རྐྱང་ཉེས་ལྟུང་གིས་ཅིས་སྟེ་གོས།རྒྱ་ལ་གོས་ཀྱང་ནར་འགྱངས་སུ་མ་སོང་བའི་གཉེན་པོ་སྟོབས་བཞི་སྤྱི་དང།ཁྱད་པར་འདུལ་བའི་ལས་ཆོག་དང་མཐུན་པར་བཤགས་སྡོམ་འཕྲལ་འཕྲལ་དུ་མཛད།
བཤེས་གཉེན་དབང་པོ་ལྡན་མ་སྟོང་དཔོན་རིན་པོ་ཆེ་གཙོས་སྦོམ་ར་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་བློ་ལྡན་ཞབས་ལ་གཏུགས་ཏེ་དབུ་མ་དང།འདུལ་མཛོད།རྣམ་འགྲེལ་བཅས་དཀའ་ས་གང་ཡོད་ལ་གསན་བསམ་གྱིས་མཐའ་རྒྱ་ཆོད་པར་མཛད།རྟག་ཏུ་ཁང་པ་དབེན་པའི་ནག་ཁུང་གང་ཡོད་དུ་བཞུགས།མལ་སྟན་ཀོ་གདན་དང་ན་བཟའ་རྙིང་རལ།ཁོག་མ་དང་ཁོག་ལྡིར་སོགས་ཐབ་ཆས་མཐའ་དག་སྐྱོན་ཅན་ཐ་ན་ཚོགས་ཕོར་ཡང་ཁ་ཆག་པ་སོགས་གཞན་གྱིས་སྤངས་པའི་ཡོད་བྱད་ཁོ་ནར་བརྟེན་ནས།ཉིན་རེར་གང་འཚོ་ཙམ་ལ་གསོག་འཇོག་གི་རིགས་དང་ལྷག་པོའི་ཡོ་བྱད་དང།མཁོ་བའི་ཡོད་བྱད་གང་ཡང་མེད་པར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་འཇུག་པ་ག?ིག་སྒྲིལ་དུ་འབུངས་པས་དུས་འདའ་བར་མཛད།
ཚོགས་ཆེན་དང་གྲྭ་ཚང་ཁང་ཚན་བཅས་པར་སྐུ་འགྱེད་ཆེ་ཆུང་གང་བྱུང་ཡང་ཕྱག་རྗེན་གྱིས་མི་རེག་པར་སྐུ་གཟན་ནམ་ཟླ་གམ་གང་རུང་གི་སྟེང་ནས་བཞེས་ཤིང།ཟླ་རེར་ལྡེང་ཚོད་ལས་ལྷག་པར་བྱུང་ན་འཕྲལ་དུ་གཞན་ལ་སྟེར་གནང་མཛད།དེ་དག་ལ་ཕྱག་རྗེན་མི་རེག་པ་ནི་རིན་པོ་ཆེ་ལ་རེག་པའི་ཉེས་པ་མི་འབྱུང་བའི་ཆེད་ཡིན་འདུག འདུ་འཛི་བྲེ་མོའི་གཏམ་ལ་སོགས་པའི་བསམ་གཏན་གྱི་ཚེར་མ་རྡུལ་ཙམ་ཡང་རིང་དུ་སྤངས་ཏེ་གནས་བརྟན་དགྲ་བཅོམ་པའི་ངང་ཚུལ་ལས་ནམ་ཡང་གཡོ་བར་མ་མཛད།དེ་ལྟ་བུའི་དབང་པོའི་སྒོ་སྡོམ་པ་དང་སྲིང་རབ་དང་ཕུལ་དུ་བྱུང་བར་མཛད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་ཞིང་དེའི་སྟོབས་ཀྱི་ཏིང་ངེ་འཛིན་དང།ཤེས་རབ་ཀྱི་བསླབ་པ་ཡང་ཆུ་བོ་ཐམས་ཅད་རྒྱ་མཚོར་འདུ་བ་བཞིན་དུ་འདུས་སོ།།
དཀའ་བའི་གནས་དང་དོགས་པའི་གནས་ལ་སོགས་པ་མཐའ་དག་རྒན་སྟོང་དཔོན་རིན་པོ་ཆེའི་སྐུ་མདུན་ནས་ཕུ་ཐག་ཆོད་པའི་གསན་སྦྱོང་མཛད་དེ།རྒྱལ་བའི་ཆོས་ཚུལ་མ་ལུས་པའི་གཏིང་མཐའ་དཔོག་ཅིང།ཡོན་ཏན་མཐའ་དག་དཔེ་ཐོག་ཏུ་མངོན་པ་ཙམ་མ་ཡིན་པར།རང་རྒྱུད་ལ་སྒྲུབ་ཅིང་ཕྱུག་པར་མཛད་དེ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར།སྐབས་ཤིག་ཨ་མདོ་དགེ་འདུན་ཆོས་འཕེལ་ཚོགས་ལངས་ཀྱིས་ཚོགས་ཆེན་རྡོ་གཅལ་ཐོག་དམ་བཅའ་བཞག་པ་ན་བློ་གླིང་སློབ་གཉེར་བ་ཚོས་རྟགས་གསལ་གྱིས་ལུང་རིགས་མང་པོར་སྤུངས་ཀྱང་བསྒྲུབ་དཀའ་བར་གྱུར་པ་ན། རྒན་རིན་པོ་ཆེ་ནས་རྟགས་གསལ་གནམ་ལྕགས་ཕབ་པ་ལྟ་བུ་གཏོང་གནང་མཛད་པས་ལན་གྱིས་ལྡོག་པར་མི་ནུས་ཤིང།དམ་བཅའ་བའི་མཚང་མཐའ་དག་བརྡོལ་ནས་ལན་གཅིག་ང་རྒྱལ་གྱི་རི་བོ་ལྷག་མེད་དུ་བཅོམ་ཞིང་མི་སྨྲ་བའི་བརྟུལ་ཞུགས་ལ་སྦྱར།
དེ་ནས་རིམ་གྱི་དགེ་བཤེས་ཀྱིས་གྲྭ་སྐོར་འཁེལ་བར་ཉེ་བ་ན།དབེན་པའི་གངས་རི་འགྲིམས་ཏེ་སྒྲུབ་པ་ལ་བཞུགས་པར་ཆས་པ་དང།བློ་གླིང་ལྷོ་པ་མཁན་རིན་པོ་ཆེ་མཆོག་ནས་ལྷ་རམས་གྲྭ་སྐོར་མཛད་དགོས་བཀའ་ནན་ཆེ་བར་བརྟེན་བཀའ་བཞིན་བསྒྲུབས།དགུང་ལོ་བཞི་བཅུར་ཕེབས་པ་ན་དེ་ལྟ་བུའི་གསན་བསམ་གྱི་གཏིང་མཐའ་མ་ལུས་པ་ཆོད་པ་ཉིད་ཀྱིས་གཞུང་གང་ལའང་མཁྱེན་རབ་ཐོགས་མེད་དུ་རྒྱུ་བས་སྤོབས་པ་བཞིའི་རྩོད་ལན་ཕྱོགས་ལས་རྣམ་པར་རྒྱལ།དེ་ནས་འཛིན་གྲྭ་སོ་སོར་དམ་བཅས་གྲྭ་སྐོར་སྐབས་འཁེལ་བར་བསྡུས་གྲྭ་འཛིན་གྲྭར་ཕེབས།
རྒན་རིན་པོ་ཆེ་ན་བཟའ་ཧ་ཅང་སྐྱོ་བོ་ལ་སོང་བསྡུས་གྲྭ་བ་ཚོས་མ་ཤེས་ནས་འཁོར་གསུམ་དང་ཚར་སྒྲ་སྒྲོག་པ་སོགས་འདྲ་མཉམ་རོབ་རོབ་བྱེད་པས།དགེ་བཤེས་བགྲེས་པ་ཚོས་དེ་ལྟར་མ་གནང་ན་ཞུ་སྐབས།གསར་བུའི་ཁ་བསྔོགས་ན་བློ་བསྐྱེད་མང་པོ་ཡོང་གི་འདུག་ཅེས་གསུངས་སྐད།དེ་ལྟ་བུའི་མཚན་སྙན་གྱི་གྲགས་པས་བཀའ་བློན་བཀའ་ཤོད་པ་ཡང་དད་པའི་སྤུ་ལོང་རབ་ཏུ་གཡོས་ཏེ།དགེ་བཤེས་གཏོང་སྒོའི་སྦྱིན་བདག་ཞུ་ཆོག་པའི་སྙན་གསན་རྒྱུན་མར་ཞུས་པར་བརྟེན་དེ་ལྟར་ཞལ་གྱིས་བཞེས།དེ་ནས་གཏོང་སྒོ་དངོས་གཞིའི་སྐབས་སྐུ་འགྱེད་དང་བསྙེན་བཀུར་ཤིན་ཏུ་རྒྱས་པ་འབུལ་གཏོང་དང་བཅས་བཀའ་བློན་རང་ཡང་ཞབས་པད་ཀྱ?་ན་བཟང་རིན་ཐང་བྲལ་བ་མཆོད་དེ།གཏོང་སྒོའི་སྦྱིན་བདག་ཏུ་ཕེབས་ནས་དེ་འཕྲལ་རྒན་རིན་པོ་ཆེའི་གཟིམ་ཤག་སྐྱོ་བོའི་ནང་མཇལ་བཅར་དུ་ཕེབས་པ་ན།རྒན་རིན་པོ་ཆེ་ནས་གྲ་སྒྲིག་གང་ཡང་མ་གནང་བར་གོ་གདན་རྩབ་རལ་གཅིག་བཏིང་བར་བཞུགས་སུ་བཅུག་སྟེ་ཆེ་བསྟོད་གང་ཡང་མ་མཛད།
བཀའ་བློན་ཡང་མི་ཕྱེད་པའི་དད་པ་ཁོང་ནས་ཤར་ཞིང།ཚེ་རབས་ཐམས་ཅད་དུ་འབྲལ་མེད་རྗེས་འཛིན་ཡོང་བར་གསོལ་འདེབས་དང་བཅས་སྦྱིན་བདག་རྒྱུན་མར་ཞུ་ཆོག་པའི་གསོལ་བ་བཏབ།དེ་འཁོད་གཞན་རྣམས་ནི་འཇིགས་ཤིང་ཤུགས་རིང་འདོན་པ་སོགས་སྐབས་དེར་སྣང་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་བ་འདི་ལྟ་སྟེ།རྒན་རི་པོ་ཆེ་ནི་འཁོར་བ་སྤྱི་བྱེའི་ཉེས་དམིགས་དཔག་ཏུ་མེད་པར་བསམ་ཏེ་སྙེང་རྗེའི་ཉམས་སྣང་ཁྱད་པར་ཅན་ཐུགས་ལ་འཁྲུངས།སྦྱིན་བདག་ནི་དེ་ལྟ་བུ་འཇིག་རྟེན་ཆོས་བརྒྱད་ཡེ་ནས་མ་མཛད་པར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཡིད་འཕྲོགས་ཏེ་སྐལ་བཟང་གི་དགའ་ཚོར་ཆེན་པོ་མངོན་དུ་བྱས།གྲ་སྒྲིག་གི་?གན་ཡོད་པ་རྣམས་ནི་ཁྲིམས་འགལ་གྱི་ཉེས་པ་བསམ་ནས་འཇིག་སྣང་ཚད་མེད་དུ་བྱས།དེ་ལས་གཞན་པ་དག་ནི་འདི་ལྟ་བུའི་མཆོད་ཡོན་གྱི་དད་དམ་གྱིས་ཡིད་རབ་ཏུ་འཕྲོགས་པས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བ་སོགས་སོ།།
དེ་ནས་སྔར་སྲོལ་ལྟར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གིས་ཞི་བདེ་གཙུག་ལག་ཁང་དུ་མཁས་མང་འདུས་སར་གདན་གསུམ་ལྷ་རམས་པ་བཅུ་དྲུག་ལྷན་འཛོམས་ཏེ་རེ་རེ་ནས་རྩོད་རྒྱུགས་བཞེས་ཏེ་སྟོད་རྒྱ་གར་ལ་འགྲོ་བའི་དོན་བསེ་རིའི་པགས་པ་ཟེར་བ་ལྟར།གདན་ས་ཆེན་པོར་སློབ་གཉེར་ལ་ཞུགས་པའི་དགོས་དོན་བཀའ་བཞིན་སྒྲུབ་པའི་མཆོད་སྤྲིན་འཛད་མེད་དུ་བཏེགས་པས།དེར་འཁོད་མཁས་དབང་ཐམས་ཅད་ཐུགས་ཀྱི་བང་མཛོད་ཡོངས་སུ་ཚིམ།
དེ་ནས་སྟག་ལོའི་སྨོན་ལམ་ཆེན་མོར་སྔར་སྲོལ་བཞིན་མཁས་དབང་བྱེ་བའི་མདུན་སར་དམ་བཅའ་མཛད་པར།གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་དག་གིས་ལུང་རིགས་ཀྱི་གད་རྒྱངས་བསྒྲགས་པ་དང་བཅས་བརྩད་པས།གསུང་ལན་ཟུར་ཆ་རེ་ལའང་གླགས་འཚོལ་བར་མི་ནུས་བར་དྲེགས་པའི་ཁྲི་ཤིང་མཐའ་དག་ས་ལ་ཕབ་པ་སོགས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་སྲིད་རྩེར་བརྡུང་ཞིང་།ཤེས་རབ་མཆོག་གིས་བསྟན་པའི་དབུ་འཕངས་སྲིད་ན་མངོན་པར་བསྟོད།དེ་ནས་སྨོན་ལམ་གྲུབ་སྟོན་ཉིན་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཞེས་པ་རྣམས་ཀྱི་ནང་ནས་རབ་དང་ཕུལ་དུ་བྱུང་བར་?བང་བསྐུར་ཏེ།ལྷ་རམས་ཨང་དང་པོའི་མཚན་གྱིས་མངོན་པར་བསྟོད་པ་དང་བཅས་གནང་སྦྱིན་གྱ་ནོམ་པ་བསྩལ།
དེ་འཕྲལ་བྱ་བྲལ་དུ་ཕེབས་པར་བརྩམས་པ་ན་རྭ་སྒྲེང་རིན་པོ་ཆེས་མཁྱེན་ཏེ་རྒྱུད་པར་ཞུགས་དགོས་ཀྱིས་བཀའ་ཕེབས་པར་བརྟེན།གྱེན་ལྡོག་མ་ནུས་པར་རང་ཁོངས་དཔལ་ལྡན་རྒྱུད་སྨད་དུ་སྒྲིག་ཞུགས་མཛད།དེ་གའི་གསར་ཞུགས་བསྐྱེད་རིམ་པ་རྣམས་དང་ཉ་འདྲེས་ཆུ་འདྲེས་ཀྱིས་ཚོགས་ཆོས་གྲྭ་སྐོར་ཆ་ཙམ་ཡང་མ་ཆད་པར་ཚུལ་བཞིན་འགྲིམ་ཐོག་མཁན་རིན་པོ་ཆེ་མགོན་དཀར་སྐྱབས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཕྱི་མོར་གྱུར་པ་འགྲེལ་པ་བཞི་སྤྲགས་ཆ་ཚང་གསན་སྦྱོང་དང།རྡོ་རྗེ་ཐེག་པའི་གཞུང་ལུགས་ཕྱག་ལེན་དང་བཅས་ཚུལ་བཞིན་བསླབས་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འགྲུས་པར་མཛད།
སྤྱི་སྲོལ་ལྟར་ལོ་གཅིག་གི་ཆོས་ཐོག་འགྲིམ་དགོས་མཐའ་དག་འགྲིམས་ནས་གྲུབ་པ་དང་།བྱ་ཚང་ནས་བྱ་འཕུར་བ་བཞིན་དུ་བྱ་བྲལ་དུ་ཕེབས་ཏེ་བདེ་ཆེན་ཕུག་གི་བྲག་ཕུག་ཁག་ཏུ་གསང་བ་དམ་པོར་རྩེ་གཅིག་ཏུ་སྒྲུབ་པ་ལ་ཞུགས།དེ་ནས་ཆོས་ལུང་རི་ཁྲོད་ཀྱི་བྲག་ཕུག་དང།རི་རྒྱལ་རི་ཁྲོད་ཀྱི་བྲག་ཕུག་མཚར་བུ་དགའ་ལོ་སྒྲུབ་ཕུག་སོགས་སུ་གསང་བ་དམ་པོར་ངེས་མེད་དུ་བཞུགས་པས་ཟླ་བ་མང་པོའི་རིང་སུས་ཀྱང་བརྩད་མ་ཆོད།
བར་སྐབས་ཤིག་ན་རྒན་སྟོང་དཔོན་རིན་པོ་ཆེ་ལ་ཕྲན་བྱ་བྲལ་དུ་ཕེབས་ལུགས་དང།གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་ཁྲིད་ཅིག་ཡོང་བར་འཕྲིན་ཡིག་ཕུལ་བར།སྔོན་དུ་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་གཉིས་སྤུས་དག་ཅིག་ཡོང་བར་གྱིས།དེ་ནས་སྔགས་འཁྲིད་ཆོག་ཅེས་བཀའ་ལན་གནང་བས།ཐུན་མོང་བའི་ལམ་སྦྱངས་མཐའ་དག་འདི་གཉིས་ནང་བསྡུས་ནས་གསུངས་པར་སྣང་བས་མན་ངག་ཟབ་མོར་གོ་ནས་བཀའ་བཞིན་སྤྱི་བོས་བླངས།དེ་ནས་ནམ་ཞིག་ན་སྐྱབས་རྗེ་ཕ་བོང་ཁ་རྡོ་རྗེ་འཆང་ནས་སེར་སྨད་འདུ་ཁང་དུ་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་འཁྲིད་གནང་བ་དེར་བཅར་བའི་སྐབས་རྗེ་དེ་ཉིད་ཀྱིས་ཐུགས་ཤིན་ཏུ་མཉེས་པར་མཛད?སླར་ཡང་འབྲས་སྤུངས་རྒན་སྟོང་དཔོན་ཪིན་པོ་ཆེའི་དྲུང་ནས་ལྟ་བའི་སྐོར་དོགས་གཅོད་ལྷག་མ་མ་ལུས་པར་རྩད་ནས་གཅོད་པར་མཛད།
དེ་ནས་ལྕགས་ཟམ་ཆུ་བོའི་རིར་སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་གི་དབང་ཆེན་ཁག་མང་གནང་བ་དེར་སྐུ་བཅར་ཞུས་ཏེ།རིན་པོ་ཆེའི་སྣོད་ལྟ་བུར་གཟིགས་ནས་དབང་ཆེན་མཐའ་དག་རྒན་རིན་པོ་ཆེ་ལ་དམིགས་བསལ་གྱིས་བསྐུར་བར་མཛད།དེ་ནས་སྨིན་དྲུག་རྫ་རིའི་ཤར་བྱང་ཁུལ་དུ་མི་ནག་བྲག་ཕུག སྒོམ་ཐང་བྲག་ཕུག ཆུ་བཟང་བྲག་ཕུག།རི་དྭགས་ཕུག་བྱམས་ཁང་རྣམས་སུ་རི་དྭགས་རྨས་མ་ལྟར་ངེས་མེད་དུ་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་གཉིས་ཡ་མ་བྲལ་བར་ཐུགས་དམ་གྱི་མཐིལ་དུ་མཛད་ནས།དེ་ཐོག་ཚང་ལ་མ་ནོར་བའི་ལམ་ཡོངས་རྫོགས་ལ་སྒྲུབ་པ་ལྷུར་ལེན་མཛད།
དེ་ལྟ་བུའི་སྙིང་སྟོབས་ཀྱི་གོ་ཁྲབ་བཙན་པོ་བསྒོས་ཏེ་མི་མེད་བྲག་རྫོང་ཁོ་ནར་གནས་བཅའ་བས་ན་མི་ཡིས་འཚོ་བ་ཕུལ་བའི་གནས་མེད་པས།ས་བདག་སོ་སོའི་ལྷ་དང་མི་མ་ཡིན་གྱིས་འཚོ་བ་ཕུལ་བའམ།ཡང་ན་བསམ་གཏན་གྱི་ཟས་འབའ་ཞིག་གིས་འཚོ་བར་གོར་མ་ཆག
དེ་ལྟ་བུས་ཡུན་རིང་དུ་སོང་བ་ན་ལྕི་བ་སྒྲུག་མཁན་དང་རྫི་བོ་འགའ་ཞིག་གིས་ཐག་རིང་ནས་ཡུད་ཙམ་ཡུད་ཙམ་མཇལ་བ་ལས་མཇལ་འཕྲད་མ་བཅུག རྫི་བོ་འགས་རིན་པོ་ཆེ་ཤིང་བསྒྲུབ་ཏུ་ཕེབས་པར་མཇལ་ནས་ཁོ་རང་གིས་ཤིང་བསྒྲུགས་ཏེ་རྒན་རིན་པོ་ཆེ་ལ་ཕུལ་ཡང་མ་བཞེས་པར་བརྟེན།ཐག་ཉེ་སར་བཀྲམ་ནས་བཞག་པར་ནམ་ཞིག་ནས་ཕེབས་ནས་བཞེས་ཀྱི་ཡོད་འདུག སྦྱིན་བདག་སོགས་ནས་གསོལ་མར་དང་གསོལ་རྩམ་སོགས་སྐྱེལ་བར་ཕྱིན་ཀྱང་ཕལ་ཆེ་བས་མ་རྙེད་པར་ཕྱིར་ལོག་བྱས།རེ་ཟུང་གིས་རྙེད་དུ་ཆུག་ཀྱང་ཕྲན་ཙམ་ལས་བཞག་ཏུ་མ་བཅུག
དགེ་ཕྲུག་རྣམས་དང་མཁས་པ་གཞན་དག་ཆེད་མངག་གིས་དོགས་གཅོད་ཞུ་བར་འབྱོར་ཚེ་ཚུར་བརྩད་མ་ཆོད་ཀྱང་ཕར་ཕེབས་ནས་ཐང་བདེ་ས་དང་རྡོ་ལེབ་ཆེ་ས་གང་ཞིག་གི་ཐོག་ལྷོད་བཞུགས་ཀྱིས་བགྲོ་གླེང་ལྷུག་པོར་མཛད།བསྙེན་བཀུར་ཞུས་ནའང་མཉེས་མདོག་གིས་བཞེས་པ་སོགས་བརྩེ་དུངས་ཚད་མེད་མཛད། སྨིན་དྲུག་རྫ་་རི་ནི་དབུས་ཁུལ་གྱི་རི་མཐོ་ཤོས་དང་གྲང་ཟུག་ཆེ་ཤོས་དེ་ཡིན།
སྐབས་ཤིག་མཇལ་བཅར་བ་གཉིས་གསུམ་རེ་བསྡེབས་ཏེ་མར་ལྟང་དང་གསོལ་ཆས་མང་ཙམ་ཁལ་བཀལ་ཏེ་ཨུ་ཚུགས་མཐར་སྐྱེལ་གྱིས་ཕུལ་ནས་ཕྱིར་ལོག་རྗེས་གཞན་རྣམས་ནི་བྱ་དང་རི་དྭགས་ལ་སྦྱིན་གཏོར་མཛད།མར་ལྟང་ནི་རྦབ་རྡོ་འདྲིལ་བ་ལྟར་དྲིལ་མཛད་པས་ཕུལ་མཁན་ཚོས་མཐོང་བས་དད་པའང་སྐྱེས། དགོད་ཀྱང་བྲོ། སེར་སྣའང་ཤོར་བས་ཡ་མཚན་བརྗོད་མི་ཤེས་པ་ཞིག་བྱུང་སྐད།
ལོ་གང་འཚམ་སོང་བ་ན་མཇལ་ཁ་ཡང་ཇེ་མང་དུ་བཏང་བ་དང། སྙིང་རུས་ཅན་གྱི་སློབ་མ་ཡང་རེ་ཟུང་ཐུགས་ཉར་གནང་སྟེ་མི་རིང་བར་བཅོ་ལྔ་སྐོར་བྱུང་ཞིང།དེ་ཐམས་ཅད་ཀྱང་རི་དྭགས་རྨས་མ་ལྟར་བྲག་ཕུག་གང་སར་ཡིབ་ནས་སྒྲུབ་པ་ལ་བཞུགས།ཡར་ངོ་མཪ་ངོའི་གསོ་སྦྱོང་ལྷན་ཚོགས་མཛད་པ་ཙམ་ལས་ཁ་ཐོར་དུ་བཞུགས།དུས་གཅིག་ན་སྨྱོན་པའི་ཆ་ལུགས་ཀྱིས་ལྷ་སར་སྲང་ལམ་གང་སར་ཕེབས་བསྐྱོད་མཛད་པས།ལྷ་ས་བ་འགས་རྒན་རིན་པོ་ཆེ་སྨྱོན་པ་ཆགས་འདུག་ཅེས་གླེང་མཁན་ཡང་བྱུང་འདུག
དེ་ནས་སྐྱབས་རྗེ་ཁྲི་བྱང་ཆེན་རིན་པོ་ཆེ་ནས་ལྷ་ལྡན་རྒྱུད་སྨད་འདུ་ཁང་དུ་གསང་བདེ་འཇིགས་གསུམ་གྱི་དབང་འཁྲིད་གནང་བར་བཅར་ཞིང།རབ་བྱུང་གི་ན་བཟའ་རྙིང་རལ་ལ་ལྷན་པ་དཀར་ནག་ཁྲ་གསུམ་གྱིས་གང་བ་ཞིག་བཞེས་ཏེ་སྤྲང་པོའི་ཆ་བྱད་ཀྱིས་སྤྲང་པོའི་མཉམ་དུ་བཞུགས།གསུང་ཆོས་སྐབས་སྐུ་འགྱེད་དང་མང་ཇ་དར་སོགས་གང་ཕུལ་ཡང་སྤྱན་གཡོ་བ་ཙམ་ཡང་མ་མཛད་ཅིང།ཚོགས་གྲོལ་བའི་ཚེ་ཡང་དེ་གར་རང་སར་བཞག་ནས་ཝ་མོ་ཁྱུག་པ་བཞིན་དུ་ཕེབས།
བར་གསེང་གི་སྐབས་རྒན་རིན་པོ་ཆེ་ཁྲོམ་ལམ་ནས་ཕར་ཕེབས་པ་དང།རྒྱུད་སྟོད་མཁན་པོ་མི་ཉག་སྐྱོར་དཔོན་རིན་པོ་ཆེ་ཚུར་ཕེབས་པ་དང་མཇལ་བས།དེ་མ་ཐག་རྒན་རིན་པོ་ནི་ལམ་དཀྱིལ་ནས་རྐྱང་ཕྱག་ཚམ་ཚོམ་མེད་པར་འཚལ་བས།མཁན་རིན་པོ་ཆེ་ཉེ་བར་ཕེབས་ཚེ་ངོ་མཁྱེན་ཏེ་ཚུར་ཡང་རྐྱང་ཕྱག་འཁྲི་ཤིང་འགྱེལ་བ་ལྟ་བུར་འཚལ་རེས་མཛད།མི་མང་འགྲོ་བཞུད་ཆེ་བས་ལ་ལས་ཡ་མཚན་དུ་མཐོང་ནས་ལྟད་མོ་བལྟས།ལ་ལས་བླ་མ་རྫིག་པོ་གཅིག་གིས་སྤྲང་པོ་ལ་ཕྱག་ཚོད་མེད་འཚལ་གྱི་འདུག་ཅེས་གླེང།ལ་ལས་ཐལ་བའི་དཀྱིལ་དུ་དེ་ལྟ་བུས་ཕྱག་འཚལ་རེས་བྱེད་པ་ཅི་ཡིན་སྙམ་སྟེ་གཅིག་གིས་གཅིག་ལ་དྲི་རྨེད་བྱེད། ཞལ་ཚོར་བ་དག་ནི་ཆོས་གྲོགས་ཀྱི་དམ་གཙང་འདི་འདྲ་བ་ངོ་མཚར་ཆེ་ཞེས་བསྟོད་དབྱངས་དང་གསོལ་འདེབས་ཞུ།
མཁན་རིན་པོ་ཆེ་སྐུ་སྟོབས་ཆེ་ལ་སྐུ་ཤ་འབྱོར་ཞིང།ན་བཟའ་རྒྱས་སྤྲོས་ཆེ་བས་སྐུ་ངལ་ཆེན་པོ་བྱུང་བ་མ་ཟད།སྐུ་གཟན་དང་སྐུ་ཤམ་ཚང་མར་ཐལ་བས་སྐྱ་ལོག་གེ་བཟོས་པས་རྒན་རིན་པོ་ཆེ་ནས་བཞད་མོ་ཡང་ཤོར།དེ་ནས་རྒན་རིན་པོ་ཆེའི་གུར་རྩབ་རལ་ནང་ཕེབས་ཏེ་བཀའ་མོལ་དང་ཆོས་ཀྱི་བགྲོ་གླེང་མང་དུ་མཛད།དེ་རྗེས་མཁན་རིན་པོ་ཆེ་ནས་རྩེ་ཐེར་སྐུ་ཤམ་ཤིན་ཏུ་ལེགས་པ་གཅིག་ཕུལ་བས་བཞེས་ཏེ།མི་རིང་བར་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཕུལ་ནས་དཀོར་གཉེར་ལ་སྦྱིན་པར་མཛད།
རྒན་རིན་པོ་ཆེ་ལྷ་སར་བཞུགས་སྐབས་ལྷ་ས་བ་དང་གསུང་ཞབས་པ་ཚོས་དང་པོར་ཞལ་མ་ཚོར་ཀྱང།རིམ་གྱིས་ཤེས་ཏེ་མཇལ་བཅར་དང་གསུང་ཆོས་གནང་བར་གསོལ་བ་ཇི་ཙམ་བཏབ་ཀྱང་མ་གནང།སྐྱབས་རྗེ་རིན་པོ་ཆེའི་གསུང་ཆོས་གྲུབ་པ་དེ་མ་ཐག་སྔར་བཞིན་རི་ལ་ཕེབས།ནམ་ཞིག་དངོས་སློབ་ཚོས་གསུང་འགྲོས་སུ་སྔར་རྒན་སྟོང་དཔོན་རིན་པོ་ཆེ་ནས་ངེས་འབྱུང་།བྱང་སེམས།ཡང་དག་པའི་ལྟ་བ་གསུམ་ཨང་ཐང་ཐང་མ་བྱུང་བར་གཞན་ལ་གསུང་ཆོས་མ་གནང་གསུངས་བྱུང་བས།ད་དེ་འདྲ་ཞུ་མཁན་བྱུང་ནའང་གནད་འགག་མི་འདུག་ཅེས་གསུངས་ཏེ་སྣོད་ལྡན་རེ་ཟུང་ལ་གསུང་ཆོས་གང་འོས་སུ་གནང་ཞིང།རིམ་གྱིས་ལྷོ་ཕྱོགས་ཀྱི་དབེན་པར་འགྲིམ་སྟེ་བཞུགས།
དགུང་གྲངས་ལྔ་བཅུ་ང་གསུམ་ལོར་ལྷོ་ཁ་དོལ་གསུང་རབ་གླིང་དུ་དགེ་བའི་བཤེས་གཉེན་ཆེན་པོ་སྤོམ་ར་ཡེ་ཤེས་བློ་ལྡན་རིན་པོ་ཆེའི་སྐུ་མདུན་ནས་སྐྱབས་རྗེ་ཕ་བོང་ཁའི་གསུང་འབུམ་དང་བདེ་གསང་འཇིགས་གསུམ་གྱི་བཀའ་དབང་སླར་ཡང་ཞུས།དེ་ནས་དོལ་ཕུག་བདེ་བ་ཅན་དང་ཆུ་བཟང་བསམ་གྲུབ་ཆོས་སྡེ།སྤོང་རོང་སྡོང་སོགས་སུ་ལོ་གསུམ་དང་ཟླ་བ་དྲུག་རིང་ངག་བཅད་ཅིང་དཀའ་ཐུབ་དྲག་པོས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས།སྐུ་ལུས་རེད་ཅིང་རུས་ལྤགས་སྐྱ་ཧྲེང་བ་དང་སྐུ་མདོག་སྔོ་ནག་ལྕགས་ཀྱི་མདོག་ལྟ་བུར་གྱུར།
སྐུའི་ཉེ་བཅར་བ་རྣམས་ཀྱིས་ད་ནི་རྒན་རིན་པོ་ཆེ་མིའི་དབྱིབས་མདོག་གཏན་ནས་མི་འདུག་ཅེས་སྨྲེས་ངག་འདོན། ལྷ་སར་བཙུན་མ་ཞིག་ལ་རྨི་ལམ་དུ་ཁྱེད་ཀྱི་རྡོ་རྗེ་སློབ་དཔོན་ལྕགས་ཀྱི་མདོག་ལྟ་བུར་ཡོད་ཅེས་ལུང་བསྟན་བྱུང་བ་བཞིན།ལྷོ་ཁར་བསྐྱོད་དེ་རྒན་རིན་པོ་ཆེ་མཇལ་བ་ན་དེ་རིང་མངོན་སུམ་དུ་མཇལ་བྱུང་ཞེས་རྒན་རིན་པོ་ཆེ་རང་ལ་ཞུས་འདུག རྒན་རིན་པོ་ཆེ་ནི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་བརྒྱ་ཕྲག་མང་པོ་མངོན་དུ་གྱུར་ཅིང། བསམ་གཏན་གྱི་ཟས་ཀྱིས་རྟག་ཏུ་འཚོ་བས་ཁམས་ཀྱི་ཟས་བཟང་ངན་ཙམ་གྱིས་སྐུ་ལས་འགྱུར་བ་མི་སྲིད་ཀྱང། ཟབ་གསལ་གྱི་ལམ་མཆོག་འདི་ལྟ་བུ་ཞིག་བསྒྲུབ་པ་ལ་དཀའ་ངལ་འདི་ལྟ་བུ་བསྟེན་དགོས་པར་གོ་བའི་བརྡས་མཚོན་པར་གདའ།
དེ་ནས་རིང་པོར་མ་ལོན་པར་སྔར་བཞིན་སོས། དེས་རྗེས་ལྷ་ས་ནོར་གླིང་ཕོ་བྲང་དུ་༸སྐྱབས་མགོན་རྒྱལ་བའི་དབང་པོས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བར་ཆེད་བཅར་མཛད་ཅིང། ན་བཟའ་ཡང་རྒྱུད་སྨད་དགེ་བཤེས་སྤྱི་མཚུངས་ལྟར་བཞེས་ནས་ཕེབས།སྔར་མི་མང་རྣམས་མཇལ་ཁ་གནང་གི་མེད་ཀྱང་སྐབས་དེར་བར་གསེང་ཐམས་ཅད་མཇལ་ཁ་བཅར་མཁན་སུ་ཡོད་ལ་མཇལ་ཁ་གནང་ཞིང།འབུལ་ཚན་འགངས་ཆེ་བ་ལྟ་ཅི་གསོལ་ཞིབ་སོགས་བཟའ་རིགས་ཕུལ་ནའང་ཉིད་ཞག་བདུན་འདང་ཚད་ལས་ལྷག་པ་སུས་ཕུལ་ཡང་བཞེས་གནང་གི་མེད་ཀྱང་།སྐབས་དེར་གང་ཕུལ་ཡང་བཞེས་ཀྱིན་བཞེས་ཀྱིན་ཕྱི་མ་ཕྱི་མར་གནང་སྟེ།གང་ལྟར་མཇལ་ཁ་རྫོགས་པ་དང་འབུལ་བ་རྣམས་ཀྱང་རྫོགས་པ་གནང་འདུག་ལ།དམིགས་བསལ་གྱིས་སེར་སྐྱ་མི་མང་ལ་དགྱེས་མཉེས་ཆེན་པོ་གནང་འདུག་པས་འགའ་ཞིག་ད་ལན་གྱི་རྒན་རིན་པོ་ཆེས་གནང་སྟངས་ལ་གཞིགས་ན། ཡང་ན་རྒན་རིན་པོ་ཆེ་སྐུ་ཚེ་རིང་དུ་མི་གནས་པའི་རྟགས་སམ། ཡང་ན་རང་ཅག་རྣམས་རྗེས་སུ་མཇལ་ཁ་མི་ཐོབ་པའི་རྟགས་གང་རུང་ཞིག་རེད་ཅེས་གླེང་མཁན་ཡང་བྱུང་འདུག
དེ་ནས་དགུང་ལོ་ ༦༠ ལ་གསུང་རབ་གླིང་དུ་ཕེབས་ནས་ལམ་རིམ་བསྡུས་དོན་དང་བློ་སྦྱོང་དོན་བདུན་མ།ཡོན་ཏན་གཞི་གྱུར་མའི་བཀའ་འཁྲིད་ཞག་ཉེར་དྲུག་རིང་གནང་།སྐབས་དེར་དགེ་སློང་གཉིས་དང་དགེ་ཚུལ་ང་གསུམ་སྒྲུབ་གནང་མཛད།
སྐབས་ཤིག་རྗེ་རིན་པོ་ཆེའི་གསུང་འབུམ་ལ་བསྐྱར་ཞིབ་ཟབ་ནན་མཛད་པས་རྒྱལ་བའི་དགོངས་པ་མཐའ་དག་བཀྲལ་བར་ཆ་ཕྲ་མོ་ཙམ་ཡང་མ་འཛོལ་ཞིང།འཕགས་བོད་མཁས་གྲུབ་རྣམས་ཀྱི་དགོངས་པ་ཇི་ཡོད་ལེན་ནས་དག་ཐེར་མཛད་པ་ལའང་རྗེ་འདི་ཤིན་ཏུ་མཁས་ཤིང།སྐུ་ཚེ་དེ་ཙམ་ལས་རིང་བར་མ་བཞུགས་ཀྱང་མཛད་རྗེས་ནི་གཏིང་མཐའ་མི་མངོན་པ་འདི་དཔགས་ན།དཔལ་མགོན་འཕགས་པ་ཀླུ་སྒྲུབ་བས་ཀྱང་ལྷག་པ་མིན་ནམ་སྙམ་སྟེ་ཤེས་ནས་དད་པ་ཡིད་འཁུལ་བ་ཤིག་བྱུང་བ་ན།དེ་གའི་དཀར་ཁུང་ཐད་ཀྱི་ཕ་གིའི་ཁང་པའི་སྟེང་ནས་བུད་མེད་གཡུའི་མདོག་ཅན་རྒྱན་བསམ་གྱིས་མི་ཁྱབ་པ་སྤྲས་ཤིང་འོད་ཟེར་འཕྲོ་བ་ཞིག་གིས།དགྱེས་པའི་རྣམ་འགྱ?ར་དུ་མ་དང་བཅས་དེ་རིང་ཡིན་པར་བརྡ་ལན་གསུམ་བསྟན་ནས་ཡལ་སོང་ཞེས་ཌ་ལ་ཧའོ་སིར་གསུང་ཆོས་སྐབས་གསུངས།
ལྷ་སར་རྒྱ་དམར་མ་སླེབས་སྔོན་ནས་འོ་ད་ལྷ་སར་གོས་སློག་སྔོན་པོ་གྱོན་མཁན་དང་།སེར་མདོག་གྱོན་མཁན་འདྲ་མིན་སྣ་ཚོགས་ཀྱིས་ལྷ་ས་དང་གྲོང་གསེབ་ཀུན་ཏུ་ཁྱི་སྨྱོན་ལྟར་ཉུལ་ཞིང་།འཁོར་ལོ་ཅན་གྱི་ཁང་ཆུང་འདྲ་མིན་སྣ་ཚོགས་འགྲུབ་བཞུད་བྱེད་ཀྱིན་འདུག་ལ་༸རྒྱལ་བ་རིན་པོ་ཆེ་ཡང་ཡུན་རིང་བཞུགས་པ་མི་འདུག་ཅེས་ཐུགས་འཚབ་ངང་དངོས་སློབ་ཚོར་གསུངས་འདུག ཡང་ཉིན་གཅིག་དངོས་སློབ་ཚོར་སྙིང་རུས་དང་བརྩོན་འགྲུས་ཤུགས་ཆེན་པོས་ལམ་ཡོངས་རྫོགས་ལ་དཔྱད་འཇོག་གིས་བློ་ལ་འདྲིས་པར་བྱས་ནས་དཔེ་ཆ་ལྟ་མ་དགོས་པར་སྒོམ་ཤེས་པ་དང་སྒོམ་ཐུབ་པ་མ་བཟོས་ན། མི་རིང་བར་དཔེ་ཆ་བལྟ་རྒྱུ་ཕར་ཞོག་མིག་གིས་མཐོང་རྒྱུ་ཡང་མེད་པ་འོང་ངེས་གདའ་ཞེས་ནན་པོ་གསུང་འདུག
དེ་དང་འདྲ་བའི་མ་འོངས་ལུང་བསྟན་ཡང་མང་དུ་གསུངས་འདུག།དེ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གསུང་རབ་གླིང་དུ་སླར་ཡང་སྡོམ་གསུམ་བསླབ་བྱའི་བཀའ་ཁྲིད་ཉིན་མང་དུ་གནང་སྟེ་རབ་བྱུང་རྣམས་དགོང་བཅད་ཀྱིས་མཚོན་འདུལ་བའི་ཕྱག་བཞེས་ཆ་ཚང་བ་མཛད་དུ་བཅུག དེ་ནས་དོལ་རྩེ་ལུང་ཇོ་ཁང་དུ་མཆོད་འབུལ་རྒྱ་ཆེར་མཛད།གཞན་ཡང་བཀའ་སློབ་ཞུ་བ་དང་དོགས་གཅོད་ཞུ་མཁན་ཇི་སྙེད་ཅིག་བྱུང་བ་རྣམས་ལའང་གང་ལ་གང་འོས་པའི་བཀའ་སློབ་དང་གསུང་ལན་འཕྲལ་འཕྲལ་དུ་མཛད་ནས།རབ་བྱུང་རྣམས་ལ་མི་དགེ་བཅུའི་སྟེང་འདུལ་བའི་བཅའ་ཁྲིམས་དང་ཁྱིམ་པ་རྣམས་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱིས་གཙོ་བྱས་པའི་ལྷ་ཆོས་རང་རང་གང་ནུས་ཅི་འབྱོར་གྱིས་བསྒྲུབ་ཏུ་བཅུག་སྟེ།དུས་ངན་གྱི་རླུང་འཚུབ་འདིའི་ནང་དུ་ཐར་པའི་ས་བོན་རྒྱ་ཆེན་པོ་བསྒྲུབ་པར་མཛད། དེ་ནས་༡༩༥༩ ལོར་ལྷ་སར་ཟིང་འཁྲུག་བྱུང་རྗེས་རྒན་རིན་པོ་ཆེ་དཔོན་སློབ་དབེན་པར་བཞུགས་ནས་ཡོད་པ་ལ།སྦྱིན་བདག་གཅིག་གིས་རྟ་དཀར་པོ་སྒ་ཆས་རང་འགྲིགས་ཅིག་ཕུལ་བྱུང་བས།རྟ་མ་བཞེས་ཀྱང་ཕེབས་དགོས་ཀྱི་རྟེན་འབྲེལ་འགྲིགས་པར་དགོངས་ནས་དངོས་སློབས་རྣམས་དང་བཅས་ལྷོ་རྒྱུད་ནས་ལྷོ་རྒྱུད་དུ་ཕེབས་པར་ཆས།དེ་ཡང་དགྲ་བཅོམ་པའི་ཁྱུ་ཚོགས་ལྗོངས་སུ་གཤེགས་པ་དང་གཉིས་སུ་མ་མཆིས་པར་དལ་གྱིས་བྱོན།མཇལ་བཅར་བ་ཚང་མར་ཡང་རྒྱ་གར་ཕྱོགས་སུ་ཕེབས་དགོས་པའི་སློབ་སྟོན་ཤ་སྟག་མཛད།
དེ་ནས་རིམ་གྱིས་འབྲུག་འབུམ་ཐང་དུ་བྱོན་ཅིང།དེར་ཟླ་ཐང་ལྷ་ཁང་དུ་བཞུགས་ནས་ལོ་དེའི་ཟླ་བ་གསུམ་རིང་དབྱར་གནས་མཛད།དེའི་རིང་དགོང་རེར་སློབ་མ་གསར་འབྱོར་བ་དགེ་སློང་གཅིག་དང་དགེ་ཚུལ་ལ་དབྱར་གནས་ཀྱི་དུས་སུ་ཆོས་རྒྱུན་མི་འཆད་པའི་རྟེན་འབྲེལ་ལ་དགོངས་ཏེ་ལམ་རིམ་འཆད་ཉན་ཆག་མེད་གནང། སྐབས་འདིར་དགོད་བྲོ་བ་ཞིག་ལ་ལྡན་མ་མཁས་གྲུབ་ཆོས་དབང་ཞེས་པ། འབྲུག་ནས་རྒན་རིན་པོ་ཆེའི་མཉམ་དུ་ཡོང་བར་རྒན་རིན་པོ་ཆེ་སྟོན་འཁོར་རྟག་པར་དགོང་བཅད་གནང་བར་བརྟེན། ཁོ་རང་ཡང་དགོང་བཅད་བགྱིས་ཀྱང་མ་གོམས་པར་ལྟོགས་ཆེ་བས་མཚན་མོ་མལ་ཆས་ནང་དུ་འབྲས་ཡོས་འགམ་ནས་ཧྲོབ་ཧྲོབ་ཆེས་ཡང་ཡང་སྒྲ་གྲགས་པ་དང། རིན་པོ་ཆེས་གསན་ཏེ་ཁྱི་ཡིན་པར་དགོངས་ནས་ཚོ་ཚོ་ཞེས་ཡང་ཡང་གསུང་བསྐྱོན་པ་ན། ཁོ་པ་ཞེད་དེ་རྒན་རིན་པོ་ཆེ་ཁྱི་མ་རེད་ང་ཡིན་ལགས་ཞེས་ཞུས་པས་དཔོན་སློབ་ཚང་མ་མཚན་གང་བཞད་མོ་ཤོར་ནས་བཞུགས་དགོས་བྱུང་འདུག
དེའི་དགུན་ཐོག་ཏུ་འབྲུག་གཡུང་དྲུང་ཆོས་གླིང་བྲག་ས་རི་ཁྲོད་དུ་སྐུ་མཚམས་ཤིན་ཏུ་དམ་པོར་མཛད་ཅིང།བར་གསེང་དུ་འབྲུག་པ་སེར་སྐྱ་མང་པོར་སྐྱབས་འགྲོའི་ཆོས་སྐོར་དང།ལས་འབྲས་ཀྱི་ཆོས་སྐོར་གང་ལ་ཅི་འོས་སུ་གསུངས།དགེ་བསྙེན་སྒྲུབ་མཁན་བརྒྱ་དང་ལྔ་བཅུ་ང་གསུམ་བྱུང།དེར་ལྷུན་གྲུབ་པཎྜི་ཏའི་བསྐྱེད་རྫོགས་ཀྱི་བཀའ་ཁྲི་དང་སློབ་དཔོན་ཀླུ་བྱུང་གི་ཐིག་ཚད་ཐོག་ནས་ཐིག་དང་བློོས་བསླངས་སོགས་བཞེངས་བསྐྲུན་གྱི་བཀའ་འཁྲིད་གནང།སློབ་མ་ཡང་མང་དུ་འདུས་ཤིང་ཁོ་ཚོས་འདིར་བཞུགས་དགོས་ཀྱི་གསོལ་བ་མང་དུ་བཏབ་ཀྱང་མ་གསན་པར།རྒྱལ་བ་འབྲོམ་སྟོན་པ་མཇལ་དུ་འགྲོ་དགོས་ཡང་ཡང་གསུངས་?ེ་དགུང་ལོ་༦༢ལ་སྟོན་འཁོར་རྒྱ་གར་དུ་ཕེབས་ནས་རིམ་གྱིས་རྡོར་གདན་དུ་ཞབས་སོར་འཁོད་པ་ལྟར་བོད་ཟླ་༡༢ཚེས་༡༥ལ་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་གསོ་སྦྱང་གི་མདོ་འཆད།དེར་སེར་སྐྱ་མི་མང་ཡོངས་ལ་ཐེག་ཆེན་གསོ་སྦྱོང་གི་གདམས་པ་གནང་སྟེ་སློབ་སྟོན་མང་དུ་མཛད།
དེ་ནས་བོད་དགོན་གཙུག་ལག་ཁང་དུ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་བཀའ་འཁྲིད་རྒྱས་པར་སྩལ།དེ་ནས་ས་ར་ཎཱ་ཐར་ཕེབས་ཏེ་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་དེར་བཞུགས་ནས་ཐུགས་དམ་མཛད་པའི་མུས་ལ་བསྐལ་བཟང་སངས་རྒྱས་སྟོང་གི་བཞུགས་ཁྲི་སོ་སོ་ཁྲ་ལམ་མེར་གཟིགས་སྣང་བྱུང་བ་དངོས་སློབ་ཅིག་ལ་གསུངསའདུག ལ་དྭགས་སློབ་གྲྭ་བ་ཚོས་ཞུ་མོས་ལྟར་གསུང་ཆོས་གནང་ཞིང་ཚོགས་འཁོར་བཅས་ཕུལ། དེ་ནས་བོ་ཟླ་༢ པའི་ནང་དྷ་རམ་ས་ལར་བྱོན།
ཝྭ་ར་ཎཱ་སི་ནས་མེ་འཁོར་གླ་ཆ་ཚང་བ་དཔོན་སློབ་སུ་ལའང་མེད་པས་རང་རང་ལ་གང་ཡོད་པ་དེ་རེ་ལིའི་བྷ་བྷུ་ལ་ཕུལ་བས། ཁོས་ཀྱང་ཡིད་ཆེས་དང་དགའ་ཚོར་སྐྱེས་ཏེ་དམིགས་བསལ་ཐོག་འཇོག་གནང་མཛད།རི་ལིའི་ནང་རྒྱ་གར་བ་གཞན་དག་རྣམས་ཀྱང་དད་པ་སྐྱེས་ཏེ་བསུན་བཙིར་མེད་པར་བདེ་ཉམས་ཀྱིས་པ་ཋན་ཀོཊ་རུ་འབྱོར།དེ་ནས་དྷ་སར་འབྱོར་ཏེ་ག་ལེར་མེཀ་ལོ་ཊེར་གཞུང་ནས་གྲ་སྒྲིགས་ལྟར་བཞུགས།
དེའི་ཕྱི་ཉིན་༸གོང་ས་སྐྱབས་མགོན་ཆེན་པོར་མཇལ་བཅར་དང་བཅས་བློ་སྦྱོང་ཚིག་བརྒྱད་མ་བཀའ་འཁྲིད་ཞུས།དེ་ནས་སྐྱབས་རྗེ་རྡོ་རྗེ་འཆང་རྣམ་གཉིས་མཇལ་བཅར་ཞུས།དེ་རྗེས་བཞུགས་ཁང་དེར་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་བཅས་བཀའ་ཁྲིད་གནང།འབྲུག་ནས་རྒྱལ་བ་འབྲོམ་སྟོན་པ་མཇལ་དགོས་ཡང་ཡང་གསུངས་པ་དེ་རྒྱལ་མཆོག་འདི་ཉིད་མཇལ་རྒྱུ་ཡིན་འདུག་ཟེར་མཁན་བྱུང་། དྷ་སར་བཞུགས་སྐབས་འབུལ་བ་གང་བྱུང་བ་རྣམས་མ་བཞེས་པར་བརྟེན།དཔོན་སློབ་རྣམས་ཉིན་རེར་བག་ལེབ་རེས་ཆོག་པར་བྱས་ནས་ཟླ་གྲངས་མང་པོར་བཞུགས།
དེ་ནས་སྤྱི་ལོ་༡༩༦༣ལོར་དགུང་གྲངས་༦༤ལ་ཌ་ལ་ཧའོ་སིར་གཞུང་འབྲེལ་ལྟར་ཕེབས་ཏེ་ཨོག་ཀ་སེ་ཀོ་ཀྲི་ཉེ་འདབས་སུ་གད་པའི་ཁང་རལ་ཞིག་ཏུ་བཞུགས་ཤིང་སློབ་མ་ཚོའང་དེ་བཞིན་རེད།ཁོང་རྣམ་པ་ཕེབས་བཞུགས་གང་གི་སྐབས་སུའང་འཕགས་ཡུལ་དུ་སློབ་དཔོན་དབྱིག་གཉེན་དཔོན་སློབ་བམ།ཡོན་ཏན་འོད་དཔོན་སློབ་ལྟར་འདུལ་བའི་ཆ་ལུགས་ཡོངས་སུ་རྫོགས་ཤིང་རི་དྭགས་རྨས་མ་ལྟར་ཞི་དུལ་ཆེ་བ།རི་དྭགས་བསེ་རུ་ལྟར་བྱམས་བརྩེ་ཁུ་སིམ་ཆེ་བ།དུལ་བའི་གཉེས་འཐུང་ལྟར་བཟོད་ཐེག་ཆེ་བ་སོགས་སྦྱངས་པའི་ཡོན་ཏན་ཚོགས་ཀྱིས་བཏམས་པས་སུས་མཇལ་ཡང་དང་བ་ངང་གིས་འདྲེན་པ་དཔོན་སློབ་བཅོ་ལྔ་སྐོར་ཡོད།སེར་སྐྱ་མི་མང?ཡོངས་ནས་མཇལ་བ་ཙམ་གྱིས་གདོང་མཆི་མས་གང་བཞིན་གདན་ཞུ་དང་བཅས་བསྙེན་བཀུར་ཇི་དགོས་དང་བས་འཁུར་ལེན་ཞུས།རང་གཞུང་གིས་འཁུར་ལེན་ལྟར་དབུས་སྐྱོབ་གསོ་ཚོགས་པ་ནས་མི་མང་སྤྱི་མཚུངས་གསོལ་ཕོགས་ཀྱང་སྩལ་ཐོབ་བྱུང།
རྒན་རིན་པོ་ཆེ་ནི་ཉིན་བདུན་དང་དངོས་སློབ་རྣམ་པ་ནི་ཉིན་བཅོ་ལྔ་འདང་བའི་འཚོ་བ་ཙམ་ལས་ལྷག་པ་བཞེས་ཉར་མི་གནང་ཞིང།དེ་ལས་ལྷག་པ་ཆེ་ཆུང་གང་ཕུལ་ཡང་བཞེས་ཀྱི་མེད་འདུག བཞུགས་ཡུལ་ཡང་ཆར་བ་སྐྱོབ་ཐུབ་ཙམ་ལས་ཁང་པ་ལེགས་པོ་གང་ཕུལ་ཡང་དེའི་ནང་བཞུགས་ཀྱི་མེད་འདུག དེ་ལྟ་བུའི་འཚོ་གོས་གནས་མལ་ཐབས་སྐྱོའི་ནང་དུ་བཞུགས་ནའང་དཔོན་སློབ་ཚང་མ་སྐུ་ལུས་དང་ཞལ་མདངས་མ་ཉམས་པ་ཤ་སྟག་སྣང་བས་ངོ་མཚར་སྐྱེ་བའི་གནས་དམ་པར་ཡོད།
སྐབས་དེར་ཌ་ལ་ཧའོ་སིར་མི་མང་རྣམས་སྤྱི་སྲོལ་ལྟར་བྱས་ན་ཟ་ཕོགས་ཡག་ཤོས་གྲས་ཡིན་ནའང་བོད་དུ་གོམས་གཤིས་ཀྱིས་མ་ལྡེང་བའི་དཀའ་ངལ་ཡོད་ཅིང།རབ་བྱུང་རྣམས་ནི་སྡེ་ཚན་སོ་སོར་ལྟོ་ཚང་བསྒྲིལ་བར་བརྟེན་དཀའ་ངལ་ཆེ་བ་མེད་རུང།མི་སྐྱ་རྣམས་དེ་སྔར་མང་པོ་ལྟོ་ཚང་བསྒྲིལ་ནས་སྡོད་པའི་གོམས་གཤིས་མེད་རྐྱེན།སྒེར་སོ་སོར་ཐབ་ཟིན་པ་དང་ལས་ཀ་བྱ་ཡུལ་ཡང་མ་རྙེད་པས་འཚོ་བ་མ་ལྡེང་བའི་དཀའ་ངལ་ཆེ་ཙམ་ཡོད་འདུག འོན་ཀྱང་སོ་སོའི་རིགས་ཞེན་དང་ཆོས་ཀྱི་བསམ་བློ་ནི་ཤིན་ཏུ་ཆེ་བ་ཡོད། དེ་ལོ་ཟླ༤པར་རྒན་རིན་པོ་ཆེ་ནས་བྱང་ཆུབ་ལམ་རིམ་ཆེན་མོ་བཀའ་ཁྲིད་རྒྱས་པར་སྩལ། རྒན་རིན་པོ་ཆེ་ཕེབས་ནས་བཀའ་སློབ་རིམ་པར་གནང་བ་ལས་རབ་བྱུང་རྣམས་དེ་སྔོན་ཆོས་གོས་རྣམ་གསུམ་ལྟ་ཅི།གྲྭ་ཆས་ཀྱང་རེ་ཟུང་ལས་མེད་ཀྱང་རིམ་པར་བཟོས་ཏེ་མི་རིང་རབ་བྱུང་ཚང་མ་གྲྭ་ཆས་དང་ཆོས་གོས་སྣམ་སྦྱར་བཅས་ཀྱང་ཆ་ཚང་བཞེས་རྒྱུ་ཡོད་པ་ཆགས་འདུག
སྐབས་དེར་མཁན་རིན་པོ་ཆེ་རྣམ་པ་དང་བླ་སྤྲུལ་ཁག་ནས་ཨོག་ཀ་སེར་གནས་ཆུང་ཆོས་སྐྱོང་དགའ་གདོང་ཆོས་སྐྱོང་གཉིས་སྐུ་ཕེབས་ཞུ་བའི་སྐབས་དེར།ཆོས་སྐྱོང་གཉིས་ཀྱིས་རྒན་རིན་པོ་ཆེ་གདན་འདྲེན་ཞུ་དགོས་ཕེབས་པ་ལྟར་གདན་ཞུར་བཅར་བར།རྒན་རིན་པོ་ཆེ་གཞན་དུ་ཕེབས་གྲབས་གནང་བར་ཨུ་ཚུགས་ཀྱིས་གདན་ཞུ་ཐུབ་སྟེ་ཉེ་བར་ཕེབས་པ་དང།དགའ་གདོང་ཆོང་སྐྱོང་གིས་ཕེབས་བསུ་དང་བཅས་ཕྱག་འདྲེན་གྱིས་རང་གི་བཞུགས་ཁྲིའི་སྟེང་བཞུགས་སུ་བཅུག ཆོས་སྐྱོང་གཉིས་གས་མཇལ་དར་ཕུལ་ཏེ་སྐུ་ཚེ་བསྲིང་བ་དང་བསྟན་པ་རྒྱས་ཐབས་གནང་དགོས་པའི་གསོལ་བ་ཕུར་ཚུགས་སུ་བཏབ།རྒན་རིན་པོ་ཆེ་ནི་དེ་ཙམ་ཐུགས་སྣང་གནང་མ་སོང། དེ་རྗེས་ལྷག་མཐོང་ཆེན་པོ་ནི་མི་མང་དང་རབ་བྱུང་དཀྱུས་མ་མཐའ་དག་ལ་སྔར་བཤད་པ་དེས་ཕན་ཐོགས་ཡོང་རྒྱུ་ལས་འདིས་མགོ་འཁྲུག་རྒྱུ་མ་གཏོགས་མེད་ཅིང་།དུས་ཚོད་ཀྱང་ཆུད་ཟོས་སུ་འགྲོ་གཞི་ལས་མེད་ན། ལྷག་མཐོང་ཁྲིད་སར་མ་ཡོང་ཞེས་ནན་བཀག་མཛད་དེ་བླ་སྤྲུལ་དགེ་བཤེས་སློབ་གཉེར་བགྲེས་གྲས་རྒྱུད་གྲྭ་སྟོད་སྨད་རྒན་གྲས་མི་སྣ་ཉིས་བརྒྱ་སྐོར་ལ་ལྷག་མཐོང་ཆེན་མོ་ཟླ་བ་གཅིག་ཙམ་དོགས་གཅོད་དང་བརྒལ་ལན། རིགས་ཚོགས་དྲུག་དང།རྩ་འཇུག་ཊཱིཀ་ཆེན་གཉིས་ནས་ཁ་སྐོང་གིས་ཟབ་འཁྲིད་ཤིན་ཏུ་རྒྱས་པར་གནང་། ཡར་ཡང་དོགས་གཅོད་ཡིག་ངག་ཅི་རིགས་ཀྱིས་གང་མང་ཕུལ་དགོས་ཀྱིས་འདུག
ཕྱག་དཔེ་ནི་ཕྱག་ཏུ་བཞེས་པ་ཙམ་ལས་འགྲེལ་བཤད་དང་གཞུང་དོན་ས་བཅད་དང་བཅས་པ་ཐུགས་ཐོག་ནས་ཤར་མར་གསུངས་ཀྱི་ཡོད་འདུག སྤྱན་ཤེལ་གསར་པ་གང་ཕུལ་ཡང་ཡ་གཅིག་བཀོག་ནས་བཞེས་ཀྱི་ཡོད་འདུག ཞོར་འཕྲོས་སུ་གདན་ས་དང་རྒྱུད་སྟོད་སྨད་ཁག་གི་ཁྲིམས་སྒྲིག་ལམ་སྔར་ཡོད་དང།བར་ལམ་ཉམས་ཆག་དང་བསྲེ་བསླད་ཇི་བྱུང་སྐོར་ཞིབ་ཅིང་ཕྲ་བར་གསུངས་ཏེ།དག་ཐེར་དང་བཅས་སྐབས་འགར་སྐུ་རྩེད་དང་སྐབས་འགར་བཀའ་བཀྱོན་ཀྱང་གནང། དཔེར་ན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནི་འགྲོ་བའང་གསང་བར་འདུས་པ།སྡོད་ནའང་གསང་བ་འདུས་པ།ཉལ་ནའང་གསང་བ་འདུས་པ་སྔར་ནས་ཡིན་ན།དེང་སང་དེས་མ་འགྲིགས་ནས་གསར་ཆོས་ལ་ཨ་གསར་བྱེད་དོན་གང་ཡིན།རྗེ་ཤེས་རབ་སེང་གེས་ཆ་ཚང་བཟོས་པ་དེས་མ་ཆོག་པ་ག་རེ་ཡོད་ཅེས་བཀའ་བཀྱོན་ཀྱང་གནང་།ཐ་ན་སྐྱབས་ཐོ་བཟོ་སྟངས།རྟགས་བསལ་གཏོང་སྟངས།ཚོགས་འཚོགས་སྟངས་ཡན་ཆད་ལའང་དག་ཐེར་གྱིས་ལེགས་སྤེལ་ཉེས་འགོག་རླབས་ཆེན་གནང་།
སྒྲུབ་སྡེ་ཁག་ཡིན་ནའང་སྒྲུབ་སྡེ་སོ་སོར་མཁས་ཤིང་ཉམས་མྱོང་ཡོད་པ་ཚོས་འགན་འཛིན་དགོས་པ་དང།བཤད་གྲྭ་ཡིན་ནའང་བཤད་གྲྭ་དེ་ཉིད་ལ་མཁས་ཤིང་ཉམས་མྱོང་ཡོད་པ་ཚོས་འགན་འཛིན་དང་དབང་ཆ་འཛིན་ན་རང་ལུགས་མ་ཉམས་པ་དང་ཚགས་ཚུད་ཡོང་རྒྱུད།དེ་ལྟར་མེད་པར་ལྟོ་གོས་གཏམ་གསུམ་གྱི་ཁ་དབང་ལ་ཤོར་ན་ཉམས་ཆགས་འགྲོ་རྒྱུ་ཉག་གཅིག་ཡིན་སྐོར། དཔེར་ན་གདན་སའི་ནང་འཇིག་རྟེན་མགོན་པོ་ཕ་རྒན་ཚོས་དབང་ཆ་ཟིན་ནས་ཉམས་ཆག་ཚད་མེད་སོང་བ་ཀུན་གསལ་ལྟར་རེད་ཅེས་ཞིབ་རྒྱས་གསུངས།ལྟ་བའི་སྐོར་ཡང་ལྷག་མཐོང་ཆེན་མོ།རྩ་འཇུག་གཉིས་ཀྱི་ཊཱིཀ་ཆེན་གསུམ་དང་ཆ་ཕྲ་མོ་ཙམ་ཡང་མི་འགལ་བར་གནང་དགོས་ཀྱི། ལྟ་ཁྲིད་སོགས་ལེ་ཚན་རྣམས་ནི་གང་ཟག་བྱེ་བྲག་པར་གང་མཁོ་བ་ལྟར་གསུངས་པས་ཚད་མར་ངེས་པར་བྱེད་མི་དགོས་པའི་སྐོར་དང།རྗེ་ཡབ་སྲས་ཀྱིས་ཆ་ཚང་བཟོས་པ་དེ་ལས་ལྷག་པའི་གསར་ཆོས་དང་སྦས་ཆོས་ཞེས་སྙན་སྙན་རྫིག་རྫིག་བྱས་པ་དེ་དག་རང་ལུགས་ཆ་ཚང་བ་དང་གདེང་ཐུབ་པ་ཞིག་ཡོད་ན་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་མཁོ་བ་སྲིད་ནའང།དེ་དག་མེད་མཁན་ཚོས་ར་རྒན་རྩྭ་ཟ་བ་ལྟར་བྱེད་མི་རུང་བའི་སྐོར་ཡང་རྒྱས་པར་གསུངས།
ཡང་སྐབས་ཤིག་རྒན་རིན་པོ་ཆེ་སྨིན་དྲུག་རྫ་རིར་བཞུགས་སྐབས་གྲིབ་ཚེ་མཆོག་གླིང་དུ་མི་ཉག་ཁྲི་ཟུར་སྟོང་འདུས་རིན་པོ་ཆེ་མཇལ་བར་བཅར་བས་གཟིམ་སྒོའི་ནང་དུ་ཕེབས་པ་དང་ཁྲི་ཟུར་རིན་པོ་ཆེས།ཡ་ཁྱེད་ཕེབས་པ་ཡག་པོ་བྱུང་ངས་དོགས་གཅོད་མང་པོ་ཡོད་ཅེས་གསུངས་ཏེ་དེ་འཕྲལ་རྟགས་གསལ་འགོ་ཚུགས་ཏེ་ཆུ་ཚོད་གསུམ་བཞིའི་རིང་བགྲོ་གླེང་གནང་འདུག ཉམས་སྣང་གི་དོགས་གཅོད་མཐའ་དག་ནི་བྱང་སེམས་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ལས་འཕྲོས་པ་ཤ་སྟག་སྣང་བས།ཁྲི་ཟུར་རིན་པོ་ཆེ་བྱང་སེམས་སྦྱོར་ལམ་པ་དབང་རྣོན་གྱི་རྟོགས་པ་ཐོབ་འདུག་ཅེས་གསལ་པོ་གསུངས།
ཁྲི་ཟུར་རིན་པོ་ཆེ་དེ་ཉིད་ནི་འཇིགས་བྱེད་ཀྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་པར་མ་ཟད་སྐུ་གཤེགས་པའི་ཚེ་རྣམ་ཤེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་ཐིམ་པའི་རྟགས་མཚན་བསམ་ཀྱི་མི་ཁྱབ་པའང་བྱུང་འདུག དེ་དག་ཞིབ་རྒྱས་བརྗོད་ཀྱིས་མི་ལངས།མདོར་ན་རྒན་རིན་པོ་ཆེས་དག་ཐེར་དང་གསར་བརྗེའི་ལམ་ཕྱོགས་ཇི་ཙམ་བཟོས་པ་དེ་༸་རྒྱལ་བ་རིན་པོ་ཆེ་འདི་ཉིད་ཀྱིས་ཕྱག་བཞེས་རླབས་ཆེར་བསྟར་གནང་མཛད་པས་ཁོང་རྣམ་གཉིས་བསྟན་པ་ལ་དགོངས་བཞེས་གཅིག་གྱུར་དུ་གསལ།མཎྜལ་སྐབས་མཎྜལ་དངོས་ཡིན་ན་སྨོས་མེད་དང།དེ་ལྟར་མེད་པ་རྣམས་ལ་གཡམ་པ་རྡོ་ལེབ་ནས་སྒོར་སྒོར་བཟོས་ཏེ་ཕུལ་བཅུག དེ་རྗེས་སླར་ཡང་དྷ་རམ་ས་ལར་ཕེབས་ཏེ་སྙན་གསན་སྔོན་ཞུས་ལྟར་༸་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་དཔལ་གསང་བ་འདུས་པའི་དབང་ཆེན་ཞུས།
དངོས་སློབ་ཚོར་རང་རང་གི་ལུས་ངག་ཡིད་གསུམ་དང་བདོག་པ་ཅི་ཡོད་ཕྱག་རྟེན་དུ་ཕུལ་དགོས་གསུངས་ཏེ་ཐ་ན་དངུལ་ཨ་ན་གཅིག་ཀྱང་མ་ལུས་པ་དབུལ་བར་མཛད།དེའི་ཞོར་དུ་སྐྱབས་རྗེ་རྣམ་པ་གཉིས་ཀྱི་དྲུང་ནས་ཀྱང་རྗེས་གནང་དང་ལུང་སོགས་ཞུས།ཕྱི་རྒྱལ་གཅིག་ནས་སྙན་གསན་འཕྲུལ་ཆས་སྤུས་ལེགས་གཅིག་ཕུལ་འདུག་པ་ཐུགས་མཁོ་ཤིན་ཏུ་ཆེ་ཡང་།མི་རིང་བར་དུང་དཀར་ཕྱག་མཛོད་ལ་སྩལ་འདུག དེ་ནས་ཕྱིར་ཕེབས་ཀྱིས་སྡོམ་གསུམ་བསླབ་བྱ་ཏྲེ་ཧོར་མཚན་ཞབས་ཚེ་དབང་བསམ་གྲུབ་ནས་ལྗགས་རྩོམ་མཛད་པ་དེའི་ཐོག་ནས་འདུལ་བའི་གནད་མ་ལུས་པ་བསྡུས་ཏེ་ཟླ་གཅིག་ཙམ་འཁྲིད་གནང་ཞིང།གཞི་གསུམ་གྱིས་མཚོན་པའི་འདུལ་བའི་ཕྱག་ལེན་དང་དགག་སྒྲུབ་གནང་གསུམ་གང་ཅིར་དགག་བཞག་སྤོང་གསུམ་དང་བཅས་ཤིན་ཏུ་རྒྱས་པ་གནང་།རབ་བྱུང་རྣམས་ཀྱང་གཞི་གསུམ་ལ་དྭང་ཞེན་ཆེ་བ་དང་བསླབ་ཁྲིམས་ལ་གཅེས་སྤྲས་ཆེ་བ་བྱུང་།
དུས་ཆེན་ཁག་ཏུ་རྒན་རིན་པོ་ཆེ་གདན་ཞུས་ཀྱིས་སེར་སྐྱ་མི་མང་ཡོངས་ལ་གསུང་ཆོས་དང་བཀའ་སློབ་ཇི་སྙེད་གསུངས་པའི་སྙིང་པོ་ནི་ལས་འབྲས་ལ་བརྩི་སྲུང།མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས།ཆོས་སྲིད་ཀྱི་སློབ་སྦྱོང།ཡ་རབས་དང་མཛའ་མཐུན་གཅིག་ཕན་གཅིག་བསྒྲུབ།ཁྱད་པར་དུ་༸རྒྱལ་དབང་དོན་གྱི་བདག་པོས་བཀའ་གང་དང་གང་གནང་བར་ཆ་ཙམ་ཡང་འགལ་མེད་དུ་བསྒྲུབ་དགོས་སྐོར་ཐབས་རྣམ་པ་དུ་མའི་སྒོ་ནས་ཡང་དང་ཡང་དུ་ནན་པོར་གསུངས།
མ་འོངས་པར་བོད་རང་དབང་རང་བཙན་ཐོབ་དང་མི་ཐོབ།བསྟན་པ་ཆབ་སྲིད་གནས་དང་མི་གནས་ནི་༸རྒྱལ་དབང་དོན་གྱི་བདག་པོ་འདི་ཁོ་ན་ལ་རག་ལས་སྐོར། མཐའ་དག་ཡག་པོ་བྱུང་ན་བོད་དུ་ལོ་བརྒྱ་ནས་ཉིས་བརྒྱའི་བར་ཞིག་སངས་རྒྱས་ཀྱི་བསྟན་པ་སྤུས་དག་པོ་ཞིག་དར་བའི་རེ་བ་ཡོད་ལུགས་ཀྱང་གསུངས།སྐབས་ཤིག་ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་བར་ཆད་ཆེ་བས་ཚང་མས་ཇོ་བོ་ལ་གསོལ་འདེབས་ཤུགས་ཆེ་དགོས་ལུགས་ཀྱང་གསུངས།དེ་རྗེས་གཞུང་གནས་ནས་ཀྱང་བོད་ཀྱི་ཕྱོགས་སུ་ཞལ་གཏད་དེ་ཇོ་བོ་རིན་པོ་ཆེར་གདུང་ཤུགས་དྲག་པོས་གསོལ་འདེབས།ཇོ་བོ་རིན་པོ་ཆེའི་སྨོན་ལམ་གྲངས་གསོག་དགོས་པར་བཀའ་ཕེབས་དོན་བཞིན། བླ་སྤྲུལ་དགེ་བཤེས་གྲྭ་མང་ཡོངས་ནས་ཉིན་མང་པོར་ཧུར་བརྩོན་ཞུ།
རྒན་རིན་པོ་ཆེའི་གཟིགས་ལམ་དུ་ཇོ་བོ་རིན་པོ་ཆེ་ཤིང་རྟའི་ནང་གདན་དྲངས་ཏེ་སྐྱིད་ཆུའི་ནང་དུ་འཐིམ་ལ་ཁད་དུ་གྱུར་པ་ན།རྒན་རིན་པོ་ཆེ་རང་གིས་མེ་ཏོག་པདྨ་ཞིག་ཕུལ་ཏེ་གསོལ་བ་བཏབ་པས་ཞལ་ཕྱིར་སློག་སྟེ་སྐམ་སར་ཡར་དྲངས་པ་དང་མནལ་སད་བྱུང་ཞེས་ཀྱང་གསུངས།གཞན་ཡང་མནལ་ལམ་ཡིན་ཁུལ་གྱིས་མ་འོངས་ལུང་བསྟན་འདྲ་མིན་མང་པོ་ཞིག་གསུངས་བྱུང་བ་ཕལ་ཆེར་གསུང་སའི་སློབ་བུ་དག་གིས་བརྗེད་ནས་གསལ་པོ་མེད་བརྟེན་ཡིག་ཐོག་ཏུ་འགོད་ནུས་མི་འདུག
མདོར་ན་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ་ལས།
ཁྱིམ་མམ་ཡང་ན་ནགས་ཚལ་ལམ། །མཚོའམ་འོན་ཏེ་ཐང་ཡང་རུང།།
གང་ན་དགྲ་བཅོམ་བཞུགས་པ་ཡི། །ས་ཕྱོགས་དེ་ནི་ཉམས་སུ་དགའ།།
ཞེས་གསུངས་པ་ལྟར།རྒན་རིན་པོ་ཆེ་ཌལ་ཧའོ་སིར་བཞུགས་ནས་མི་མང་སྤྱི་དང་ཁྱད་པར་རབ་བྱུང་ཚོར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཕན་རླབས་གཞན་ཟླ་བྲལ་བ་བྱུང་བརྟེན། ཤག་སྐོར་མཁན་རིན་པོ་ཆེ་ནས་སྦག་ས་ཆོས་སྒར་དུའང་ཟླ་ཤས་ཕེབས་བཞུགས་ཐུབ་ན་དགོངས་ཏེ་ཕེབས་བསྒྲིག་ཤུགས་ཆེར་གནང་ཡང། དུས་ཚོད་ཀྱིས་མ་འགྲིགས་པས་བློ་ཕམ་བྱུང་འདུག དུས་གཅིག་ན་རྒན་བློ་ལྡན་དབང་ཕྱུག་ལ་ང་རྒྱ་གར་དུ་ཡོང་བའི་དོན་དག་གང་ལེགས་བྱུང་འདུག་ཅེས་ཐུགས་དགྱེས་པོ་གནང་འདུག་པ་དེ་གོང་གསལ་དོན་དེ་ལ་དགོངས་པ་ཡིན་འདུག་པར་གྲགས།
ཡང་གསུང་ཆོས་སྐབས་དངོས་གནས་བྱ་བྲལ་བ་དང་རྣལ་འབྱོར་པ་ཞིག་ཡིན་ན་བཀའ་གདམས་ཕུགས་ནོར་བཅུ་དང་མཐུན་པར་བློ་སྦྱངས་དགོས་པས།ཤི་བའི་ཚེའང་རི་དྭགས་ཤི་བ་ལྟར་རོ་ལ་བདག་མེད་དུ་བོར་ཐུབ་པ་ཞིག་དགོས་ཞེས་ཡང་ཡང་གསུངས།སྐུ་མཚམས་དམ་པོར་བཞུགས་ཚེ་གསོལ་ཇ་གསོལ་ཚིགས་དང་ཆབ་གསང་སོགས་ཀྱང་གནང་མི་དགོས་པར།མཚམས་སྒོ་དམ་པོར་བསྐྱོན་ནས་བདུན་ཕྲག་རེ་ཟུང་བཞུགས་པར་སྐུ་ངལ་བག་ཙམ་མེད་ཅིང།མང་ཚོགས་ཀྱི་ངོར་སྤྱན་མི་གསལ་བ་དང་སྙན་གྱིས་མི་གསན་པ།ཕར་ཚུར་ཕེབས་བསྐྱོད་སྐབས་ཕྱག་འདྲེན་ཞུ་དགོས་པ་ལྟར་སྣང་ཡང་གལ་ཆེའི་ཆོས་འཆད་སྤེལ་དང་ཁུག་ཀྱོག་གི་ཚེ་སྤྱན་གསལ་བ།སྙན་འབྱོག་གསལ་བ།?ྐུ་གཟུགས་བདེ་བ་སོགས་བརྗོད་མི་ཤེས་པ་ཞིག་ཡོད་འདུག་སྐད། ཡང་གསོ་སྦྱོང་ཞིག་གི་སྐབས་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་ཁྲི་ཐོག་ལ་བཞུགས་ནས་མདོ་སྐྱོར་བ་ལ་ཕྱོགས་པའི་ཚེ།ཕ་གི་ཁང་ཆུང་ནང་དུ་རྒན་རིན་པོ་ཆེ་བཞུགས་པར་གཟིགས་པ་དང་ཁྲི་ཐོག་ནས་མཆོངས་ཏེ།རྒན་རིན་པོ་ཆེ་ལ་མདོ་གསུངས་དགོས་ནན་གྱིས་ཞུས་ཀྱང་མ་ཕེབས་པར་བརྟེན།མཁན་ཟུར་རིན་པོ་ཆེ་སླར་ཁྲི་སྟེང་དུ་ཕེབས་ནས་ཞིམ་བུ་སྡོད་པ་ལྟ་བུས་གུས་བཀུར་ཆེན་པོས་མདོ་ཆ་ཚང་སྐྱོར་གནང་མཛད།
དེ་ནས་སྤྱི་ལོ་༡༩༦༦དགུང་༦༨ ལོར་དངོས་སློབ་རྣམས་ལ་བཀའ་སློབ་དང་ཕྱག་རྫས་ཤུལ་མེད་དུ་མཆོད་འབུལ་རྒྱ་ཆེར་དང་གཉེན་པོ་སྟོབས་བཞིས་བཤགས་སྡོམ་སྔོན་དུ་བཏང་ནས།བོད་མེ་རྟ་ཟླ་ལྔ་པའི་ཚེས་སུམ་ཅུ་ཕྱི་ཟླ་བདུན་པའི་ཚེས་བརྒྱད་ཀྱི་ཐོ་རེངས་ལ་སྐུ་ལུས་རགས་པ་བོར་ཏེ་དག་པ་རབ་འབྱམས་ཀྱི་སྐུ་ལུས་མངོན་དུ་མཛད་དོ།།
སྔོན་དུ་བཀའ་སློབ་གནང་དོན་ཕུང་པོ་རི་དྭགས་ཀྱི་རོ་ལྟར་བདག་མེད་དུ་གཅན་གཟན་སོགས་ལ་སྦྱིན་དགོས་ངེས་ཅན་ཡང།གནས་འདིའི་ཡུལ་ཁྲིམས་དང་མི་འགལ་བའི་ཆེད་མི་མང་སྦྱི་མཚུངས་ལྟར་དུར་སར་བསྲེག་སྦྱོར་བྱེད་དགོས་ཞེས་ནན་ཏན་དུ་གསུངས་པ་ལྟར་མཛད་། སྦྱིན་བདག་ཏྲེ་ཧོར་ཚོང་དཔོན་ཞིག་གིས་སྐུ་རུས་བསྡུས་ཏེ་དངུལ་གྱི་སྐུ་གདུང་རིན་པོ་ཆེ་མདའ་ཚད་མ་ཞིག་བཞེངས་ཏེ།བློ་གློང་གྲྭ་ཚང་དུ་ཕུལ་ཡོད་པ་བཅས་རགས་རིམ་ཙམ་དང།ནང་གི་སྤངས་རྟོགས་ཀྱི་ཡོན་ཏན་ནི་ཕྱིའི་མཛད་པ་སོགས་ལས་དཔག་ན་མདོ་ཕྱོགས་ནས་ས་ལམ་མཐོན་པོར་གཤེགས་ཟིན་པ་དང།སྔགས་ཕྱོགས་ནས་རྫོགས་རིམ་མངོན་དུ་མཛད་པའམ་མཛད་པ་ལ་མངོན་དུ་ཕྱོགས་པར་གོར་མ་ཆག་གྲགས་ཀྱང་། རྟག་ཏུ་སྦས་ནས་ཐ་མལ་པའི་ངང་ཚུལ་ཁོ་ནར་བཞུགས་པའི་ཡོན་ཏན་རྙེད་ཚུལ་འདི་དང་འདི་ཞེས་བཤད་ཚོད་མི་ཐེབས་ན་གོང་དུ་དགེ་བའི་བཤེས་གཉེན་ཆེན་པོ་སྟོང་དཔོན་རིན་པོ་ཆེའི་མཛད་རྣམ་དང་སྦྱར་ཏེ་དད་པ་བསྟེན་པར་བྱའོ། །
ཏྲེ་ཧོར་སྤྱི་དཔོན་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་ནི། དེ་སྔོན་གཞན་གྱིས་བརྩམས་གནང་བའི་རྣམ་ཐར་རྒྱས་པ་ཁག་གཉིས་ལ་ཁུངས་གཏུགས་ཏེ་ཕྱོགས་སྒྲིག་བགྱིས་པ་ཡིན་ཡང་།ད་དུང་ནོར་བ་སོགས་གང་མང་ཡོད་སྲིད་པས་རྣམ་ཐར་གསལ་པོ་མཁྱེན་མཁན་རྣམས་ཀྱིས་ཡོ་བསྲང་གནང་རོགས་ཞུ།།


ཏྲེ་ཧོར་བྲག་མགོ་དགེ་བཤེས་བསོད་ནམས་མགོན་པོ་ནི་མདོ་ཁམས་ཏྲེ་ཧོར་བྲག་མགོ་རྒྱལ་རྗེ་ནང་དུ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག་༡༨༩༥ ལོར་འཁྲུངས། སྐུ་ན་ཆུང་དུས་ནས་ཧོར་བྲག་མགོ་དགོན་དུ་ཆོས་ཞུགས་གནང་ནས། དགེ་བཤེས་ཡེ་ཤེས་སོགས་ལས་ཡི་གེ་ཕྱི་མོ་ཀ་ཁ་ནས་དགོན་དེའི་ཆོས་སྤྱོད་ཆོ་ག་སོགས་ལ་བསླབས། རྫི་རྭ་དགེ་བཤེས་མགོན་པོ་རིན་ཆེན་གྱི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་མནོས། བསྡུས་གཞུང་དང་། བློ་རྟགས། འགྲེལ་ཆུང་དོན་གསལ་དང་ལམ་རིམ་སོགས་ལའང་བརྩོན་པར་གནང། དགུང་ལོ་སུམ་ཅུ་ཡན་མན་དུ་དབུས་སུ་ཕེབས་ནས་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་བྱས། ༸གོང་ས་བཅུ་གསུམ་པ་ཆེན་པོའི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་སྡོམ་ཞུས། ཁང་གསར་སྐྱབས་མགོན་སྐུ་ཕྲེང་གཉིས་པ། མཁས་པའི་དབང་པོ་རྟའུ་དགེ་བཤེས་ཡ་མ་ཚེ་དཔག་དང་། དགེ་བཤེས་འཇམ་དབྱངས། འདན་མ་སྟོང་དཔོན་རིན་པོ་ཆེ་ངག་དབང་ཆོས་འགྲུབ། སྤོམ་པ་དགེ་བཤེས་ཡེ་ཤེས་བློ་ལྡན། འབྲས་སྤུངས་ཁྲི་པ་རྒྱ་དགེ་བཤེས་འབྱུང་གནས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་པོད་ལྔར་གཞན་དྲིང་མི་འཇོག་པའི་མཁས་པར་སྦྱངས། གཞུང་ཆེན་པོ་དགག་བཞག་སྤོང་གསུམ་གྱི་དོན་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་མཚན་སྙན་གང་སར་འབར། བློ་གླིང་མཁན་པོ་གཙང་པ་ཡེ་ཤེས་སྦྱིན་པས་རྗེ་འདི་ཉིས་ལ་དམིགས་བསལ་དགེ་བཤེས་ལྷ་རམས་ཀྱི་བཀའ་བསྒྱུར་གནང་ནའང་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང་རྗེ་རང་གི་ཐུགས་འདོད་ལྟར་གླིང་བསྲེས་དགེ་བཤེས་དམ་བཅའ་བཞག
རྒྱལ་སྲས་བླ་སྤྲུལ་དུ་མས་མཚོན་ཉིན་རེར་འཛིན་གྲྭ་དུ་མའི་སློབ་གཉེར་བ་བརྒྱ་ཕྲག་དུ་མར་གཞུང་ཆེན་ཁག་གི་དཔེ་འཁྲིད་འཛད་དེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མིང་དོན་མཚུངས་པར་གྱུར། འདན་མ་སྟོང་དཔོན་རིན་པོ་ཆེས་དབུ་མའི་དཔེ་ཁྲིད་མཛད་པའི་སྐབས་ཤིག་དགག་བྱ་སྐོར་ལ་བཀའ་འདྲི་གནང་བར་སློབ་གཉེར་པ་རྒན་གྲས་ཚོས་ལན་མ་ཐེབས་ཤིང་རྗེ་འདིས་ལན་ཕུལ་བས་སྟོང་དཔོན་རིན་པོ་ཆེ་ཐུགས་ཤིན་ཏུ་མཉེས།སྔ་ཕྱིར་ལྟ་བའི་སྐོར་གྱི་དོགས་པ་མང་པོ་ཕུལ་མཐར་ད་ལྟ་དེ་ག་རང་ཡིན་ཞེས་པའི་གསུང་གི་དབུགས་དབྱུང་ཐོབ། རྗེས་སུ་སྟོང་དཔོན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་སྐབས་སྲས་ཀྱི་ཐུ་བོ་འདན་མ་བློ་ཆོས་སྐུ་ཕྲེང་གཉིས་པ་བློ་བཟང་འོད་ཟེར་ཆོས་དབྱིངས་རྒྱ་མཚོའི་ཡོངས་འཛིན་མཛད་དགོས་པའི་གདེང་འཇོག་གནང་། འཇང་དགུན་ཆོས་སུ་དཔེ་ཁྲིད་གནང་མཁན་ཕེབས་པ་བློ་གླིིང་ཙམ་མ་ཟད་གདན་ས་དང་གྲྭ་ཚང་གཞན་དང་གཞན་གྱི་བློ་གསལ་བ་མང་པོ་པད་ཚལ་ལ་བུང་བ་བཞིན་འཁོར། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་ལ་ལུང་དོན་ཟུར་ཙམ་ཡང་མི་བཞག་པའི་ཐོག་ནས་བཟུང་མཚམས་གནང་། སྐབས་ཤིག་སྟོད་མཚམས་སྤྲུལ་སྐུ་རིན་པོ་ཆེ་དང་། མི་ཉག་སྐྱོར་དཔོན་གཉིས་ཀྱིས་རྩོད་པའི་བརྒལ་བརྟག་མཛད་པར། རྗེ་འདིས་ཞལ་ཤགས་ཀྱི་ཚུལ་དུ། ང་བླ་རྒན་རྗེ་ཡབ་སྲས་ཀྱི་གསུང་རབ་ཚིག་ཟུར་ཚུན་ཚད་དང་འགལ་སོང་ན་ཤིང་རྟ་ཆེན་པོ་གཉིས་ལ་སྐྲག་མ་གཏོགས་ཁྱོད་གཉིས་ཀྱིས་སྟག་ངར་ངར་དང་གཟིག་མཆོངས་མཆོངས་བྱེད་པ་ལ་ང་མི་སྐྲག་ཅེས་ཀྱང་གསུངས་མྱོང་སྐད། རྟོགས་པའི་ཡོན་ཏན་ཡང་ཉིན་གཉིས་གསུམ་ཙམ་རེར་ཏིང་ངེ་འཛིན་ལ་བཞུགས་པ་སློབ་མ་འགས་དངོས་སུ་མཐོང་བ་བཤད། མཁས་བཙུན་གྲུབ་པའི་ཡོན་ཏན་སྦས་ཀྱང་ཀུན་གྱིས་མཐོང་བས། བློ་གླིང་མཁན་པོའི་ས་བོན་དུ་བཏང་བར། དགེ་བཤེས་ཆུང་ཁག་མཁན་པོར་གཏོང་རྒྱུའི་ལུགས་སྲོལ་མེད། ང་དགེ་བཤེས་ཆུང་ཁག་བཞག་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། བླ་རྒན་སྡོད་མ་བཅུག་ན་འགྲོ་རྒྱུ་རང་ཡིན་ཞེས་ནན་གྱིས་བཤད། རྒྱལ་དབང་སྐུ་ཕྲེང་སྔ་ཕྱི་དང་། རྗེ་ཕ་བོང་ཁ་པ་བདེ་མཆོ་སྙིང་པོ། ཡོངས་འཛིན་རྣམ་གཉིས་སོགས་དགེ་ལྡན་བསྟན་པའི་སྲོག་ཤིང་འཛིན་པའི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་ཤིན་ཏུ་མང་པོ་མནོས། སྐུ་ཚེ་མ་སྟོང་བར་གཞུང་ཆེན་པོ་འཆད་པའི་མཛད་པ་གཙོ་བོར་གནང་སྟེ་སློབ་མ་ཡང། བློ་གླིང་མཁན་པོ་འཇམ་དཔལ་བསམ་འཕེལ། ཆ་ཕྲེང་རྒྱ་ར་རིན་པོ་ཆེ།་ཆབ་མདོ་རྒྱ་ར་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ། འདན་མ་བློ་ཆོས་སྐུ་ཕྲེང་གཉིས་པ། བྱང་རྩེ་ཆོས་རྗེ་རི་རྫོང་སྲས་རིན་པོ་ཆེ། སྤང་ནང་སྐུ་ཕྲེང་བཞི་པ་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ། རྡོ་བུམ་སྐུ་ཕྲེང་གསུམ་པ། ཟངས་ར་སྐུ་ཕྲེང་གཉིས་པ་བྱམས་པ་རིན་པོ་ཆེ། སྤུག་བླ་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་། གླིང་དགའ་ལྷ་སྤྲུལ་སྐུ། བྲག་མགོ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དོན་འགྲུབ། སྒོ་མང་དཀའ་རམས་སྐྱོར་དཔོན། སྒོ་མང་རོང་ཌིཀ་པ། དགེ་བཤེས་དཔལ་ལྡན་གྲགས་པ་སོགས་ཤིན་ཏུའང་མང་པས་འདིར་ཆེ་ལོང་ཙམ་བཀོད་པས་མཐའ་དག་པ་ནི་འབྲི་བར་མི་ལང་སྟེ། བློ་གླིང་མཁས་པ་གཞན་དང་གཞན་གྱི་ལོ་རྒྱུས་སྐབས་སུ་ཤེས་པར་འགྱུར་རོ། རྩེ་ཕོ་བྲང་དུ་ལོ་ལྟར་ལོ་གསར་ཚེས་གསུམ་ཉིན་༧གོང་ས་ཆེན་པོའི་དྲུང་དུ་ལོ་གསར་རྟེན་འབྲེལ་དང་སྟབས་བསྟུན་ནས་གྲྭ་སའི་དགེ་བཤེས་གྲགས་ཅན་འགའ་ཞིག་གིས་ཚོགས་ལངས་གནང་བའི་སྲོལ་ཡོད་པ་ལྟར་སྐབས་ཤིག་རྗེ་ཉིད་དང་། དགའ་ལྡན་དགེ་བཤེས་ཆོས་འབྱོར་ཞུ་བ་གཉིས་གཞུང་གིས་བཀའ་བསྒྱུར་ལྟར་ཕེབས་ནས་གཞུང་ཆེན་པོའི་གོ་བ་གཙོ་བོར་མཛད་ནས་ཚོགས་ལངས་གནང་བས་དེ་འཁོད་འགའ་ཞིག་དད་པའི་མིག་ཆུ་འཁྲུགས་པ་དང་ད་ལོའི་ཚོགས་ལངས་འདི་ཆེས་རྨད་དུ་བྱུང་སོང་ཞེས་གླེང་མོལ་བྱུང་བ་ཡོངས་གླིང་ཁྲི་ཆེན་རིན་པོ་ཆེས་དངོས་སུ་གསུངས། མཐར་དགུང་གྲངས་རེ་གཉིས་པ་མེ་བྱ་ ༡༩༥༧ ལོར་བོད་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་འབྲས་སྤུངས་སུ་སྐུ་ཞི་བར་གཤེགས་པའི་གདུང་རྟེན་བོད་དུ་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱི་ཚོམས་སུ་བཞུགས།


ཏྲེ་ཧོར་ཟྭངས་ར་མཆོག་སྤྲུལ་བྱམས་པ་ཐུབ་བསྟན།
ཟངས་རྭ་མཆོག་སྤྲུལ་བྱམས་པ་ཐུབ་བསྟན་རིན་ཆེན་མཆོག་གི་སྐུ་ཕྲེང་དང་པོ་ནི་ཧོར་བྲག་མགོ་དཔོན་གྱི་སྐུ་རིམ་པ་བླ་མ་ཉེར་ལྔའི་ནང་ཚན་སློབ་དཔོན་ལས་ཁུར་བ་ཧོར་བླ་བློ་བཟང་ཞེས་པ་དེ་ཡིན་པར་གྲགས་ཤིང་།དེའི་སྐུ་ཕྲེང་གཉིས་པར་གྲགས་པའི་བྲག་མགོ་དགེ་བཤེས་མགོན་པོ་རིན་ཆེན་མཆོག་ནི་ཕྱི་ལོ་ ༡༨༦༠ ཡས་མས་ཤིག་ལ་མདོ་ཁམས་ཏྲེ་ཧོར་བྲག་མགོའི་ནོར་པ་རྒྱ་ཚོགས་ཚང་དུ་ཡབ་སྔོ་ལོ་དང་ཡུམ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་གཞོན་དུས་ནས་ཧོར་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ནས་ཀ་ཁ་དང་ཆོས་སྤྱོད་སོགས་ལ་ལེགས་པར་སྦྱང་། ཕྱིས་སུ་དབུས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཕེབས། ཚད་ལྡན་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་སློབ་གཉེར་དཔྱིས་ཕྱིན་པར་མཛད་མཐར་དགེ་བཤེས་ཀྱི་མཚན་རྟགས་བཞེས། ཕྱིར་རང་ཡུལ་བྲག་མགོ་རུ་ཕེབས་ནས་བྲག་མགོ་དགོན་པའི་མཁན་པོའི་ལས་འགན་བཞེས་ཐོག་དགོན་དེའི་མཚན་ཉིད་གྲྭ་ཚང་གི་འཆད་རྩོད་རྩོམ་གསུམ་དབྱར་མཚོ་ལྟར་རྒྱས་པའི་རླབས་ཆེན་གྱི་མཛད་པ་བསྐྱངས། གཞིས་དགོན་དུ་སློབ་ཁྲིད་བྱེད་སའི་སློབ་མའི་ཁྲོད་ནས་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཚེ་དབང་ནོར་བུ་དང་། དགེ་བཤེས་བསོད་ནམས་མགོན་པོ་སོགས་ཚད་ལྡན་རིགས་པ་སྨྲ་བ་མང་དུ་བྱུང་། ཕྱི་༡༩༣༤ཡན་མན་ཞིག་ལ་དགོངས་པ་གཤེགས།
དེའི་སྐྱེས་སྤྲུལ་ཟངས་རྭ་བྱམས་པ་ཐུབ་བསྟན་རིན་ཆེན་མཆོག་ནི་སྤྱི་ལོ་ ༡༩༣༥ ལོར་ཟླ་བ་ ༡༢ ཚེས་ ༢༥ ཉིན་ཏྲེ་ཧོར་རྟའུ་འགྱིང་རྣམ་གྲོང་དུ་ཡབ་ཚུལ་ཁྲིམས་དང་། ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱི་ལོ་ ༡༩༣༧  ལོར་༸རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པའི་སྐུ་ཡི་ཡོངས་འཛིན་ཕུལ་ལྕོགས་བྱམས་པ་རིན་པོ་ཆེ་མཆོག་ནས་བྲག་མགོའི་དགེ་བཤེས་མགོན་པོ་རིན་ཆེན་གྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་ནས་བྲག་མགོ་ཟངས་རྭ་རི་ཁྲོད་དུ་གདན་དྲངས། སྤྱི་ལོ་ ༡༩༤༡ ལོར་བྲག་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཁྲི་འདོན་མཛད། དགུང་ལོ་བཅོ་ལྔ་པ་ཕྱི་ལོ་༡༩༤༩ ལོར་དབུས་འགྱུར་ལྷ་སར་ཕེབས་ཏེ། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་དང་ཚོགས་ཆེན་དུ་སྤྲུལ་པའི་སྐུའི་མཚན་གནས་བཞེས། ༸གོང་ས་སྐྱབས་མགོན་ཆེན་པོའི་རིགས་ཀྱི་ཅོད་པན་ཁྲི་ཆེན་རྡོ་རྗེ་འཆང་གླིང་ཡོངས་འཛིན་རིན་པོ་ཆེ་དང། ངེས་པ་དོན་གྱི་མཁས་གྲུབ་ཚུལ་ཁང་བླ་མ་རིན་པོ་ཆེ་དང། གཞུང་ལུགས་བརྒྱ་ཕྲག་སྨྲ་བ་ཏྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ་སོགས་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་བྱས། ༧གོང་ས་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས།སྐྱབས་རྗེ་ཟོང་རིན་པོ་ཆེ་སོགས་ཀྱི་ཞལ་སྔ་ནས་དུས་དབང་དང་མདོ་སྔགས་ཀྱི་གསེར་ཆོས་མང་དུ་གསན།སྤྱི་ལོ་ ༡༩༥༩ ལོ་ཟླ་བ་ ༣ པའི་ཚེས་ ༡༧ གྱི་དགོང་མོར་འགོག་ཐབས་བྲལ་བའི་བཙན་གནོན་འོག་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་དགོས་བྱུང། སྤྱི་ལོ་ ༡༩༧༡ ལོར་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་དབུ་འཛུགས་སྐབས་ཚུལ་ཁང་དགེ་ཡེ་ཤེས་ཐུབ་བསྟན་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་དགེ་ལུགས་རྒྱུགས་སྤྲོད་ཕེབས་ཏེ་ ༡༩༧༧ ལོར་གཞུང་ལུགས་རྒྱ་མཚོར་གསན་བསམ་ཕ་མཐར་སོན་པའི་མཚན་རྟགས་དགེ་བཤེས་ལྷ་རམས་ཨང་དང་པོའི་དམ་འཇོག་མཛད། དོན་དམ་གསན་བསམ་ཕ་མཐར་སོན་ན་ཡང་གདན་སའི་སྤྱི་སྲོལ་ལྟར་རྒྱུད་པ་ལ་ཕེབས་པར་ཞལ་གྱིས་ཕྱོགས་ཚེ། སྐྱབས་རྗེ་དམ་པ་ཡོངས་འཛིན་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཞལ་བཞེས་མ་ཐོབ་པར་བརྟེན་གདན་ས་འདིར་གྲྭ་ཚང་རིན་པོ་ཆེའི་ལས་དོན་ཅི་རིགས་ཐོག་ཕྱག་ལས་གནང་བ་དང་ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལན་མང་ཕེབས་སྟེ་དབང་ལུང་མན་ངག་དང་ནང་ཆོས་ཀྱི་འགྲེལ་བཤད་སོགས་གཞན་དོན་རྒྱ་ཆེར་མཛད།  སྤྱི་ལོ་ ༡༩༨༥ ལོར་རང་ཡུལ་དུ་ཕྱིར་ཕེབས་གནང་ནས་བོད་ས་ཡོངས་སུ་གཟིགས་སྐོར་དང་སེར་སྐྱ་སྟོང་ཚོ་མང་པོར་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཅི་འདོད་བསྩལ་བ་དང་།བླང་དོར་བཀའ་སློབ་ཟབ་མོས་ཀུན་གྱི་ཡིད་ཚིམ་པར་མཛད་པས་དད་ལྡན་མང་ཚོགས་ནས་དད་པའི་སྤུ་ལོང་གཡོ་ཞིང་གུས་ཕྱག་དང་གསོལ་སྨོན་འདེབས་པའི་ལེགས་བྱའི་དོན་བཟང་མང་དུ་སྒྲུབ་པའི་སྐལ་བཟང་བྱུང་།  ༢༠༠༥ ལོ་ནས་གྲྭ་ཚང་འདི་ཉིད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་རྒྱ་མཚོ་མཆོག་དབུ་བཞུགས་ཐོག་གྲྭ་ཚང་གི་ཚོགས་འདུ་བ་ཡོངས་ཀྱིས། གཙུག་ལག་ཁང་གསར་བཞེངས་ཀྱི་ཐུགས་འགན་གནང་དགོས་པའི་རེ་བསྐུལ་གནང་དོན་ལྟར་ལོ་དེ་ནས་བཟུང་གཙུག་ལག་ཁང་རྟེན་དང་བརྟེན་པ་ལེགས་གྲུབ་མ་བྱུང་བར་ལོ་ངོ་དུ་མའི་རིང་ཐུགས་འགན་ཆེར་བཞེས་ཀྱིས་ཕྱག་ལས་རྒྱ་ཆེར་གནང་ཏེ་ཕྱི་ལོ་༢༠༠༨ ལོར་བློ་གླིང་སྤྲུལ་པའི་གཙུག་ལག་ཁང་ཞེས་སྙན་པ་ཕྱོགས་ཀུན་ཏུ་གཡོ་བའི་འདུ་ཁང་གསར་པ་མཐོང་ཆོས་སུ་ཡོད་པ་འདི་ཉིད་ལེགས་པར་གྲུབ། རིན་པོ་ཆེ་འདི་ཉིད་ནི་བཙན་བྱོལ་ཁྲོད་དུ་ཀུན་ཀྱིས་ཆ་འཇོག་མཛད་སའི་དབང་ལུང་མན་ངག་དུ་མས་རབ་ཏུ་ཕྱུག་པ་དང་། ངེས་པ་དོན་གྱི་རྣལ་འབྱོར་པ་ཞིག་ཡིན་པར་གྲགས་ཤིང་།ལྷག་དོན་དུའང་སྐྱེ་བོ་མཆོག་དམན་ཡོངས་ལ་ཉེ་རིང་མེད་པར་རྟག་ཏུ་ཕན་པ་རྒྱ་ཆེན་མཛད་མཁན་་ཞིག་ཡིན་སྟབས། སྐྱེ་བོ་མཐོ་དམན་ཀུན་གྱི་སྐྱིད་སྡུག་ཞུ་སའི་དོན་གྱི་ཕ་མ་ཞིག་ཡིན་པར་ཡོངས་སུ་གྲགས། མདོར་ན་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་གཞན་དོན་ཁོ་ནའི་དུས་འདའ་ཞིང་། བོད་རྒྱལ་ལོ་ ༢༡༣༧ ཟླ་བ་ ༡ ཚེས་ ༡༨ དང།  སྤྱི་ལོ༢༠༡༡ ཟླ་བ་ ༤ ཚེས་ ༢༢ ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམས་ཚུལ་བསྟན་ཏེ། ཉིན་གྲངས་མང་པོར་ཐུགས་དམ་ལ་བཞུགས་ཤིང་སྐྱེ་བོ་དུ་མའི་ཡིད་སེམས་ཆོས་ལ་བསྒྱུར་བ་སོགས་ངོ་མཚར་ཤིན་ཏུ་ཆེ་བའི་མཐའ་འཇུག་གི་མཛད་པ་བསྐྱངས། དགོངས་པ་རྫོགས་ཁར་རྗེས་འཇུག་རྣམས་ལ་ཞལ་ཆེམས་སུ།རང་གི་ཆེད་དུ་དགོངས་རྫོགས་འཚོགས་པ་དང་མཆོད་མེ་སྤར་བ་སོགས་བྱེད་མི་དགོས་པ་དང་། རྗེས་སུ་བླ་མའི་ཡང་སྲིད་རྩད་གཅོད་བྱེད་མི་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གྱི་ཕྱག་བྲིས་གནང་། མདོར་ན་དམ་པ་འདི་ནི་བོད་ཕྱི་ནང་དང་མི་སྣ་མཐོ་དམན་ཀུན་གྱི་བརྩི་བཀུར་བྱེད་ཡུལ་གྱི་ངེས་པ་དོན་གྱི་མཛད་རྣམ་རླབས་ཆེན་སྐྱོང་མཁན་ཞིག་ཡིན་པ་སོགས་ཀྱི་རྣམ་ཐར་མདོར་བསྡུས་པའོ།

ཀེའུ་ཚང་སྐུ་ཕྲེང་རིམ་བྱོན།
ཀེའུ་ཚང་འཇམ་དབྱངས་སྨོན་ལམ་ནི་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་སློབ་དཔོན་བཅུ་དྲུག་པ་དེ་ཡིན་ཞིང་། སེ་ར་ནས་ནུབ་ཕྱོགས་སུ་རྒྱང་གྲགས་གཅིག་ཙམ་གྱི་ས་ལ་ཁོང་གི་རི་ཁྲོད་ཡོད་ལ། དེ་རུ་ཐོག་མར་ཤར་རྒྱལ་བ་ཙོང་ཁ་པས་སྒོམ་སྒྲུབ་ཉམས་ལེན་གནང་ས་དང་། རྗེ་ཁོང་གིས་ལེགས་བཤད་སྙིང་པོ་ལྗགས་རྩོམ་གནང་སའི་རི་ཁྲོད་ཀྱང་དེ་ཡིན་ཟེར།ཕྱིས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ཀྱང་སྒོམ་སྒྲུབ་ཀྱི་ཉམས་ལེན་རི་ཁྲོད་དེ་རུ་བྱས་ཡོད།
འདི་ནས་བཟུང་ཁོང་གི་སྐུ་ཕྲེང་རིམ་གྱིས་བྱུང་། ཀེའུ་ཚང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་ཡར་རྒྱས་དཔལ་བཟང་པོ་ནི་དཀར་མཛེས་མཁར་ཤུལ་གྲོང་དུ་ཡབ་ཚེ་བརྟན་དང་། ཡུམ་ཨ་ཚོགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སྐུ་ཞབས་བློ་གྲོས་ཕུན་ཚོགས་ཀྱིས་ཀེའུ་ཚང་དཔོན་སློབ་བྱམས་པ་སྨོན་ལམ་གྱི་ཡང་སྲིད་ངོས་འཛིན་གནང་ཞིང་། དགུང་ལོ་བདུན་ལ་སླེབས་དུས་འཁྲུངས་སར་རྡོ་རྗེ་འཆང་གི་མདུན་དུ་རབ་ཏུ་བྱུང་།དགུང་གྲགས་བཅུ་གཉིས་ཐོག་དབུས་སུ་ཕེབས་ཏེ་མཁས་གྲུབ་དུ་མ་བསྟེན་ཏེ་སྙན་གྲགས་ཀྱི་བ་དན་གཡོ། ཁོང་གི་ལྗགས་རྩོམ་ཡང་ལམ་རིམ་དང་ཐེག་པ་ཆེན་པོའི་བློ་སྦྱོང་ཟུང་དུ་འབྲེལ་བའི་ཉམས་ལེན་ཚོགས་གཉིས་རྒྱ་མཚོར་བགྲོད་པའི་གྲུ་རྫིངས། བླ་མའི་བཀའ་དྲིན་དྲན་པའི་བསྟོད་དབྱངས་དད་པའི་ཆུ་རྒྱུན། འཕོ་བ་ཉམས་ལེན་ཟུང་དུ་འབྲེལ་བའི་མན་ངག་སོགས་པོད་མང་པོ་བརྩམས། དེའི་ཡང་སྲིད་སྐུ་ཕྲེང་གསུམ་པ་དང་བཞི་པ་བྲག་མགོ་སྒང་ཞབས་སུ་ཐེངས་གཉིས་སུ་འཁྲུངས་ཀྱང་ཆུང་དུས་ནས་དགོངས་པ་རྫོགས།
སྐུ་ཕྲེང་ལྔ་པ་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་ནི་ཤར་མི་ཉག་ཤ་ཕོ་ཞེས་པའི་ས་ཆ་རུ་ཡབ་ཨ་ཕོ་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ་གཟིམ་རྒྱབ་རིན་པོ་ཆེས་ཀེའུ་ཚང་གི་ཡང་སྲིད་དུ་ངོས་འཛིན་གནང་། དགུ་ལོ་བཞི་པ་ཤིང་སྤྲེལ་ཟླ་བ་ ༡༡ པའིཚེས་ ༡༦ ཉིན་བྲག་མགོ་སེང་ལྡིང་རི་ཁྲོད་བདེ་ཆེན་བསམ་གཏན་གླིང་དུ་གདན་འདྲེན་ཞུས། དགུང་ལོ་བརྒྱད་ཐོག་བྲག་མགོ་དགོན་པའི་སེང་ཁྲི་མངོན་པར་མཐོ་བའི་སྟེང་དུ་ཞབས་སོར་འཁོད་ཅིང་། གཞུང་ལུགས་ལ་གསན་བསམ་གྱིས་དབུགས་ཚུགས། བླ་མ་འདི་ཆོས་ལུགས་རིས་མེད་གནང་མཁན་ཞིག་ཡིན་སྟབས་བོན་སྤྲུལ་ཟླ་བ་རྒྱལ་མཚན་ནམ་འཇམ་དབྱངས་རྒྱ་མཚོ་སོགས་ས་དགེ་བཀའ་རྙིང་བོན་དང་བཅས་པའི་སྐྱེས་ཆེན་དུ་མ་བྱམས་ཀྱིས་བསྐྱངས།

ཀེའུ་ཚང་སྐུ་ཕྲེང་དྲུག་པ།
ཏྲེ་ཧོར་ཀེའུ་ཚང་སྐུ་ཕྲེང་གོང་མ་རྣམས་ནི་སེ་ར་ནས་ཕེབས་པ་ཤ་སྟག་ཡིན་ཞིང་སྐུ་ཕྲེང་དྲུག་པ་བསྟན་འཛིན་དགེ་ལེགས་རྣམ་རྒྱལ་ནི་ཕྱི་ལོ་༡༩༦༦ ལོར་ལྷ་ས་བསྟན་རྒྱས་གླིང་དུ་ཡབ་བློ་བཟང་ཚེ་དབང་དང་། ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༧གོང་ས་སྐྱབས་མགོན་ཆེན་པོས་ཀེའུ་ཚང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དད་ལྡན་སློབ་བུ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་གདན་དྲངས་ཏེ་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་དང་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་མནོས། ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཉི་མ་སོགས་ཀྱི་ཞབས་ལ་གཏུགས་ཏེ་བསྡུས་རྟགས་དང་ཕར་ཕྱིན་ལ་སྦྱང་བརྩོན་བྱས། ཕྱི་ལོ་༡༩༩༥ ལོར་ཕྱིར་བོད་ལ་ཕེབས་ནས་བྲག་མགོ་དང་། རྟའུ། མི་ཉག་སོགས་ཡུལ་གྲུ་དུ་མའི་སྐུ་གོང་མའི་སྐབས་ཀྱི་ཆོས་འབྲེལ་ཅན་དུ་མ་ལ་ཐུག་འཕྲད་དང་། དབང་ལུང་སོགས་བསྩལ། ཕྱི་ལོ་༡༩༩༦ ལོར་སླར་ཡང་རྒྱ་གར་འབྲས་སྤུངས་ལ་ཕྱིར་ཕེབས། སྔ་ཕྱི་༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་དུས་དབང་དང་དབང་ལུང་མན་ངག་རྒྱ་ཆེར་ཞུས། །

པོད་ལྔ་བ་བློ་བཟང་བསམ་གཏན་ནི། མདོ་ཁམས་ཏྲེེ་ཧོར་བྲག་མགོར་རབ་བྱུང་བཅོ་ལྔ་པའི་ནང་སྐུ་འཁྲུངས། ཆུང་དུས་ནས་ཧོར་བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་ཕྱག་བཏབ་པའི་ཧོར་བྲག་མགོ་ཆོས་སྒར་དུ་ཞུགས་ནས་ཡི་གེ་འབྲི་ཀློག་དང་སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ཀུན་ལ་མཁས་པར་སྦྱངས།བྲག་དཀར་པཎྡི་ཏ་ལས་རབ་ཏུ་བྱུང་བ་དང་། དགེ་ཚུལ་སྒྲུབ་པའི་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ།གཞུང་ཆེན་པོད་ལྔའི་རྩ་བ་ཀུན་བློ་ཐོག་བཟུང་། ཆོས་སྡེ་དེར་བྲག་དཀར་པཎྜི་ཏས་ལྗགས་རྩོམ་གནང་བའི་བསྡུས་གྲྭ་བློ་རྟགས། རྣམ་འགྲེལ། དབུ་ཕར། འདུལ་མཛོད་བཅས་ཀྱི་ཡིག་ཆའི་སྟེང་ནས་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་གཞན་འདྲིང་མི་འཇོག་པའི་མཁས་པར་བསླབས་ཏེ་ཆོས་སྒོ་དེར་དགེ་བཤེས་དམ་འཇོག་མཛད། ཏྲེ་ཧོར་ཁུལ་དུ་དགེ་བཤེས་དམ་འཇོག་མཛད་མཁན་ཐེངས་དང་པོ་དེ་འདི་ཉིད་ཡིན་ནོ། །
སྔགས་ཀྱི་བསྐྱེད་རྫོགས་སོགས་ཀྱང་རྗེ་འདིའི་ཡིག་ཆའི་སྟེང་ནས་བསླབས་ཏེ་མདོ་སྔགས་གཉིས་ཆར་མཁས་པའི་ཡང་རྩེར་སོན་པར་གནང་ཡོད་སྐད།
ཕྱིས་སུ་དབུ་འགྱུར་ལྷ་སར་ཕེབས་ཏེ་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་སྒྲིག་ལ་ཞུགས། རྗེ་འདིས་རྟགས་བསལ་གྱི་བགྲོ་གླེང་གནང་སྐབས་ལུང་རིགས་ཀྱི་རྩལ་རྫོགས་པར་མ་ཟད་སྐུ་དང་གསུང་གི་ཉམས་འགྱུར་ཡང་གཞན་གྱི་ཡིད་དབང་འཕྲོག་ནུས་པ་ཞིག་ཡོད་པར་གྲགས།
དགེ་བཤེས་ཆུང་ཁག་གི་དམ་བཅའ་ཞུས་ནའང་ལྷོ་པ་མཁན་པོ་བློ་བཟང་ཡེ་ཤེས་ཀྱིས་དགེ་བཤེས་ཆེ་ཁག་གི་དམ་འཇོག་དགོས་པའི་བཀའ་གནང་བ་ལྟར་ལྷ་ལྡན་སྨོན་ལམ་སྐབས་སུ་དགེ་བཤེས་ལྷ་རམས་པའི་མཚན་སྙན་བཞེས།
༸གོང་ས་བཅུ་ག་གསུམ་པ་ཆེན་པོ་དང་།སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་དུ་མར་ཞུས། གསུང་ལས་སྐྱེས་པའི་སློབ་མ་ཡང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་མཚན་ཞབས་རྒྱལ་བློ་བཟང་དོན་ལྡན། བྱ་བྲལ་གྲུབ་པའི་དབང་ཕྱུག་ཏྲེ་ཧོར་སྐྱོར་དཔོན་དང་། ཕ་ར་མཁན་ཆེན་པདྨ་རྒྱལ་མཚན་སོགས་རྒྱན་དྲུག་སླར་ཡང་བྱོན་འདྲའི་མཁས་གྲུབ་དུ་མ་བསྐྱངས། མཐར་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ ༡༩༣༣ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། །

བྲག་དཀར་ཡོངས་འཛིན་ཡེ་ཤེས་ནོར་བུ།
བྲག་མགོ་དགེ་བཤེས་ཡེ་ཤེས་ནོར་བུ་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོར་ཏྲེ་ཧོར་བྲག་མགོ་ནོར་པར་ཡབ་ཨུ་རྒྱན་རིག་འཛིན་གྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནང་ཁྱིམ་ཤིན་ཏུ་འཚོ་ཐབས་ཞན་པ་དང་ཡབ་དང་སྤུན་རྒན་པ་གཉིས་ཀས་རྒྱུན་དུ་རི་དྭགས་གཤོར་བར་ཐུགས་སུན་ནས་བྲག་མགོ་དགོན་དུ་ཞུགས། གཞི་དགོན་དེའི་ཆོས་སྤྱོད་ཆོ་ག་དང་ཡི་གེ་འབྲི་ཀློག་སོགས་ལ་བསླབས། དགུང་ལོ་ཉི་ཤུ་པ་༡༩༢༠ ལོར་དབུས་ལམ་དུ་ཞུགས་ནས་གདན་ས་འབྲས་སྤུངས་བློ་གླིང་ཏྲེ་ཧོར་ཁང་ཚན་དུ་ཞུགས། ཐོག་མར་དཔེ་ཆ་ལ་དེ་ཙམ་སྦྱོང་བརྩོན་མ་མཛད་པར་རྡབ་རྡོབ་ཚོ་དང་མཉམ་དུ་བསྡེབས། བར་ལམ་ནས་ཁྱིམ་གྱི་སྤུན་མཆེད་རྒན་པ་འདས་གྲོངས་སོང་བའི་གཏམ་ཐོས་པ་དང་། དེའི་རྐྱེན་ལྟ་བུ་བྱས་ཏེ་སློབ་གཉེར་ལ་བརྩོན་པ་ཤིན་ཏུ་བྱས་ཏེ་ལྟོ་གོས་གཉིས་ཀ་ལ་གྱོང་གུད་བཏང་ནས་ལོ་མང་གཞུང་ཆེན་ཁག་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་བསླབས། སྐབས་དེར་རྩམ་པ་མཆོད་རྒྱུ་མེད་པར་རྩམ་ཁུག་ལྡག་པ་དང་། སྐུ་ཤ་ཤིན་ཏུ་བསྐམས་ནས་འཁྲུངས་ཡུལ་གཅིག་པ་ཞིག་གི་ས་ནས་དངུལ་ཅུང་ཟད་གཡར་ཡང་རྗེས་ནས་བུ་ལོན་འཕྲོད་མིན་གྱི་དོགས་པ་ལྟ་བུས་མ་གཡར་བ་དེས་ཡིད་འབྱུང་ནས་མེ་ཏོག་བཅུད་ལེན་བསྒྲུབས། ཟླ་བ་གཉིས་ལྷག་སྐེ་རགས་ཀྱང་མ་བཀྲོལ་བར་སློབ་གཉེར་གནང་། ཆུ་ལེན་པ་དང་མེ་སྤར་དུས་སོགས་ཀྱང་དཔེ་ཆའི་དཀའ་གནད་ལ་གཡེངས་ནས་མེ་ཤི་བ་སོགས་ཀྱང་བྱུང་འདུག ཁོང་གི་དཔེ་འཁྲིད་དགེ་རྒན་འདན་མ་སྟོང་དཔོན་རིན་པོ་ཆེ་ཡིན་འདུག ཁོང་གིས་རྒྱུན་ལྡན་དམ་བཅའ་ཆེན་པོ་ལྟ་བུའི་ནང་རྟགས་བསལ་རིགས་ལམ་འཕངས་ནས་མངོན་ཆེན་མི་གནང་ཡང་དགེ་ཕྲུག་འགྲན་ཟླ་བྲལ་བའི་མཁས་པ་མང་པོ་བྱུང་བ་ལ་བརྟེན་ནས་གདན་ས་ཆེན་པོའི་ནང་རང་བཞིན་གྱིས་མཁས་པའི་མཚན་སྙན་འབར། ཚུལ་ཁང་བླ་མ་དང་འཛིན་གྲྭ་གཅིག་པ་ཡིན། ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་གྲྭ་སར་སློབ་གཉེར་གནང་སྐབས་འཚོ་ཆས་ཤིན་ཏུ་བཀྲེན་པར་རྗེ་དམ་པ་འདི་ཉིད་བྲག་དཀར་ཡོངས་འཛིན་ཡིན་སྟབས་འགྲོ་ལ་ཕན་ཐོགས་པའི་ལུང་བསྟན། གྲྭ་སར་བྲག་དཀར་བླ་བྲང་ནང་ཆོས་རྒྱལ་གྱི་འདམ་སྐུ་ཞིག་བཞེངས་ནས་མཆོད་སྒྲོམ་དུ་བཤམས་པ་དེ་ཉིད་རྗེས་མར་ཆེན་པོ་ཆགས་ནས་མཆོད་སྒྲོམ་ལས་ཕྱིར་བཏོན་ཐབས་མེད་པར་ཡང་བྱུང་སྐད། བྲག་དཀར་སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་དང་། བྲག་མགོ་དགེ་བཤེས་པོད་ལྔ་པ་པཎ་ཌི་ཏ་བློ་བཟང་བསམ་གཏན། མཁས་པའི་དབང་པོ་ལྡན་མ་བློ་བཟང་ཆོས་དབྱིངས། འདན་མ་སྟོང་དཔོན་ཡེ་ཤེས་ཆོས་འགྲུབ་སོགས་མཁས་གྲུབ་དུ་མའི་ཞབས་དྲུང་ནས། གཞུང་ལུགས་ཀུན་ལ་ཐོས་བསམ་རྒྱ་ཆེར་མཛད་པས་མཁས་པར་གྱུར། བྲག་དཀར་པཎྜིཏ་སྐུ་ཕྲེང་བཞི་པའི་ཡོངས་འཛིན་མཛད་པས་བྲག་དཀར་ཡོངས་འཛིན་དུ་གྲགས། ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་དང་། སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ། ༧གོང་ས་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་སོགས་ལས་ཆོས་སྐོར་རྒྱ་ཆེར་ཞུས། འདིས་གཅོད་ཀྱི་ཐོག་ཉམས་ལེན་རྒྱུན་གནང་མཛད་འདུག སྐྱབས་རྗེ་ཁང་གསར་རིན་པོ་ཆེའི་དྲུང་ལམ་རིམ་ཆེན་པོའི་བཀའ་འཁྲིད་གནང་སྐབས། ཁྱོད་ཚོས་མ་གོ་བ་འདྲ་ཡོད་ན་ཏྲེ་ཧོར་ཡེ་ཤེས་ནོར་བུ་ལ་དྲིས་ཞེས་གསུངས་སྟབས། གདན་སའི་ལམ་རིམ་ཉམས་ལེན་པ་ཚོས་ཀྱང་མཐོང་ཆེན་པོ་བྱེད་པར་མངོན། གདན་སར་བཞུགས་དུས་འཇིགས་བྱེད་ཀྱི་ཞལ་མངོན་སུམ་གྱིས་གཟིགས་པའང་བཤད། བཀའ་རམས་དམ་བཅའ་ཚར་ནས། ལྷ་རམས་དམ་བཅའ་བཞག་ལོང་མ་བྱུང་བར་འདན་མ་སྟོང་དཔོན་རྒྱ་ཡུལ་དུ་ཕེབས་ཕྱིན་འཇལ་འདོད་ཀྱིས་གཞིས་ཕྱོགས་སུ་ཕེབས་སྐབས་ཆབ་མདོར་སླེབས་སྐབས་སྟོང་དཔོན་རིན་པོ་ཆེ་ཞི་བར་གཤེགས་པ་ཐོས། དེ་ནས་ཕ་ཡུལ་དུ་ཕེབས། བྲག་མགོ་དགོན་དུ་ལྷ་རམས་པ་ལས་གཞན་པས་མཁན་པོ་གནང་མི་ཆོག་ཀྱང་དམ་པ་འདི་ཉིད་ཀྱི་སྐུ་ཡོན་ཀུན་གྱིས་རྩོད་མེད་དུ་ཤེས་གསལ་ལྟར་ཀེའུ་ཚང་རིན་པོ་ཆེས་དམིགས་བསལ་གྱིས་བྲག་མགོ་དགོན་པའི་མཁན་པོ་དང་རིམ་གྱིས་ཁྲི་པའི་གནས་ལ་བཀོད་དེ་འགྲོ་དོན་རྒྱ་ཆེར་བསྐྱངས།
 ༸གོང་ས་མཆོག་རྒྱ་ནག་ཏུ་ཕེབས་སྐབས་རང་དགོན་དུ་འཇིགས་བྱེད་བསྙེན་མཚམས་ལ་བཞུགས་ཡོད་འདུག གུང་ཁྲན་གྱིས་བཅོས་བསྒྱུར་བྱས་རྗེས་འཁྲུངས་ཁྱིམ་འབྲོག་དུད་ཡིན་སྟབས་རི་ཁར་རྫི་བོ་དང་ཞིང་སྲུང་སོགས་གནང་། སྐབས་དེར་ལས་དག་འགའ་ཞིག་གི་མཐོང་སྣང་ལ་ལྭ་བ་དཀར་པོ་གྱོན་མཁན་དང་གླང་གོག་དམར་པོ་དེ་འདྲ་ཁོང་གི་འཁྲིས་ལ་སྡོད་ཡོད་པ་བྱུང་། སྲིད་ཇུས་ཅུང་ལྷོད་སྐབས་གདུལ་བྱ་ཤིན་ཏུ་མང་པོ་འདུས་པར་གེགས་སེལ་བོགས་འབྱིན་གྱིས་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་། གདོན་འདྲེ་ཞུགས་རིགས་ཚོར་རྗེ་འདི་ཉིད་ཤིན་ཏུ་གཉན་པ་དང་། ཐ་ན་གསང་ཆབ་ཀྱང་ཡུལ་མི་ཚོས་ཧབ་ཐོབ་ཀྱིས་ཁྱེར་ནས་བཏུང་ན་ནད་རིམས་སོགས་ལ་ཕན་པ་དེང་སང་བར་ཤིན་ཏུ་གྲགས་ཆེ། དགེ་ཕྲུག་དམ་པ་བློ་བཟང་དོན་འགྲུབ་ཞྭ་གྱོན་ཡིན་པའི་སྐབས་ལྐོག་ཏུ་མཇལ་འཕྲད་ཀྱིས་གྲྭ་ས་ནང་བཞིན་གཞུང་ཆེན་པོའི་དཀའ་གནད་ཁག་ལ་བགྲོ་གླེང་ཡང་ཡང་གནང་། ༡༩༨༢ ལོར་སྐུ་ཞི་བར་གཤེགས། དམ་པ་འདིས་གདན་ས་འབྲས་སྤུངས་སུ་སློབ་མ་མང་པོ་བསྐྱངས་མྱོང་ཡང་དགོངས་པ་རྫོགས་ཡུལ་ཕ་ཡུལ་རང་ཡིན་པར་ངེས།

བྲག་མགོ་དགེ་བཤེས་ཚུལ་ཁྲིམས་ཕུན་ཚོགས་ནི།
རབ་བྱུང་བཅུ་གསུམ་པའི་སྨད་ཙམ་དུ་ཧོར་བྲག་མགོར་འཁྲུངས། ཆུང་དུས་ནས་དབུས་སུ་བྱོན་ཏེ་གདན་ས་འབྲས་སྤུངས་མཁས་མང་བློ་གསལ་གླིང་དུ་ཞུགས་ནས། བསྡུས་གྲྭ་ནས་བཟུང་གཞུང་ཆེན་ཁག་ལ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་གསན་བསམ་མཛད་པས་མཁས་པའི་གོ་ས་བརྙེས། ལྷ་ལྡན་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་དང་། དེ་མོ་འཇིགས་་མེད་རྒྱ་མཚོ། ཁྲི་ཆེན་བསྟན་པ་རབ་རྒྱས། ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས། ཨ་མདོ་ཤིང་བཟའ་སྤྲུལ་སྐུ། རྡོ་རྗེ་འཆང་འཇམ་དབྱངས་བླ་མ་རིན་པོ་ཆེ། ཁྲི་ཆེན་ངག་དབང་ཆོས་འཕེལ། དངུལ་ཆུ་ངྷརྨ་བྷ་དྲ་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གསེར་ཆོས་རྒྱ་ཆེར་མནོས། རྒྱུད་དུ་ཞུགས་ནས་རྒྱུད་སྡེ་རྒྱ་མཚོར་འཆད་ཉན་རྒྱ་ཆེར་བྱས། རང་ཡུལ་ཏྲེ་ཤོད་བྲག་མགོར་ཕེབས་ནས་ལམ་བྲག་བླ་མ་བསྐལ་བཟང་རྣམ་རྒྱལ་དང་། སྟོང་སྐོར་འཇམ་དཔལ་དགེ་འདུན་རྒྱ་མཚོ་སོགས་ལས་དབང་ལུང་མན་ངག་རྒྱ་ཆེར་ཞུས་ནས་ཀུན་སྤངས་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དེར་བརྟེན་ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་དབྱངས་ཅན་སྙེམས་པའི་ལང་ཚོས། རྗེ་འདི་ཉིས་ལ་ཀུན་སྤངས་གྲུབ་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ཞེས་བསྔགས་བརྗོད་རྒྱ་ཆེར་གནང་བར་མ་ཟད། རྡོ་རྗེ་འཆང་འཇམ་དབྱངས་བླ་མ་རིན་པོ་ཆེ་དང་ཕན་ཚུན་བླ་སློབ་གཉིས་ཀར་གྱུར་པའི་མཁས་གྲུབ་ཆེན་བོ་ཡིན་སྟབས། རབ་བྱུང་བཅུ་གཞི་པའི་ཆུ་ལུག་༡༨༢༣ལོར་རྗེ་འདི་ཉིད་རྫ་ཁོག་ཏུ་ཕེབས་སྐབས་གྲ་སྒྲིག་གང་ལེགས་དང་གཟིམ་ཆུང་དུ་གདན་དྲངས་ཏེ། དཔལ་མགོན་ཞལ་བཞི་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐོར་གྱི་རྗེས་གནང་དང་ཆོས་བཀའ་མང་དུ་ཞུས། དེ་ལ་མཁོ་བའི་རྟེན་གྱི་འཁོར་ལོ་དང་ཙག་ལི་སོགས་ཉིད་ནས་ཕྱག་བྲིས་མཛད། སྐུ་ཡོན་དང་བསྐོར་བ་མཛད་རིང་གི་གསོལ་རྒྱགས་སོགས་ཀྱང་གཟབ་འབུལ་ཞུས། ཆོས་རྗེ་རིན་པོ་ཆེ་སྔོན་དུ་གཟིམ་ལམ་ཞིག་རྨིས་པ་རྗེ་ས་པཎ་སྐུ་གཟུགས་རིང་པོ་ས་ཞུ་གསོལ་བ་ཞིག་ལས་ཚེ་དབང་གནང་བ་ཞིག་རྨིས་པ་རྗེ་འདི་ཉིད་ལ་ལྟ་བ་དགོངས་པས་ས་པན་གྱི་སྤྲུལ་པ་ཡང་ཡིན་སྲིད་སྙམ། དགོན་གསར་དགོན་པའི་དགེ་བཤེས་རབ་འབྱམས་པ་སྐལ་བཟང་གིས་ཞུས་པ་ལྟར། དགོན་དེར་རྫ་ཁོག་དགེ་ལྡན་པའི་གྲྭ་ཕལ་ཆེར་འདུས་པའི་དབུས་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་པའི་དབང་ཆེན་བསྐུར། མདོ་ཁམས་སྤྱི་དང་ལྷག་པར་ཏྲེ་ཤོད་ད་ར་ཁ་ལྔའི་ཡུལ་གྲུ་ཀུན་ཏུ་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོར་ཕན་པའི་རླབས་ཆེན་བསྐྱངས། སློབ་མ་ཡང་མདོ་དབུས་ཁམས་གསུམ་དུ་འཕྲིན་ལས་ཉི་ཟླ་ལྟར་གསལ་བའི་རྡོ་རྗེ་འཆང་འཇམ་དབྱངས་བླ་མ་རིན་པོ་ཆེ། རྭ་ལོའི་རྣམ་འཕྲུལ་ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་མཐུ་སྟོབས་དབྱངས་ཅན་སྙེམས་པའི་ལང་ཚོ། ལམ་བྲག་སྐུ་ཕྲེང་གསུམ་པ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང་སྣང་ངོ་།

བྲག་མགོ་དགེ་བཤེས་ཨ་ཙི་ཙི།
བྲག་མགོར་འཁྲུངས། ཆུང་དུས་གྲོོང་པའི་སྤྱི་རྫི་གཡོག་པོ་བྱས་ནས་དགུང་ལོ་ཆེན་པོའི་བར་བསྡད་རྗེས། གཞི་ནས་གྲྭ་སར་ཕེབས་ཏེ་བློ་གླིང་ཏྲེ་ཧོར་ཁམས་ཚན་དུ་ཆོས་ཞུགས་གནང། གཞུང་ཆེན་ཁག་ལ་ཐོས་བསམ་རྒྱ་ཆེར་བྱས། ལྷ་ལྡན་སྨོན་ལམ་ཆེན་པོའི་སྐབས། སེ་རའི་མཁས་པ་ཚོས་འདུལ་བ་དཀྲུགས་མ་མུ་བཞི་བསྒྲིགས་ནས་བཏང་བར་ཆགས་ཐོགས་མེད་པའི་གསུང་ལན་གནང་བ་ལ་བརྟེན་ནས་གདན་ས་གསུམ་གར་མཁས་པའི་མཚན་སྙན་འབར། ལྷ་རམས་དམ་བཅའ་གྲུབ་རྗེས་གཞི་དགོན་དུ་ཕེབས་ནས། རྒྱུན་དུ་འཇིགས་བྱེད་ཀྱི་ཞལ་ཐང་ཞིག་བསྣམས་ཏེ་མཆོད་མེ་ཆད་མེད་སྦར་བ་དང། རྒྱུན་ལྡན་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་སོགས་ཐོས་བསམ་ཉམས་ལེན་ཟུང་འབྲེལ་གནང་། རྒྱུན་དུ་གཟིགས་སྣང་ལ་འཇམ་དབྱངས་ཀྱི་ཞལ་གཟིགས་པའི་གྲང་བ་ལྟ་བུས་ཨ་ཙི་ཙི་ཞེས་ཡང་ཡང་གསུང་བྱོན་པས་ཨ་ཙི་ཙི་ཞེས་པའི་མཚན་ཆགས་པར་བཤད། བྲག་དཀར་པཎྜིཏ་བྲག་མགོ་རབ་བརྟན་རྣམ་རྒྱལ་གླིང་དུ་སྨོན་ལམ་བླ་མར་གདན་དྲངས་ཚུལ་གྱི་ལོ་རྒྱུས་བྲག་དཀར་རྣམ་ཐར་ནང་གསལ། མཐར་གཞིས་དགོན་རང་དུ་སྐུ་ཞི་བར་གཤེགས།

བྲག་མགོ་དགེ་བཤེས་བློ་བཟང་དོན་འགྲུབ་བམ་བློ་ལོ་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ཤིང་བྱི་སྤྱི་ལོ་༡༩༢༤ལོར་བྲག་མགོ་ནོར་པ་སྡེ་ཤོག་ཏུ་ཡབ་ཁ་ཤུལ་བསོད་ནམས་བཀྲ་ཤིས་དང་ཡུམ་བ་ལོ་གཉིས་ཀྱི་སྲས་སུ་འཁྲུངས། རང་ལོ་བཅུ་གཅིག་ཐོག་བྲག་དགོན་རབ་བརྟན་རྣམ་རྒྱལ་གླིང་གི་ཆོས་གྲྭ་ལ་ཞུགས་ཏེ་ལོ་དྲུག་གི་རིང་ལ་ཞྭ་སེར་བསྟན་པའི་སྲོལ་བཞིན་ཀློག་སློབ་གཉེར་བྱས་ཀྱང་དེ་ཙམ་གྱིས་ཐུགས་མ་ཚིམ་པར་རིག་གཞུང་ཟབ་མོ་དག་ལ་གནད་ཕིགས་པ་ཞིག་སྦྱང་དགོས་དགོངས་ཏེ། སྤྱི་ལོ་ ༡༩༤༡ ལོར་རང་ལོ་བཅུ་བདུན་ལ་གདན་ས་ཆེན་པོ་འབྲས་སྤུངས་སུ་བྱོན། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་ལྟ་བུའི་དམ་པའི་སྐྱེས་བུ་བླ་མ་དབུ་མ་པའི་སྐུ་སྐྱེས་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་། དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཚེ་དབང་ནོར་བུ་དང་། ལྷ་རམས་པ་ཡེ་ཤེས་ནོར་བུ་དང། ཚུལ་ཁང་མཁན་པོ་ཡེ་ཤེས་ཐུབ་བསྟན་དང་། བྲག་མགོ་དགེ་བཤེས་བསོད་ནམས་མགོན་པོ་རྣམས་ལ་བསྟེན་ནས་ལོ་ཧྲིལ་པོ་བཅོ་བརྒྱད་ལ་དུས་ཐུང་ངུ་ཙམ་ཞིག་ཀྱང་ཆུད་ཟོས་སུ་མི་གཏོང་བར་གཞུང་པོ་ཏི་ལྔ་སོགས་ནང་ཆོས་ཀྱི་གཞུང་ལུགས་མཐའ་དག་གསན་སྦྱོང་ལེགས་པར་མཛད་ནས་གྲྭ་ས་རིགས་པའི་རྒྱ་མཚོའི་དབུས་ན་ལུང་རིགས་སེངྒེའི་ང་རོ་བསྒྲགས་པས་མཁས་མང་དགྱེས་པའི་མཆོད་སྤྲིན་དུ་གྱུར། རང་ལོ་སོ་ལྔ་ས་ཕག་སྤྱི་ལོ་༡༩༥༩ ལོའི་དུས་འགྱུར་སྐབས་ནས་བཟུང་དཀའ་སྡུག་ཚད་མེད་མྱངས། བྲག་དགོན་རབ་བརྟན་རྣམ་རྒྱལ་གླིང་དུ་སླར་ཡང་ཞབས་པད་བཀོད་དེ་འགྲོ་མང་དག་ལ་དམ་ཆོས་ཀྱི་བགོ་བཤའ་འགྱེད་པས་བསྔགས་བརྗོད་ཀྱི་མེ་ཏོག་ཀུན་ལ་ཁྱབ་པ་བྱུང་། དེ་རྗེས་དུས་ཀྱི་འགྱུར་བ་ལ་བརྟེན་ནས་དགུན་གྱི་ཁུ་བྱུག་ལྟར་ལོ་མང་རབས་ཤིག་ལ་མི་སྨྲ་བའི་བརྟུལ་ཞུགས་བཟུང་སྟེ་བཞུགས་དགོས་པ་བྱུང། སྤྱི་ལོ༡༩༨༡ ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སྡེ་དགེ་རྫོགས་ཆེན་དུ་བཙུགས་སྐབས་རྗེ་འདི་ཉིད་གདན་འདྲེན་ཞུས་ཏེ་ལོ་ལྔར་མཁས་མང་རྒྱུ་སྐར་དབུས་ནས་ནང་ཆོས་ཀྱི་འགྲིན་པ་གཟེངས་སུ་བཏེགས་ཏེ་ལུང་རིགས་ཀྱི་རྔ་བོ་ཆེ་དྲག་ཏུ་བརྡུངས་པས་གངས་ཕྲུག་གཉིད་ལས་བསླངས་ཏེ་ཤེས་རབ་སྒྲོན་མེས་མདུན་ལམ་སྣང་བར་བྱས། སྤྱི་ལོ་༡༩༨༥ནས་༡༩༩༥བར་བྲག་དགོན་རབ་བརྟན་རྣམ་རྒྱལ་གླིང་དུ་མཁན་པོ་ལོ་དྲུག་དང་ཚོགས་ཆེན་ཁྲི་པ་ལོ་གསུམ་བཅས་ལོ་དགུ་ལ་འགན་གཙང་བཞེས་གནང་། ཞོར་དུ་སྤྱི་ལོ༡༩༨༧ ལོར་སི་ཁྲོན་ནང་བསྟན་སློབ་གྲྭར་ཚད་མའི་སློབ་ཁྲིད་གནང་བར་ཕེབས། སྤྱི་ལོ༡༩༨༨ ལོར་ཁང་གསར་སྐྱབས་མགོན་དང་ཀླུ་སྦྱིན་དགེ་བའི་བཤེས་གཉེན་བློ་བཟང་འཇམ་དབྱངས་གཉིས་ཀྱིས་གདན་དྲངས་པ་ལྟར་དཀར་མཛེས་དགོན་དུ་ཕར་ཚད་ཀྱི་དཔེ་འཁྲིད་གནང་བར་ཕེབས། སྤྱི་ལོ༡༩༩༦ལོར་མཁན་ཆེན་ཆོས་གྲགས་ཀྱིས་བཏབ་པའི་ནང་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དང་མགར་ཐར་དགོན་གྱི་ཆོས་གྲྭ་རྣམས་སུ་ཕེབས་ནས་ཆོས་ཁྲིད་རྒྱ་ཆེན་གནང། མདོར་ན་དམ་ཆོས་གསེར་ཞུན་བཙོ་མ་དག་རྒྱུ་དང་འབྱོར་བ། ཐོབ་དང་གོ་ས། རྙེད་དང་བཀུར་བསྟིའི་ཆེད་དུ་མ་བཏང་ནས། བོད་ཕྲུག་བརྒྱ་ཕྲག་མང་པོ་ཤེས་བྱ་ལ་བརྩོན་པར་འདོད་ཀྱང་ཆོས་མཐུན་གྱི་འཚོ་བ་དཀོན་པ། ཁ་དྲག་གི་འབྲེལ་བ་མེད་པའི་ཉམ་ཆུང་སྙིང་རྗེའི་ཡུལ་ལ་ལྷག་པར་ཐུགས་བརྩེ་བ་ཆེན་པོས་གཟིགས་སྐྱོང་གནང་སྟེ་ཤེས་རིག་གི་ཟེགས་མ་ལྷུག་སྩོལ་མཛད། མགར་ཐར་དུ་མཚན་ཉིད་སློབ་གཉེར་གསར་འཛུགས་གནང། བྲག་མགོ་དགོན་དུ་མཚན་ཉིད་སློབ་གྲྭ་གསར་འཛུགས་དང་། བྲག་དགོན་གྱི་མཁན་པོ་དང་ཁྲི་པ་གཉིས་ཀར་ལངས། མདོ་སྨད་ཁུལ་དང་རྨི་ལི་སྐྱབས་མགོན་ནས་གདན་འདྲེན་ཞུས་ཀྱང་ཕེབས་མ་ཐུབ། ལྷ་སྒང་དུ་དཔེ་ཁྲིད་གནང་སྐབས་ཙ་ར་ཆོས་གྲགས་ཞེས་མཁས་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིད་འཕྲོག་སྟེ་ཆོས་ཞུས་པ་དང་བྲག་དགོན་སློབ་གྲྭར་རྒྱ་སྒོར་ ༡༠༠༠༠ ཞལ་འདེབས་གནང། རྗེས་སུ་དགེ་ལུགས་པ་ཞིག་ཏུ་སྐྱེ་རྒྱུའི་སྨོན་ལམ་འདེབས་རོགས་ཞུས་པ་སོགས་ཡ་མཚན་པའི་རྣམ་ཐར་མང་། ཚུལ་ཁང་བླ་མས་གཞིས་ཀྱི་མི་དམངས་དཀྱུས་མ་ཚོ་བློས་མ་བཏང་ནས་རྗེས་སུ་འཛིན་དགོས་པའི་བཀའ་ལུང་ཕེབས་དོན་བཞིན་ཕ་ཡུལ་གཞིས་གྲོང་ཁག་ཀུན་ཏུ་སྨྱུང་གནས་བཙུགས་ནས་ལོ་རེ་རེ་བཞིན་མང་ཚོགས་ཀྱི་ཁམས་དང་འཚམས་པའི་བཀའ་ཆོས་རྒྱ་ཆེར་གནང།  གསེར་རྟ་མཁན་པོ་སྒར་དུ་རབ་གནས་ཆེན་པོ་འཚོགས་སྐབས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་གདན་དྲངས་ནས་མཁན་ཆེན་རང་དང་མཉམ་པའི་ཁྲི་བརྩེགས་ཏེ་བསྔགས་བརྗོད་རྒྱ་ཆེེར་གནང་། རྗེ་འདི་ཉིད་ཀྱི་མཁས་བཙུན་བཟང་པོའི་ཡོན་ཏན་ལ་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་མཛད་པ་ལ་བརྟེན་ནས་ཡུལ་མི་དད་ལྡན་རྣམས་གསར་རྙིང་གི་ཕྱོགས་ཞེན་མེད་པར་དོ་སྣང་ཕྱོགས་མེད་སྦྱངས་པར་ཕན་རླབས་རྒྱ་ཆེར་བྱུང། བྲག་དགོན་རབ་བརྟན་རྣམ་རྒྱལ་གླིང་དུ་ཆོས་གྲྭའི་དབུ་འཛིན་གནང་བ་དང་། དེ་ནས་མཁན་ཁྲིར་ཕེབས་ཏེ། མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། གསུང་ལས་སྐྱེས་པའི་སློོབ་མ་ཡང་དེང་རབས་ཀྱི་འཛམ་གླིང་མཛེས་པའི་རྒྱན་གཅིག་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་གྲགས་པ་དང་། ཤར་པ་ཆོས་རྗེ་ཕུ་ཁང་དགེ་བཤེས་བློ་བཟང་བསྟནན་འཛིན་སོགས་གནའ་རབས་ཀྱི་མཁས་པ་དང་། ཤར་པ་ཆོས་རྗེ་ཕུ་ཁང་དགེ་བཤེས་བློ་བཟང་བསྟན་འཛིན་སོགས་གནའ་རབས་མཁས་པ་དང་། སྐུ་ཚ་ཚོགས་སྤྲུལ་འཕྲིན་ལས་དོན་འགྲུབ་སོགས་དེང་དུས་ཀྱི་བློ་གསལ་མཁས་པ་ཤིན་ཏུ་མང་པོ་བསྐྱངས། སྤྱི་ལོ༢༠༡༡ལོར་ཞི་བར་གཤེགས།

ཏྲེ་ཧོར་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་གི་རྣམ་ཐར།
ཏྲེ་ཧོར་དགེ་བཤེས་དཔལྡན་གྲགས་པ་མཆོག་ནི་ཕྱི་ལོ་༡༩༣༣ས་བྱ་ལོའི་ཟླ་བ་༦པའི་ཚེས་༤ཉིན་མདོ་ཁམས་ཏྲེ་ཧོར་བྲག་མགོའི་གད་པ་གྲོང་དུ་ཡབ་བཀྲིས་ཚེ་རིང་དང་ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཅུ་གསུམ་ཐོག་ཧོར་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་དེའི་སྒྲིག་འོག་ནས་སློབ་སྦྱོང་གི་དབུ་ཚུགས། བྲག་མགོ་ཀེའུ་ཚང་རིན་པོ་ཆེའི་སྐུ་མདུན་ནས་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་སྡོམ་བཞེས།དུས་ཡུན་མི་རིང་བར་ཆོས་སྤྱོད་སོགས་ཚེགས་མེད་དཔྱིས་ཕྱིན་པར་མཁྱེན་པས་དགོན་དེའི་མཚན་ཉིད་གྲྭ་ཚང་ལ་འཛུལ་ཞུགས་གནང་། ཚུལ་གསུམ་རིགས་ལམ་ལ་སྦྱོང་བརྩོན་བྱེད་སྐབས་རྣམ་དཔྱོད་འགྲན་ཟླ་བྲལ་བ་ལྷན་སྐྱེས་སུ་ཡོད་པའི་ངང་ཚུལ་མངོན་པར་གསལ་བས། དགོན་དེའི་མཁན་ལས་ཟུར་དང་། མཚན་ཉིད་དགེ་རྒན། གཞན་ཡང་དགེ་བཤེས་སོགས་མཁས་པ་དུ་མས་རྗེ་འདིའི་ཐུགས་རིག་ལ་བསྔགས་པའི་མེ་ཏོག་གི་བསྟོད་ཆར་ཡང་ཡང་བསྙིལ། སྐབས་དེ་དུས་ནས་གངས་ལྗོངས་རིག་པ་སྨྲ་བ་སྟོང་གི་གཙུག་རྒྱན་དུ་གྱུར་པའི་རིགས་ལམ་གྱི་རྨང་གཞི་བརྟན་པོ་བཏིང་། གཞིས་དགོན་དུ་ཆོས་ར་འགྲིམ་པའི་དུས་སུ་རྗེ་འདི་དང་ན་ཚོད་མཉམ་ཞིང་རྩོད་གྲྭ་གཅིག་པའི་རིག་པ་སྨྲ་བ་གང་མང་གིས་རྗེ་འདིའི་རྩོད་ལན་དགག་བཞག་སྤོང་གསུམ་བྱེད་པའི་རིགས་ལམ་དང་།གཞུང་དོན་གོང་འོག་བསྒྲིལ་བའི་གོ་བ་སོགས་ཀྱིས་ཡིད་ཕྲོགས་ཏེ་དད་པའི་སྤུ་ལོང་གཡོ་བ་སོགས་མང་དུ་བྱུང་ཞེས་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལས་དངོས་སུ་ཐོས།
ཕྱི་ལོ་༡༩༤༩ ལོར་ཆོས་གྲྭ་དེའི་མཚན་ཉིད་པ་སྤྱི་མཚུངས་ལྟར་རིགས་ལམ་ཕྲ་མོའི་རྨང་གཞི་དང་། ཡི་གེའི་ཕྱི་མོ་ཀ་ཁ་སློབ་སའི་གཞིས་དགོན་དེ་ལ་རེ་ཞིག་གྱེས་ཕྱག་ཞུས་ཏེ་དབུས་འགྱུར་ལྷ་སའི་ཕྱོགས་སུ་ཕེབས་ཐོན་མཛད། གངས་ལྗོངས་རྩོད་གྲྭ་ཡོངས་ཀྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་། མཁས་གྲུབ་གཉིས་ལྡན་གྱི་སྙན་པ་གོ་ལ་ཧྲིལ་པོའི་ཕྱོགས་ཀུན་ན་གཡོ་བའི་ཚུལ་ཁང་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་མཆོག་དང་། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་རྗེ་བཙུན་ཚེ་དབང་ནོར་བུ་མཆོག མཁས་པའི་ཁྱུ་མཆོག་ཆེན་པོ་དགེ་བཤེས་བསོད་ནམས་མགོན་པོ། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དོན་འགྲུབ་སོགས་འགྲན་ཟླ་དཀོན་པའི་བཤེས་གཉེན་དུ་མར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། ཚད་མ་རྣམ་འགྲེལ་དང་། དབུ་ཕར་སོགས་འཕགས་བོད་ཀྱི་གཞུང་ལུགས་བརྒྱ་ཕྲག་མང་པོའི་དགོངས་པའི་བཅུད་དང་དགག་བྱའི་མཚམས་སོགས་ལ་བླ་མའི་མན་ངག་བཞིན་སྐྱེས་སྟོབས་རྫོགས་པའི་ཤེས་རབ་ཀྱིས་དཔྱད་ཞིབ་དང་། ཚད་མར་འོས་པའི་མདོ་བསྟན་གྱི་རྒྱབ་ལྗོངས་བཙལ། རྗེ་འདི་ཕར་ཕྱིན་འཛིན་གྲྭའི་སྐབས་ནས་གཟུ་བོར་གནས་པའི་བློ་གྲོས་ཀྱི་རང་གཤིས་དང་དཀའ་གནད་དཀྲོལ་བའི་རིགས་པའི་རྣོ་ངར་སོགས་ཐུགས་ལ་མངའ་བས་ན་གོང་འཁོད་བཤེས་གཉེན་རྣམས་དང་། ལྷག་པར་དུ་ཁམས་ཚན་སོ་སོར་ཚོགས་ལངས་ཀྱི་གྲྭ་སྐོར་མཛད་མཁན་གང་མང་གིས་བསྔགས་བརྗོད་ཀྱི་མེ་ཏོག་མཁས་མཆོག་འདིའི་མཛེས་པའི་རྒྱན་དུ་བཀོད། སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་དང་། མཁས་པའི་ཁྱུ་མཆོག་ཕ་ར་དགེ་ཉི་མ་རྒྱལ་མཚན་སོགས་དགེ་བཤེས་ལྷ་རམས་པའི་ལས་ཐོག་སྐབས། ཁང་ཚན་སོ་སོར་དམ་འཇོག་མཛད་སྐབས་རྗེ་འདིས་ལུང་རིགས་ཟུང་དུ་འབྲེལ་བའི་རྟགས་གསལ་གྱིས་མཁས་མཆོག་དེ་དག་དགྱེས་པའི་མཆོད་སྤྲིན་ཕུལ་བར་བརྟེན། ཕྱི་ཉིན་ཆོས་གྲྭའི་ནང་དུ་བསྔགས་བརྗོད་ཡང་ཡང་གནང་བ་ལྟ་བུ་མང་དུ་བྱུང་།འཇང་དགུན་ཆོས་སུ་གདན་སའི་མཁས་དབང་བརྒྱ་ཕྲག་གི་དབུས་སུ་རྟགས་གསལ་གཏོང་བ་དང་ལན་འདེབས་གནང་བ་སོགས་ནི་བགྲངས་ཀྱིས་ག་ལ་ནུས། དགུང་གྲངས་ཉེར་གསུམ་ཐོག་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གི་སྤྱན་སྔར་ནས་ཚིགས་ཕྱི་མ་དགེ་སློང་གི་སྡོམ་པ་ལེགས་པར་མནོས། ཕྱི་ལོ་༡༩༥༩ལོར་རྒྱ་ནག་དྲག་པོའི་སྲིད་གཞུང་གིས་བོད་ཡུལ་བཙན་བཟུང་བྱེད་སྐབས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་ནས་སྔར་གྱི་སློབ་གཉེར་ཟབ་མོའི་འཕྲོས་མཐུད་གནང་། ཕྱི་ལོ་ ༡༩༦༩ ལོར་༧ གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་ཆོས་སྡེ་ཆེན་པོ་དེ་ཉིད་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོས་བྱེད་སྐབས་གྲྭ་རྐྱང་སློབ་གཉེར་བ་དཀྱུས་མ་རྣམས་དང་ལྷན་དུ་ལྷོ་ཕྱོགས་འབྲས་སྤུངས་ཆོས་སྡེ་རུ་ཕེབས་ནས་ཤག་སྐོར་མཁན་ཟུར་རིན་པོ་ཆེ་རྒན་ཉི་མ་རྒྱལ་མཚན་དང་དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁང་ཡེ་ཤེས་ཐུབ་བསྟན་སོགས་མཁས་པའི་ཁྱུ་མཆོག་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་དབུ་ཕར་དང་འདུལ་མཛོད་སོགས་ལ་འཕགས་བོད་ཀྱི་གཞུང་ལུགས་དུ་མའི་ཐོག་ནས་ཞིབ་ཅིང་ཕྲ་བའི་བརྩོན་པ་རྒྱུན་མར་བསྟེན།བར་ལམ་ཝ་ཎཱ་བོད་ཀྱི་མཐོ་སློབ་ཏུ་ཞུགས་ནས་ཕྱི་ནང་རིག་གནས་དུ་མར་སྦྱང་བརྩོན་དང་?ུས་རབས་གསར་པའི་གནས་བབ་ལ་རྒྱུས་ལོན་ལེགས་པར་གནང་ཐོག་མཐོ་སློབ་དེ་ནས་སློབ་མཐར་ཕྱིན་སྐབས་ཨཱཙཱརྱཱའི་ཨང་དང་པོའི་ཕྱག་ཁྱེར་ཐོབ།སྔ་ཕྱི་མི་ལོ་ཉི་ཤུ་ལྷག་གི་རིང་དཀའ་སྤྱོད་ངལ་བ་ཁུར་དུ་བླངས་ཤིང་རྒྱ་བོད་ཀྱི་གཞུང་ལུགས་མི་འདྲ་བ་བརྒྱ་ཕྲག་མང་པོའི་དགོངས་པའི་མཐིལ་རྟོལ་བའི་དཔྱད་ཞིབ་རྩེར་སོན་བྱས་པའིའབྲས་རྟགས་སུ། ཕྱི་ལོ་༡༩༧༥ ལོར་ལྷ་ལྡན་སྨོན་ལམ་ཆེན་པོའི་སྐབས་བྱེས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་གྱི་མཁས་དབང་རྒྱུ་སྐར་ལྟར་འདུས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འབུལ་བཞེས་མཛད། མཁས་དབང་རིག་པ་དང་ལྡན་ཞིང་གཟུ་བོར་གནས་པའི་སྐྱེས་མཆོག་གྲངས་ཀྱིས་མི་ལངས་པར་དགྱེས་པའི་མཆོད་སྤྲིན་རྒྱ་ཆེར་བཤམ། རྗེ་འདིས་གཞུང་ལུགས་ཆེ་འབྲིང་གང་ཡིན་ཡང་དེའི་མཐིལ་རྟོལ་བ་ལ་ཆགས་ཐོགས་མི་མངའ་ཞིང་། གཞུང་དོན་གོང་འོག་ལྷུ་སྒྲིལ་བ་དང་། ལུང་འདྲེན་མི་འདྲ་བའི་གོ་དོན་འགལ་མེད་དུ་འཇོག་པ་སོགས་མཁས་པའི་ཆེ་རྒུ་དུ་མ་ཡིས་རྒྱན་པར་བྱས་པ། དྲང་དོན་རིགས་པས་ཕྱེས་ཤིང་ངེས་དོན་བཅུད་དུ་ལེན་པ་སོགས་ཤིན་ཏུ་ཕྲ་བའི་རིགས་ལམ་གྱི་རྩལ་འབུར་དུ་དོན་པས་ན་མཁས་པ་མཁས་པའི་དབུས་ན་མཛེས་ཞེས་པ་ལྟར་ཚད་ཐུབ་འོས་པའི་མཁས་པའི་སྙན་གྲགས་ཚད་ལྡན་རྩོད་གྲྭ་ཀུན་ལ་ཡོངས་སུ་ཁྱབ། མཚན་སྙན་གྱི་བ་དན་ཕྱོགས་བཞིར་གཡོ་བཞིན་པའི་སྐབས་དེར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ན་ཡོད་པའི་བོད་ཁང་དབུ་འཛིན་གྱིས་གདན་དྲངས་པ་ལྟར་བོད་ཁང་གི་ཕྱག་ལས་ཡུན་རིང་གནང་པ་དང་། བོད་ཀྱི་རིག་གཞུང་ཉམས་ཞིབ་པ་དང་། མཚན་ཉིད་རིག་པ་སྨྲ་བར་གྲགས་པའི་ཕྱི་གླིང་པ་སོགས་མི་རིགས་སྣ་ཚོགས་ལ་བོད་གངས་ཅན་པའི་ཁྱད་ནོར་ཟབ་མོས་ཡིད་ཚིམས་པར་བྱས།དུས་ཡུན་དེའི་རིང་ལ་ནུབ་ཕྱོགས་ཡུ་རོབ་དང་ཨ་རི་སོགས་སུ་ཕེབས་ནས་ཚན་རིག་པ་གྲགས་ཅན་དང་བསམ་བློ་བ་སོགས་ནུབ་ཕྱོགས་ན་སྙན་གྲགས་ཆེ་བའི་མཁས་དབང་མང་པོར་ནང་པའི་ལྟ་གྲུབ་ཟབ་མོ་རིགས་པས་རྩལ་དུ་བཏོན་ནས་འགྲེལ་བརྗོད་གནང་བས། བོད་གངས་ཅན་པའི་ཁྱད་ནོར་རིག་གཞུང་དེ་འཛམ་གླིང་རིག་གཞུང་ཀུན་གྱི་ཡངས་རྩེར་བསྙེགས་པ་ཀུན་ལ་ཤེས་སུ་བཅུག བོད་ཁང་གི་ཕྱག་ལས་རྒྱ་ཆེར་གནང་བཞིན་པའི་ཐོག་འདུལ་བའི་གཞི་གསུམ་དང་འབྲེལ་བའི་དཔྱད་རྩོམ། གཞི་གསུམ་གསལ་བྱེད་ལེགས་བཤད་ལུང་རིགས་དགའ་ཚལ་དང་།དབང་པོ་རབ་འབྲིང་གི་དང་བ་སྐྱེས་ཚུལ་ལས་འཕྲོས་པའི་ལེགས་བཤད་དད་པའི་མཛེས་རྒྱན་གཉིས་ལྗགས་རྩོམ་མཛད། རྗེ་འདི་མཚན་ཉིད་རིགས་པ་ཙམ་མ་ཟད་ཐུན་མོང་བརྡ་སྤྲོད་རིག་གནས་ལ་ཡང་ཤིན་ཏུ་མཁས་པ་ཞིག་ཡིན་ཐོག་རྟགས་ཀྱི་འཇུག་པའི་དུས་གསུམ་གྱི་འགྲོ་ལུགས་རིགས་པའི་རྩལ་དུ་བཏོན་ཏེ་གསུང་ཚུལ་ངོ་མཚར་ཆེ་བ་ཡོད་པ་སྟེ།  དཔེར་ན། ད་ལྟ་བ་ལ་དུས་གསུམ་དང་། མ་འོང་པ་ལ་དུས་གསུམ་། འདས་པ་ལ་དུས་གསུམ་ཕྱེས་ནས་སྔོན་གྱི་དཔེ་རྙིང་སོགས་ན་བཞུགས་པའི་མིང་ཚིག་སྟོང་ཕྲག་མང་པོ་འགལ་མེད་དུ་འཇོག་ཐུབ་པ་སོགས་འཆད་ཚུལ་ཐུན་མོང་མ་ཡིན་པ་ཡོད་པར་ད་ལྟ་སྙན་གྲགས་ཆེ་བའི་བརྡ་སྤྲོད་སྨྲ་བ་རྣམས་ལ་ཡོངས་སུ་གྲགས། གདན་སའི་སློབ་བུ་རྣམས་ལ་བརྡ་སྤྲོད་རིག་གནས་ཀྱི་དཀའ་གནད་སོགས་དུས་ཚིགས་དང་བསྟུན་ཏེ་འཆད་ཁྲིད་གནང། ཕྱི་ལོ་༡༩༨༨ ལོར་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཟབ་མོ་སྤྱི་བོའི་ཅོད་པཎ་ཏུ་ཕེབས་པ་ལྟར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཕེབས་ཏེ་འཇམ་མགོན་ཡབ་སྲས་ཀྱི་གཞུང་ལུགས་གཙོ་བོ་དང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ་སོགས་ཀྱི་སྟེང་ནས་གདུལ་བྱ་བརྒྱ་ཕྲག་མང་པོར་དམ་པའི་ཆོས་ཀྱི་འཆད་ཁྲིད་གནང་། རྗེ་འདི་ཡིས་གསུང་རབ་གང་ཞིག་འཆད་ཁྲིད་གནང་ཡང་གསུང་རབ་དེའི་དཀའ་གནད་ཀྱི་མཐིལ་རྟོལ་བ་དང་། དངོས་ཤུགས་ཀྱི་བསྟན་དོན་གསལ་བར་འཆད་པ། གོང་འོག་གི་མཚམས་སྦྱོར་འབྲེལ་མཐུད་པ་སོགས་གང་གི་ཐད་ལ་ཡང་ཆགས་ཐོགས་མི་མངའ་བ་མ་ཟད། རིགས་པས་དཔྱད་ཞིབ་ཟབ་ཅིང་ཚིག་གི་གོ་དོན་ལེགས་པ། ལུང་གི་རྒྱབ་ལྗོངས་བརྟན་པ་སོགས་ཤིན་ཏུ་ནས་ངོ་མཚར་ཆེ་བའི་ཁྱད་ཆོས་བླ་རུ་འབར་པས། བློ་གླིང་གྲྭ་ཚང་གི་སློབ་གཉེར་བ་ཙམ་མ་ཟད། སྒོ་མང་དང་། དགའ་ལྡན། ས་སྐྱ་དང་།  བཀའ་རྒྱུད་སོགས་ཆོས་ལུགས་རིས་སུ་མ་མཆིིས་པའི་དཔྱོད་ལྡན་ཤིན་དུ་མང་པོས་རྗེ་འདིའི་སྐུ་དྲུང་ནས་འཆད་ཁྲིད་ཞུ་བཞིན་པ་དང་།རིས་སུ་མེད་པའི་རྩོད་གྲྭ་ཀུན་ན་རྗེ་འདིའི་ཐུན་མོང་མིན་པའི་རིགས་ལམ་གྱི་འགྲོས་དང་།དཀའ་གནད་ཁག་གི་འཛིན་མཚམས་ལ་གདེངས་འཇོག་མཐོན་པོའི་སྙན་གྲགས་ཤིན་ཏུ་རྒྱས་པས། དོན་གཉེར་ཅན་གྱི་སློབ་བུ་ཚོགས་ཉིན་རེ་བཞིན་དུ་དབྱར་གྱི་མཚོ་མོ་བཞིན་དུ་འཕེལ་ཁ་རྒྱས། རྗེ་འདིས་དབུ་མ་རྩ་འགྲེལ་དང། འཇམ་མགོན་བླ་མའི་གསུང་གི་གཙུག་རྒྱན་ལེགས་བཤད་སྙིང་པོ་དང་། ལེགས་བཤད་གསེར་ཕྲེང་། རྩ་་ཤེས་ཊིཀ་ཆེན། འཇུག་པའི་ཊིཀ་ཆེན་སོགས་འཆད་ཁྲིད་གནང་སྐབས་འགྲན་པའི་ཟླ་དང་བྲལ་ཞིང་རིགས་ཚུལ་ངོ་མཚར་ཆེ་བ་ཞིག་ཡོད་སྟབས། མཁས་པ་བརྒྱ་ཕྲག་དུ་མའི་ཡིད་སེམས་རབ་ཏུ་ཕྲོགས་ཏེ་རྗེ་འདིའི་དངོས་སློབ་ཏུ་གྱུར་པ་ཤིན་ཏུ་མང།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྟོང་ཉིད་ཀྱི་དགག་བྱ་དང་།འགོག་བདེན་གྱི་སྐོར་ལ་བཀའ་འདྲི་ཟབ་མོ་གནང་བའི་ལན་དུ་རྗེ་འདིས་རང་ཉིད་ཀྱི་རིགས་པའི་དཔྱད་ངོ་ན་ཐུགས་རྟོགས་གང་འཆར་བ་རྣམས་དད་གུས་སྟོང་གིས་བཏེགས་ཏེ་གང་གི་སྙན་ལ་ཕུལ་བར་བརྟེན། ༧སྐྱབས་མགོན་གང་གི་ཞལ་ནས་རིགས་པ་སྨྲ་བ་དངོས་གནས་རེད་འདུག་ཅེས་བསྔགས་བརྗོད་ཀྱི་གསུང་མཆོག་དགེ་འདུན་སྟོང་ཚོ་འདུས་བའི་དབུས་སུ་ཡོངས་བསྒྲགས་གནང་། 
ལྷག་པར་ཏུ་ཕྱི་ལོ་ ༢༠༠༩ ལོར་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དུ་༸གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གིས་ལྷ་མོའི་རྗེས་གནང་དང་། ༸གོང་ས་མཆོག་རང་གིས་ལྗགས་རྩོམ་གནང་བའི་རྩ་བ་ཤེས་རབ་ཀྱི་འགྲེལ་པའི་བཀའ་ལུང་གནང་སྐབས་༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་དྲོན་མོ་ནས་དགེ་འདུན་སྟོང་ཚོགས་འདུས་པའི་དབུས་སུ་དགེ་དཔལ་ལྡན་གྲགས་པ་དང་།དགེ་རྣམ་རྒྱལ་དབང་ཆེན་རྣམ་གཉིས་ཀྱིས་ལོ་མང་རིང་གདན་སར་བཞུགས་ཏེ་དཔེ་ཁྲིད་འཆད་ཁྲིད་གནང་བར་ངེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།དགེ་རྣམ་པ་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་ད་རེའི་ལུང་འདི་གནང་བ་ཡིན་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་རབ་ཏུ་འཐོར། སྔ་ཕྱི་དུ་མར་ཕ་ཡུལ་ཏྲེ་ཧོར་མི་མང་ལ་དོལ་རྒྱལ་སྐོར་ལ་དམ་བསྒྲགས་ནན་པོར་བྱེད་དགོས་པའི་གསུང་འཕྲིན་དང་བཀའ་སློབ་མང་དུ་གནང་། ཕྱི་ལོ་༢༠༠༣ ལོར་ཨ་རིའི་བློ་གླིང་ཆོས་ཚོགས་ཀྱིས་མཁས་དབང་རིག་པའི་ཕྱོགས་ཕེབས་ཀྱིས་གདན་ཞུ་ལྟར་ཨ་རིའི་གྲོང་ཁྱེར་ཆེ་ཁག་དུ་མར་ཞབས་ཀྱིས་བཅགས་ནས་སེམས་ཙམ་པ་དང་དབུ་མའི་ལྟ་གྲུབ་ལས་བྱུང་བའི་རྟེན་འབྱུང་ཕྲ་རགས་སྐོར་ལ་འགྲེལ་བརྗོད་རྒྱ་ཆེར་གནང་ཞིང་། དེང་དུས་ཀྱི་ཚད་རིག་མཁས་དབང་མང་པོ་དང་ལྷན་དུ་ཕན་ཚུན་གོ་རྟོག་ཟབ་མོ་སྤེལ་རེས་ཀྱིས་ནང་བསྟན་རིན་པོ་ཆེ་ཡུན་རིང་དུ་བཞུགས་པའི་ཚེ་སྲོག་ལ་སྨན་པའི་མཛད་པ་རྒྱ་ཆེར་བསྐྱངས།ཕྱི་ལོ་༢༠༠༨ལོར་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་འཁྲོལ་འོག་ཀོ་རེ་ཡ་ལ་ཕེབས་ནས་ཡུལ་དེའི་མི་མང་དང་དེར་འདུས་པའི་མི་རིགས་མི་འདྲ་བ་གང་མང་ལ་ནང་ཆོས་ཀྱི་བཀའ་ལུང་དང་འཆད་ཁྲིད་གནང་ཞིང་། བརྙན་འཕྲིན་དང་གསར་ཤོག་བརྒྱུད་བོད་ཀྱི་རིག་གཞུང་ཟབ་མོ་དར་སྤེལ་གནང་། རྗེ་འདི་ནི་འཆད་རྩོད་རྩོམ་གསུམ་ཁོ་ན་ལས་ནོར་ལོངས་སྤྱོད་སོགས་ལ་ནམ་ཡང་ཐུགས་སྣང་མི་མཛད་མཁན་ཞིག་ཡིན་པས་ཕན་བདེའི་འབྱུང་རྩ་བསྟན་པ་རིན་པོ་ཆེ་སྤྱི་ལ་ཞལ་འདེབས་གནད་དུ་སྨིན་པ་ཞུས་ཐུབ་པའི་འབྲས་རྟགས་སུ་བསྟན་པའི་མངའ་བདག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡི་རངས་བསྔགས་བརྗོད་ཡང་ཡང་གནང་བ་སོགས་གསེར་དངུལ་གྱིས་རི་བོ་སྤུངས་ཀྱང་གཞལ་དུ་མེད་པའི་རླབས་ཆེན་གྱི་རྣམ་ཐར་རྣལ་མ་བསྐྱངས། ད་ལྟ་གདན་ས་ཆེན་པོ་འདིར་གཞུང་ཆེན་གྱི་དཀའ་གནད་འཆད་ཁྲིད་བྱེད་པ་དང།མཁས་མང་བློ་གླིང་གྲྭ་ཚང་གི་ལོ་ལྟར་འཛིན་དང་པོའི་དོགས་དཔྱོད་སྐབས། དབུ་ཕར་དང་། རྣམ་འགྲེལ་གྱི་དཀའ་གནད་དྲི་བ་ཁག་ལ་དོགས་སེལ་གྱིས་ལན་འདེབས་གནང་བ། གཞུང་ཆེན་ཁག་ལ་དཀའ་གནད་དོགས་སློང་། གཞུང་དོན་དོགས་དཔྱོད་བྱེད་ཚུལ་སྐོར་ལ་གདན་ས་ཆེན་པོའི་སྲོལ་བཟང་དང་འབྲེལ་བའི་ལམ་སྟོན་དང་།སྙན་གྲགས་ཆེ་བའི་དགེ་བཤེས་གསར་བུ་པ་དག་ལ་བློ་གླིང་གྲྭ་ཚང་ནས་གཤེགས་པའི་སྔོན་གྱི་བཤེས་གཉེན་དག་གིས་ཞལ་གདམས་སོགས་ཐུགས་བརྩེ་བ་ཆེན་པོས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་སོགས་བསྟན་པ་དང་འགྲོ་བ་ལ་སྨན་པའི་ནང་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐུགས་ཁུར་རྐང་བཞེས་ཐོག་གདན་ས་ཆེན་པོ་འདིར་འཚོ་ཞིང་བཞུགས་བཞིན་པ་དང་། རྗེ་འདིའི་གསུང་རྩོམ་ལ་ཡང་ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན་དང་།ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན།སྟོང་ཉིད་ཀྱི་དགག་བྱའི་སྐོར་ལ་དོགས་དཔྱོད་གནད་བསྡུས།བདག་འཛིན་ཕྲ་རག་སྐོར་དོགས་དཔྱོད་གནད་བསྡུས།ཚུལ་གསུམ་སྐོར་དོགས་དཔྱོད་གནད་བསྡུས། དམ་ཆོས་སྣང་བའི་སྒྲོན་མེ། ལེགས་བཤད་དད་པའི་མཛེས་རྒྱན་།གཞི་གསུམ་གསལ་བྱེད་ལེགས་བཤད་ལུང་རིགས་དགའ་ཚལ་སོགས་དཔེ་དེབ་དུ་མ་དང་།གཞན་ཡང་དུས་དེབ་སོགས་སུ་བཀོད་པའི་གསུང་རྩོམ་ཐུང་ངུ་བོད་ཀྱི་ཆོས་དང་རིགས་གཞུང་ལ་སྨན་པའི་ལེགས་བཤད་བཅུ་ཕྲག་འགའ་བཞུགས་ཡོད། ད་ལྟ་གདན་ས་ཆེན་པོ་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་འཆད་ཁྲིད་གནང་མཁན་གྱི་དཀྱིལ་ཀ་ལྟ་བུ་གནང་སྟེ་དགེ་ཕྲུག་སྟོང་ཕྲག་མང་མོ་བསྐྱངས་དང་སྐྱོང་བཞིན་འཚོ་ཞིང་བཞུགས་པ་ལགས་སོ། །
སྤྲུལ་པའི་དབུ་མཛད་འཇམ་དབྱངས་མཆོག་ནི། སྤྱི་ལོ་ ༡༩༧༠ ལོར་ཧོར་བྲག་མགོ་དགོན་པའི་ལྷ་སྡེ་ནོར་པ་གཡང་སྡེ་ཕྱུག་མོ་རུ་ཡབ་མདོ་སྔགས་ཉི་མ་དང་ཡུམ་ཞེས་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སྐུ་ན་ཆུང་དུས་ནས་བྲག་མགོ་དགོན་པའི་སྒྲིག་ཁོངས་སུ་ཞུགས་ཏེ་ཤེས་ཡོན་གྱི་བགོ་སྐལ་ཐོབ།ཆུང་བྱིས་དུས་ནས་སོར་མོའི་འདུ་བྱེད་དང་།ངག་གི་འགྱུར་ཁུག་གཞན་ལས་ཁྱད་འཕགས་པ་ཞིག་ཡོད་པས་ཀེའུ་ཚང་མཆོག་སྤྲུལ་རིན་པོ་ཆེ་ནས་དམ་པ་ཁོང་བྲག་མགོ་དགོན་པའི་ཚོགས་ཆེན་དབུ་མཛད་དང་།བཀའ་བཅུ་དགོན་པ་སྐྱབས་གྲྭ་ཚང་དབུ་མཛད་དུ་བསྐོ་བཞག་གནང་།ད་དུང་དམ་པ་ཁོང་གི་སོར་མོའི་འདུ་བྱེད་ཀྱིས་བརྐོས་པའི་བྲག་མགོ་དགོན་པའི་འདུ་ཁང་གི་ཀ་བ་སོགས་དང་།ཇོ་བོ་རིན་?ོ་ཆེའི་བཞུགས་ཁྲིའི་སྒྱུ་རྩལ་འབུར་བརྐོས་དང་།ཁྱད་དུ་འཕགས་པའི་ལག་རྩལ་གྱིས་འདམ་གྱི་ལྷ་སྐུ་ཆེ་ཆུང་དུ་མ་གསར་བསྐྲུན་བྱས།བྲག་མགོ་དགོན་པ་གསར་བཞེངས་སྐབས་སུ་བཟོ་རྐོ་སོགས་ཀྱི་འགན་ཁུར་གཙོ་བོར་གནང་སྟེ་ཡུལ་ལུང་གི་མི་སེར་ཚོའི་སེམས་ལ་རེ་སྒུག་གི་འཕར་ལྡང་གཡོ་བཞིན་པའི་ཧོར་བྲག་མགོ་དགོན་པ་གསར་བཞེངས་ལ་ལེགས་སྐྱེས་འབུར་དུ་དོན་པའི་མཛད་འཕྲིན་བསྐྱངས། དམ་པ་ཁོང་གིས་དམིགས་བསལ་དགེ་རྒན་བསྟེན་མྱོང་མེད་ཀྱང་འདམ་གྱི་ལྷ་བཟོ་དང་།བརྐོ་སོགས་སྒྱུ་རྩལ་གྱི་གསོན་ཉམས་ཁྱད་པར་བ་ཞིག་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྲུབ། དེར་བརྟེན་དམ་པ་ཁོང་ལ་སྤྲུལ་པའི་དབུ་མཛད་ཅེས་བསྔགས་པར་བྱེད།
ལོ་རྒྱུས་བཤད་སྲོལ་ལྟར་ན་བྲག་མགོ་དགོན་པའི་ཆོས་ར་གོང་མའི་ནང་དུ་ཤིན་ཏུ་བཀའ་གཉན་པའི་ཆོས་རྒྱལ་དུག་སྤྲུལ་ནག་པོ་ཞེས་པ་ཞིག་ཡོད་པ་དེ་ཞིག་གསོ་གནང་རན་ཡིན་ཡང་སུ་གང་གིས་ལག་པ་འཆང་ཕོད་མཁན་མེད།བླ་མ་དབུ་མཛད་ལ་མཚན་གཅིག་རྨི་ལམ་ནང་དུ འོད་ཟེར་གྱིས་རབ་ཏུ་བརྒྱན་ཅིང་འཇོ་སྒེག་གི་ཟུར་མིག་གཡོ་བའི་རྗེ་བཙུན་སྒྲོལ་མ་ཞིག་རྨིས་པ་དང་།སྒྲོལ་མ་དེ་ལས་འོད་ཟེར་ཕྱོགས་བཞིར་འཕྲོས་པ་སོགས་རྟགས་མཚན་ཁྱད་པར་བ་ཞིག་བྱུང་སྟབས་བླ་མ་ཁོང་གི་ཐུགས་དགོངས་ལ་ཆོས་རྒྱལ་འདི་ཞིག་གསོ་གནང་ན་མི་འགྲིགས་པ་མེད་དགོངས་ཏེ།ཞིག་གསོ་གནང་བ་དང་། ཕྱིས་སུ་རང་བྱུང་དུ་བཟོ་བརྐོ་སོགས་ཀྱི་སྒྱུ་རྩལ་ཁྱད་པར་བ་མང་པོ་ཞིག་ཤེས་པར་གསུངས་འདུག བླ་མ་དབུ་མཛད་ཁོང་གི་བསྟན་པ་ཉག་ཕྲ་བའི་སྐབས་སུ་བྲག་མགོ་དགོན་པའི་མགོ་མཇུག་ཆ་ཚང་གསར་སྐྲུན་བྱེད་པར་འགན་ཁུར་གཙོས་གྲས་གནང་སྟེ།བསྟན་པ་དང་འགྲོ་བའི་དོན་དུ་ཕྱི་ནང་གི་ལས་འགན་ཡོངས་སུ་གྲུབ་པ་དང་། སྤྱི་ལོ་༡༩༩༥ལོར་བདག་འཛིན་གྱི་བྲན་གཡོག་འོག་ན་ང་ཆེ་ང་བཟང་གི་སྐྱེ་བོ་རྟག་འཛིན་ཅན་རྣམས་ལ་ནམ་ཞིག་སྐྱེས་ན་ནམ་ཞིག་འཆི་བ་ནི་འདི་ལྟར་རོ་ཞེས་པའི་བརྡ་སྟོན་པ་ལྟར་གྱིས་རེ་ཞིག་དགོངས་པ་རྫོགས་པར་མཛད།

1 comment:

  1. པར་དང་བཅས་པ་ཡོད་ན་ཡག་པོ་འདུག

    ReplyDelete