2015-03-31

རྟའུ་ཉི་མཚོ་དགོན།

དེ་ཡང་འཛམ་གླིང་གི་ཡང་རྩེ་འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་གངས་རི་རྭ་བས་སྐོར་བའི་བསིལ་ལྡན་གངས་ཅན་ཆོས་ཀྱི་ཞིང་ས་འདི་ལ་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྟོད་མི་ཡི་ཆོལ་ཁའི་ནང་ཚན་མདོ་ཁམས་ཏྲེ་ཧོར་རྟའུ་ཉི་མཚོ་ཐོས་བསམ་དར་རྒྱས་གླིང་དགོན་ཆེན་འདི་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་ཧོར་དགོན་སྡེ་བཅུ་གསུམ་ཕྱག་བཏབས་བའི་ནང་ནས་བཅུ་པ་འདི་ཡིན་ལ་དུས་ཚེས་ནི་སྤྱི་ལོ་ ༡༩༦༢ ཙམ་ལ་ཕྱག་བཏབས་གནང་མཛད།
དགོན་འདིའི་དགོན་བདག་ནི་མཆོག་སྤྲུལ་རྣམ་གཉིས་ཞེས་སྤང་ནང་མཆོག་སྤྲུལ་རིན་པོ་ཆེ་དང་རྒོད་ཆ་མཆོག་སྤྲུལ་རྣམ་གཉིས་དང་གཞན་ཡང་བླ་སྤྲུལ་དགེ་བཤེས་བརྒྱ་ཕྲག་དུ་མ་ཕེབས་ཟིན་པ་དང་ཕེབས་བཞིན་པ་ཕེབས་པར་འགྱུར་བ་གྲངས་ལས་འདས་པ་བཞུགས་སུ་མཆིས་ཀྱང་འདིར་གཙོ་བོ་འགའ་སྨོས་ན་ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ། ལ་ཐོག་རིན་པོ་ཆེ་། ཉ་ལུ་རིན་པོ་ཆེ། མཁའ་ཉ་རིན་པོ་ཆེ། མཁར་པ་རིན་པོ་ཆེ། རྟའུ་བྲག་དཀར་རིན་པོ་ཆེ། ཏྲེ་བ་རིན་པོ་ཆེ། ལོ་སླད་རིན་པོ་ཆེ། སོགས་དང་སྐད་གྲགས་ཅན་གྱི་དགེ་བཤེས་ནི། དགེ་བཤེས་ཡ་མ་ཚེ་དཔག་མཆོག་དང་། དགེ་བཤེས་རྟ་མགྲིན་མགོན་པོ། དགེ་བཤེས་བློ་བཟང་ཆོས་འཕེལ། དགེ་བཤེས་བློ་བཟང་སྐལ་ལྡན། གཞན་ཡང། མ་བུ་ཆོས་མཛད་དང་། ད་ལྟ་འཚོ་ཞིང་བཞུགས་པའི་དགའ་ཏྲེ་མཁན་ཟུར་རིན་པོ་ཆེ་བློ་བཟང་ཆོས་འབྱོར་སོགས་དང་དེ་མིན་དགེ་བཤེས་ལྷ་རམས་པ་ཚོགས་རིམས་པ་རྡོ་རམས་པ་གླིང་སྲིང་སོགས་དགེ་བཤེས་བརྒྱ་ཕྲག་གསུམ་ལས་ཉེ་བ་ཕེབས་ཡོད་ཀྱང་རེ་རེ་ནས་འདིར་མ་བཀོད།
དགོན་འདིའི་དགེ་འདུན་གྱི་ཞལ་གྲངས་ནི་སྤྱི་རྟའུ་ཉི་མཚོ་དགོན་གྱི་དགེ་འདུན་གྲངས་ཆིག་སྟོང་དགུ་བརྒྱ་ཞེས་ཡོངས་སུ་གྲགས་ཀྱང་སྤྱི་ལོ་ ༡༩༥༩ ལོ་བོད་ས་རྒྱ་ལག་ཏུ་མ་ཤོར་སྔོན་སྨོན་ལམ་ཆེན་མོ་འཚོགས་སྐབས་སུ་དགེ་འདུན་གྱི་ཞལ་གྲངས་གཉིས་སྟོང་བརྒལ་བ་བཞུགས་སུ་མཆིས་ཀྱང་ང་དགུའི་རླུང་ནག་ལྡོང་བ་ནས་བཟུང་རིམ་པའི་ཇེ་ཉུང་ཇེ་ཉུང་དུ་གྱུར་ཏེ་དེང་སྐབས་བཞི་བརྒྱ་མ་ཟིན་ཙམ་ལས་མེད་པ་དངོས་གསལ་ལྟར་གྱུར།
དགོན་འདིའི་ཆོས་ཐོག།།བོད་ཟླ་དང་པོའི་ཚེས་བཞི་ལྔ་ནས་ཆོས་བཅུ་བདུན་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་རྒྱུ། བོད་ཟླ་གཉིས་པའི་ཡར་ངོ་ལ་ཆོས་གྲྭ་འཚོགས་རྒྱུ་དང་མར་ངོ་ལ་ཚོགས་མཆོད་འཚོགས་རྒྱུ། བོད་ཟླ་གསུམ་པར་སྒྲུབ་མཆོད་དང་རབ་གནས་དགེ་ལེགས་ཆར་འབེབས་འཚོགས་རྒྱུ། བོད་ཟླ་བཞི་པ་ལ་མཚན་ཉིད་རིག་ལམ་རྩོད་རྒྱུ་སོགས་གོང་དུ་ཟླ་བ་གཉིས་པ་དང་འདྲ། བོད་ཟླ་ལྔ་པ་ལ་བཀའ་རམས་གྲྭ་ཚང་གིས་བསྐང་གསོ་རྒྱས་པ་དང་ཀུན་རིག་སྒྲུབ་མཆོད་དང་སྦྱོར་ཆོས་ལྷ་མོ་ཚེ་གཏོར། གདུགས་དཀར་གཏོར་བཟློག་སོགས་འཚོགས་རྒྱུ། བོད་ཟླ་དྲུག་པ་ལ་སྒྲུབ་མཆོད་དང་ཀུན་རིག་རྣམ་སྣང་དབྱར་ཁས་ལེན་བཅས། བོད་ཟླ་བདུན་པ་ལ་སྨྱུང་གནས་ཆ་བརྒྱད་འཚོགས་སྲོལ་དང་ནག་ངོ་ལ་ཆོས་གྲྭ་སོགས་ཟླ་བ་གཉིས་པ་ལྟར། བོད་ཟླ་བརྒྱད་པ་ལ་སྨན་བླ་ཆོས་ཐོག་དང་མར་ངོ་ལ་མ་ཎི་དུང་སྒྲུབ་དང་སྐབས་དུས་ལྕགས་མཁར་བ་རྣམས་ཀྱིས་གར་འཁྲབ་སྦྱང་རྒྱུ། བོད་ཟླ་དགུ་པ་ལ་ལྕགས་མཁར་བ་རྣམས་ཀྱིས་སྐྱ་འཆམ་དང་འབག་འཆམ་གནང་རྒྱུ། བོད་ཟླ་བཅུ་པ་ལ་ཚེ་གཅིག་ནས་བཅོ་ལྔ་བར་ཆོས་གྲྭ་འཚོགས་ཏེ་རིག་ལམ་རྩོད་རྒྱུ་དང་ཚེས་ཉེ་གཅིག་གམ་ཉེ་གསུམ་ནས་དགའ་ལྡན་ལྔ་མཆོད་དབུ་འཛུགས་གནང་རྒྱུ་དང་ཆོས་རྒྱལ་རིགས་ལྔ་རྟ་མགྲིན་མགོན་པོ་ཕྱག་དྲུག་བྲམ་ཟེ་གཟུགས་ཅན་དཔའ་བོ། མགོན་དཀར་ཡིད་བཞིན་ནོར་བུ། དཔལ་ལྡན་ལྷ་མོ་གདོང་ཅན་གཉིས། ཚེ་རིང་མཆེད་ལྔ། དུར་བདག་རུ་འདྲེན་སྡེ་བཞི་སོགས་ཀྱི་རྒྱས་སྤྲོས་གར་འཚམས་བཅས་ཀྱང་ཡོད། བོད་ཟླ་བཅུ་གཅིག་པ་ལ་ཚོགས་ཆེན་ཁྲི་པ་ཁྲི་འདོན་གྱི་ཆོས་སྟོན་ཞིག་ལས་དམིགས་བསལ་ཆོས་ཐོག་མེད། བོད་ཟླ་བཅུ་གཉིས་པར་ཟླ་གཅིག་གི་རིང་ལ་ཆོས་མཚམས་ཆེན་མོ་ཡིན་ནོ། །
དེ་ཡང་ཉི་མཚོ་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་ཐོས་བསམ་སློབ་གཉེར་གནང་ཕྱོགས་སྐོར་མདོར་བསྡུ་ཙམ་འགོད་ན་སྤྱིར་གྲྭ་པ་གསར་ཞུགས་བྱུང་ཚེ་ངེས་པར་དུ་དགོན་པ་རང་གི་སློབ་གྲྭ་རུ་ཡི་གེ་འབྲི་ཀློག་སོགས་ལོ་གསུམ་སྦྱོང་དགོས་པ་དང་། གལ་ཏེ་དགུང་ལོ་སུམ་ཅུར་མ་ལོན་ཚེ་ངེས་པར་དུ་སློབ་གྲྭའི་འཛིན་གྲྭ་དང་སློབ་ཚན་སོགས་རིམ་གྱིས་སློབ་ཐོན་དགོས་པ་དང་། སློབ་ཚན་གྱི་སྐོར་ཡང་། འཛིན་གྲྭ་དང་པོ་རུ་འབྲི་ཀློག་དང་དག་ཡིག་འཛིན་གཉིས་པར་རིགས་ལམ་དང་བློ་འཛིན་དག་ཡིག་འབྲི་བཅས་སོ། །འཛིན་གསུམ་པར་རིགས་ལམ་དང་བློ་འཛིན་སུམ་ཅུ་པ་རྒྱ་ཡིག་དང་འབྲི་བཅས་སོ། །འཛིན་བཞི་པར་རིགས་ལམ་དང་བློ་འཛིན། རྟགས་འཇུག།།རྒྱ་ཡིག།།མངོན་བརྗོད། རྩིས་རིག།།རྩོམ། འཛིན་དྲུག་པར་ཕར་ཕྱིན་དང་བློ་འཛིན། རྟགས་འཇུག་སྙན་ངག།།རྒྱལ་རབ༌ཆོས་འབྱུང། གློག་ཀླད། རྩོམ་བཅས་སློབ་ཚན་སོ་སོར་ངེས་པ་ཡོད། དགེ་རྒན་ལ་མཚོན་ན་སློབ་སྤྱིར་གཙོས་སློབ་དགེ་བཅུ་དང་དེ་ཡང་ཕལ་ཆེར་བ་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་ལགས་རྣམ་པས་ཕྱག་ལས་གནང་བཞིན་ཡོད་པ་དང་།
དགུང་ལོ་སུམ་ཅུ་ནས་ཞེ་ལྔ་དབར་གྱི་དགེ་འདུན་པ་ནི་ཆོས་ར་བའི་ཁོངས་སུ་ཡོད་པ་དང་། ཆོས་ར་བ་རྣམས་ཀྱང་ཞོགས་པར་ཆུ་ཚོད་བཅུ་པའི་བར་སོ་སོའི་གྲྭ་གཤག་ཏུ་བློ་འཛིན་དང་དཔེ་ཀློག་ཡིག་གཟུགས་སོགས་སྦྱོང་དགོས་པ་དང་། ཆུ་ཚོད་བཅུ་པ་ནས་རྩོད་པ་ལ་ཕེབས་དགོས་པ་དང་། དེ་ཡང་རེ་གཟའ་ཉི་མ་གང་ཡིན་ལ་གུང་གསེང་དང་དེ་མིན་ཕལ་ཆེར་རྒྱུན་ལྡནདུ་རྩོད་པ་ཡོད། ཉིན་རྒྱབ་རྗེས་ཆུ་ཚོད་དང་པོ་ནས་ཆོས་རབ་ཡོངས་ཀྱིས་དཔེ་ཁྲིད་ལ་ཕེབས་དགོས་པ་དང་། དགོང་མོར་ཆུ་ཚོད་ལྔ་པ་ནས་ཆོས་རབ་དང་སློབ་གྲྭ་བ་བཅས་རྩོད་པ་ལ་ཕེབས་དགོས་པ་དང་། དགུང་ལོ་ཞེ་ལྔ་ནས་དྲུག་ཅུ་དབར་གྱི་དགེ་འདུན་པས་ཉིན་ལྟར་ཉིན་རྒྱབ་ཆུ་ཚོད་དང་པོ་ནས་དགོན་པའི་ཁྲི་རིན་པོ་ཆེའི་དྲུང་དུ་ལམ་རིམ་ཁྲིད་སར་གཅར་རྒྱུ་དང་། གྲོང་སྡེ་ཁག་ཏུ་ཞབས་རིམ་སོགས་ཕེབས་དགོས་བྱུང་ཚེ་སྤྱིར་མཚུངས་ལྟར་དགོན་པའི་ཁྲིམས་དང་མཐུན་པའི་ཕེབས་རྒྱུ་ལས་རང་མོས་ལྟར་ཕེབས་མི་ཆོག་པ་དང་སྦྱིན་བདག་གིས་ཀྱང་ཐད་ཀར་དགེ་བསྐོས་ལགས་དང་འབྲེལ་བ་གནང་ནས་གདན་དྲངས་རྒྱུ་ཡིན། ཞབས་རིམ་སྒྲུབ་མཁན་གྱི་དགེ་འདུན་ཡང་ཆོས་ར་བ་དང་ལམ་རིམ་འཛིན་གྲྭ་ལས་ཕེབས་རྒྱུ་དང་སློབ་གྲྭའི་ཁོངས་ནས་ཕེབས་མི་ཆོག་དགུང་ལོ་དྲུག་ཅུ་ལས་བགྲེས་པ་རྣམས་རང་མོས་ཞབས་རིམ་ཁག་ལ་ཕེབས་ན་ཆོག་ཀྱང་ཁྲིམས་ལུགས་ལྟར་ཕེབས་མི་དགོས་དགེ་བཤེས་ལགས་རྣམ་པ་ཡང་འདིར་མཚུངས་སོ།། མ་ཟད་ ༢༠༡༣ ལོའི་ཟླ་བ་ ༦ ཚེས་ ༡༠ ཉིན་ནས་ཉིན་བཅོ་ལྔའི་རིང་། དགོན་པ་འདི་ཉིད་ཀྱི་ལས་སྣེ་རྣམ་པས་གཙོ་བོར་གྱུར་པའི་དགེ་འདུན་པ་རྣམ་པ་དང་། དགོན་པ་འདི་ཉིད་ཀྱི་ལྷ་སྡེ་ཧོར་ཁག་ལྔའི་ཡུལ་མི་རྣམ་པས་ཕྱ་གྲུ་མཉམ་འདེགས་ཀྱིས། མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཞེས་སྙན་གྲགས་ཅན་གྱི་ཆོས་ཐོག་དེ། དགོན་པ་འདིར་ཚོགས་ཐུབ་པ་ཙམ་དུ་མ་ཟད། ཧོར་དགོན་སྡེ་བཅུ་གསུམ་གྱིས་མཚོན་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་ཁག་ཉིས་བརྒྱ་ཙམ་གྱི་དགེ་འདུན་སློབ་གཉེར་བ་སུམ་སྟོང་སུམ་བརྒྱ་ལྷག་གི་བཞུགས་ཡུལ་དང་ཞལ་ལག་སོགས་མཚོན་པའི་གོ་སྒྲིག་ལེགས་པར་གནང་བ་དང་། གཞིས་དགོན་འདི་ཉིད་ཀྱི་ཁོངས་སུ་སློབ་གཉེར་བ་རྣམ་པས་ཀྱང་འདུས་མང་དབུས་སུ་མཚན་ཕུད་དམ་བཅའ་དང་རྟགས་བསལ་བཏང་བ་སོགས་ཀྱི་གོ་སྐབས་བཟང་པོ་ཐོབ་ཡོད་པ་དང་། དམིགས་བསལ་གྱིས་ཆོས་ལུགས་རིས་མེད་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་མཁས་དབང་དུ་མ་གདན་དྲངས་ཏེ། ཉིན་བདུན་གྱི་ཉིན་གུང་བར་གསེང་གང་ཡིན་ལ་༸རྒྱལ་དབང་མཆོག་གིས་དུས་རྒྱུན་དུ། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་ཞེས་བཀའ་སློབ་གནང་མུས་ལྟར། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་བ་ལ་འགོག་རྐྱེན་གང་ཡིན་དང་བཅོས་བསྒྱུར་ཇི་ལྟར་བྱ་དགོས་མིན་སོགས་མཚོན་པའི། རང་མི་རིགས་དང་རྒྱལ་ཁམས་ལ་ཉེ་བར་མཁོ་བའི་ཁོར་ཡུག་སྲུང་སྐྱོང་དང་སྐད་ཡིག་ཡར་རྒྱས་གཏོང་ཐབས་སོགས་གལ་ཆེ་ལ། དགོས་མཁོ་ཆེ་བའི་བརྗོད་གཞི་བདུན་ལ་དམིགས་བསལ་བགྲོ་གླེང་གནང་སྟེ། གྲུབ་འབྲས་མངོན་གསལ་དུ་ཐོན་པའི་ལོ་རྒྱུས་མདོ་བསྡུས་ཙམ་འདི་ལྟར་རོ།།
༡ དགོན་པ་འདིའི་ཁུངས་སུ་ཁང་ཚན་བཞི་ཡོད་དེ། དགོར་གསར་ཁང་ཚན། དགོན་རྙིང་ཁང་ཚན། ལམ་ཞབས་ཁང་ཚན། འ་སྐུར་ཆ་ཁང་ཚན་བཅས་བཞིའོ། །
༢ དགོན་པ་འདིའི་མངའ་ཞབས་སུ་ཡོད་པའི་རི་ཁྲོད་ ༣༡ ཡོད་པ་གཤམ་གསལ། ༡ ཡོངས་ཤིས་རི་ཁྲོད། ༢ བསོད་བད་རི་ཁྲོད། ༣ སྐུ་ནང་རི་ཁྲོད། ༤ སྤང་ནང་རི་ཁྲོད། ༥ ལྷོ་རི་རི་ཁྲོད། ༦ སྒོ་ཆ་རི་ཁྲོད། ༧ ལོའུ་རི་ཁྲོད། ༨ འཇའ་མདའ་རི་ཁྲོད། ༩ པོའུ་རི་ཁྲོད། ༡༠ རྒྱལ་སྲས་ཆུ་ཁའི་རི་ཁྲོད། ༡༡ ལ་ཐོག་རི་ཁྲོད། ༡༢ བྲག་དཀར་རི་ཁྲོད། ༡༣ གཅིག་བཞད་རི་ཁྲོད། ༡༤ དུར་རྦ་རི་ཁྲོད། ༡༥ ལོ་རྦ་རི་ཁྲོད། ༡༦ ཁུག་ཆ་རི་ཁྲོད། ༡༧ སྐམ་ཞིང་རི་ཁྲོད། ༡༨ ལུག་མུར་རི་ཁྲོད། ༡༩ གཞི་རི་རི་ཁྲོད། ༢༠ དབུ་མའི་རི་ཁྲོད། ༢༡ རྩོད་པེ་རི་ཁྲོད། ༢༢ པུ་རིས་རི་ཁྲོད། ༢༣ ཆོ་ལོ་སྣ་རི་ཁྲོད། ༢༤ འགྱི་བར་རི་ཁྲོད། ༢༥ བཛྲ་གུ་རུའི་རི་ཁྲོད། ༢༦ སྐྱོགས་སོ་རི་ཁྲོད། ༢༧ ཉ་ལུ་ཞབས་རི་ཁྲོད། ༢༨ ལུང་ཕུག་རི་ཁྲོད། ༢༩ ལུ་གུ་ཐང་རི་ཁྲོད། ༣༠ མའུ་རི་ཁྲོད། ༣༡ ཁ་ར་རི་ཁྲོད་བཅས་སོ་གཅིག་གོ།
དགོན་འདི་ས་རྒྱལ་དབང་སྐུ་ཕྲེང་བདུན་པ་ལ་བརྟན་བཞུགས་འབུལ་བ་སོགས་རྒྱལ་དབང་མཆོག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད་རྒྱལ་མཆོག་གིས་དགོན་འདི་ལ་བཀའ་ཤོག་སོགས་གནང་ཡོད་པས་དུས་ད་ལྟའང་མཇལ་རྒྱུ་ཡོད། ༸རྒྱལ་དབང་བཅུ་བཞི་པ་གོང་ས་ཡིད་བཞིན་ནོར་བུ་བསྟན་འཛིན་རྒྱ་མཚོ་མཆོག་ཀྱང་སྤྱི་ལོ་ ༡༩༥༣ ལོར་མར་རྒྱ་ནག་ཏུ་ཕེབས་སྐབས་དགོན་པ་འདི་ལ་ཐུགས་བརྩེ་བ་ཆེན་པོས་ཞབས་ཀྱིས་བཅག་སྟེ་སེར་སྐྱ་མང་ཚོགས་ཡོངས་ལ་དགའ་ལྡན་ལྷ་བརྒྱ་མ་དང་། ལམ་གཙོ་རྣམ་གསུམ། བློ་བཟང་རྒྱལ་བསྟན་མ། རྗེ་རིན་པོ་ཆེའི་བསྟན་པ་དང་མཇལ་བའི་སྨོན་ལམ་གྱི་ལུང་དང་བཀའ་སློབ་སོགས་གནང་།
དེའི་ཕྱི་ལོ་ཤིང་རྟ་ ༡༩༥༤ ལོར་པི་ཅིང་ནས་ཡར་ཕེབས་སྐབས་སླར་ཡང་ཉ་མཚོ་དགོན་དུ་བྱོན་ཏེ་ཉིན་གསུམ་རིང་ལ་དགོན་པ་འདི་རུ་སེར་སྐྱ་མང་ཚོགས་ལ་མཇལ་ཁ་དང་ཐུགས་རྗེ་ཆེན་པོའི་དབང་ཆེན་བཅས་གནངས་ཏེ་དགེ་འདུན་རེ་ལ་མགོ་རྒན་ལྔ་རེའི་སྐུ་འགྱེད་ཀྱང་གནང་། སྐབས་དེར་ཡོངས་འཛིན་གླིང་རིན་པོ་ཆེ་ཉིན་བཞི་ལ་བཞུགས་ཏེ། བླ་མ་མཆོད་པ་དང་། འཇམ་དཔལ་མཚན་བརྗོད་ཀྱི་ལུང་བཅས་གནང། དགེ་བཤེས་ལ་མཆོད་པག་གི་གཟིམ་ཆུང་དུ་མཇལ་ཕྲད་དུ་ཕེབས་པ་ཡང་གནང་ངོ་།།
བླ་སྤྲུལ་ཁག་གི་ལོ་རྒྱུས་མདོར་བསྡུ་ཙམ་འགོད་ན་དགོན་བདག་གཉིས་ཀྱི་ཡ་གྱལ་སྤང་ནང་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་ཟུར་དུ་གསལ་བའི་འདི་ན་འཇུག་རྒྱུ་དང་། སྤང་ནང་རིན་པོ་ཆེ་སྐུ་ཕྲེང་དང་པོ་དགེ་བཤེས་ནམ་མཁའ་སྲུང་ནི་གྲུབ་ཐོབ་མངོན་ཤེས་ཐོགས་མེད་ཅན་ཞིག་ཡིན་པ་ཡོངས་སུ་གྲགས། དབྱར་ཁར་རང་གི་དགེ་ཕྲུག་ཞིག་ཡོད་པ་དེ་ཁྲིད་ནས་རྫ་ཁ་ལ་ཕེབས་ནས་རང་གི་སྐུ་ལུས་ཀྱི་ཟུངས་ཁྲག་རྣམས་འབུ་སྲིན་སོགས་ལ་ཕངས་མེད་དུ་སྦྱིན་བཏང་མཛད། རི་སྟེང་དུ་དྭངས་ཤིང་བསིལ་བི་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཞིགཡོད་པ་དེའི་འཁྲིས་སུ་ཀླུ་ཡི་སྤྲུལ་བར་གྲགས་པའི་བ་དཀར་པོ་ཞིག་ཡོད་པ་དེ་ལ་འོ་མ་བཞོ་ནས་རྩམ་ཐུག་ཞིག་སྐོལ་ནས་ཕྱི་དྲོ་དགེ་ཕྲུག་དང་ལྷན་དུ་ག་ལེར་མར་ཕེབས་གནང་མཛད།
རི་ཁྲོད་ཀྱི་འཁྲིས་སུ་ཁམ་བུའི་སྡོང་པོ་ལེགས་པ་ཞིག་ཡོད་པ་དེ་ལ་ངའི་སྐྱེས་བ་ཕྱི་མ་འདིས་ཁྱོད་གཅད་མཁན་ཞིག་ཕེབས་པ་འདུག་ཞེས་གསུང་མྱོང་ཡོད། ཕྱེས་སུ་སྐུ་ཕྲེང་གཉིས་པས་སྒྲོལ་མའི་སྔགས་འབུམ་ཕྲག་མང་པོ་བསགས་ཏེ་ཁམ་སྡོང་དེ་བཅད་ནས་སྒྲོལ་མའི་ལྷ་ཁང་ལྟ་ན་སྡུག་པ་ཞིག་གསར་བཞེངས་མཛད།
སྐུ་ཕྲེང་དང་པོ་དང་འགྲོགས་འདྲིས་ཤིན་ཏུ་ཆེ་བའི་ལོ་མོ་ཆ་དགེ་བཤེས་སྐད་གྲགས་ཅན་ནུས་མཐུ་དང་ལྡན་པ་ཞིག་ཡོད་པ་དེ་ལ་ཁྱོད་ཀྱིས་རྟའུ་ཡུལ་དགོན་གཉིས་ཀྱི་རྒྱུ་ནོར་རྣམས་ཕོར་པ་བལྡགས་པ་ལྟར་བྱེད་བཞིན་འདུག་པས་ནུས་མཐུ་ཡོད་ན་གཤམ་གྱི་ཤིང་སྡོང་སྟེང་གི་སྐྱ་ཀ་ཁྲ་མོ་འདི་ས་ལ་ཕོབ་དང་ཞིག་བཀའ་ཕེབས་དགེ་བཤེས་འདིས་ལགས་སོ་བཀའ་བཞིན་ཞུ་ཟེར་ནས་སེ་གོལ་གཅིག་རྡེབ་སྟེ་སྐྱ་ཀ་འདི་ས་ལ་མར་ལྷུང་འཕྲལ་རིན་པོ་ཆེ་ཡིས་ཨོའུ་ཙམ་འདུག་ཨོའུ་ཙམ་འདུག་དཀོར་ནོར་ལ་ལོངས་སྤྱོད་ཆོག་འདུག་གསུང་། དེ་ནས་རིན་པོ་ཆེ་ཡིས་སེ་གོལ་གཅིག་རྡེབ་སྟེ་སྐྱ་ཀ་ཁྲ་མོ་འདི་སྔར་བཞིན་བྱ་སྐད་སྒྲོག་བཞིང་བར་སྣང་དུ་འཕུར་ཏེ་སོང་། རིན་པོ་ཆེ་ནི་རྒྱུན་དུ་གནས་མལ་ངན་ངོན་ཙམ་དང་ཆོས་གོས་ངན་དོན་ཙམ་གྱིས་ཆོག་ཤེས་པ་ཞིག་ཡིན་པས་རྒྱུན་དུ་ན་བཟའ་ཧྲུལ་རལ་ཞིག་མནབས་ཏེ་ཕེབས་སྟབས་ལམ་ཟུར་གཡས་གཡོན་གྱི་སྤོ་རྨོ་རྣམས་ཀྱིས་དེ་ཙམ་གྱི་གུས་ཞབས་དང་དོ་སྣང་མེད་ཉིན་ཞིག་རིན་པོ་ཆེ་ཡིས་རང་གི་ན་བཟའ་རྣམས་ཚེར་མ་སེར་པོའི་ཚོན་གྱིས་ཁ་བསྒྱུར་ནས་སེར་ཐིང་ཐིང་ཕེབས་ཚེ་སྔར་གྱི་རྒྱུན་དུ་སྐོར་ལམ་གཡས་གཡོན་གྱི་སྤོ་རྨོ་རྣམས་ཀྱིས་རིན་པོ་ཆེ་མཐོང་མ་ཐག་སྔར་དང་མི་འདྲ་བར་ཚང་མས་ཡར་ལངས་ཏེ་གུས་ཞབས་དང་སྒུར་སྒུར་བྱེད་དེ་ཕེབས་བསུ་ཞུ་རིན་པོ་ཆེ་ཡིས་རྩེད་མོ་དང་བཅས་ཁྱོད་ཆོས་ཚེར་མ་སེར་པོའི་ཚོན་མདོག་ལ་ད?་གུས་ཞེ་བོ་བྱེད་ཀྱིན་འདུག་ཡ་མཚར་ཞིག་གསུང་། ཕྱི་སུ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ལ་ཕེབས་དུས་དགེ་ཕྲུག་དེས་ཡང་སྲིད་སྐོར་བཀའ་འདྲི་གནང་དུས་ཁྱོད་ཀྱིས་ཡང་སྲིད་སྐོར་སེམས་འཁྲལ་བྱེད་མི་དགོས་ང་ཡིན་ཟེར་མཁན་ཞིག་འདིར་སླེབས་དེས་རེད་ཞེས་གསུང་། མཐར་སྤང་ནང་རི་ཁྲོད་དུ་ཐུན་བཞིའི་རྣམ་འབྱོར་འབའ་ཞིག་གི་བརྟུལ་ཞུགས་འཛིན་ཅིང་ཚེ་དང་སྒྲུབ་པ་མཉམ་མཐར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
སྤང་ནང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་འཇིགས་མེད་རྒྱ་མཚོ་ནི་བྲག་འགོ་སྙི་ཁོག་ཏུ་སྐུ་འཁྲུངས་སྐུ་ཆུང་དུས་ཡབ་ཡུམ་གཉིས་ཀྱིས་མི་ཉག་ལྷ་སྒང་གནས་མཇལ་དུ་ཁྲིད་ནས་སྤང་ནང་རི་ཁྲོད་ཀྱི་འདབས་རོལ་དུ་སླེབས་སྐབས་ངའི་ཕ་ཡུལ་འདི་ན་རེད་ཅེས་སྤང་ནང་རི་ཁྲོད་ལ་མཛུབ་མོ་བསྟན། ཡབ་ཡུམ་གཉིས་ཀྱིས་ཡ་མཚར་སྐྱེས་ཏེ་ལྷ་སྒང་སོགས་སུ་གནས་མཇལ་ལེགས་པར་གྲུབ་རྗེས་ཡར་ལམ་ཞོར་དུ་སྤང་ནང་རི་ཁྲིད་དུ་མཆོད་མཇལ་འགྲོ་སྐབས་བྱིས་པ་འདིས་ངའི་ཁྲི་ཟེར་བཞིན་སྐུ་ཕྲེང་དང་པོའི་ཁྲི་སྟེང་ཐད་གར་ཡར་ཕེབས་སྟབས་སྐུ་གོང་མའི་དགེ་ཕྲུག་དེས་མཐོང་མ་ཐག་ངའི་བླ་མ་རིན་པོ་ཆེ་ཟེར་བཞིན་ངུ་ངག་དང་བཅས་བྱིས་པ་དེ་ལ་དམ་དུ་འཁྱུད་དེ་ཡུན་རིང་ངུ་། དེ་རྗེས་༸གོང་ས་མཆོག་དང་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་སོགས་ཀྱིས་སྤང་ནང་བླ་མའི་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད།
ཕྱིས་སུ་གྲྭ་སར་ཕེབས་ནས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་བཀའ་པོས་ལྔ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པ་ལ་གནས་བསམ་རྒྱ་ཆེར་མཛད་དེ་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོའི་སར་གཤེགས། ཉིན་ཞིག་ལྷ་སའི་གླིང་སྐོར་དུ་ཕེབས་སྐབས་གང་ཞིག་གི་སྤྲུལ་པ་ཡིན་མིན་མི་ཤེས་མོད་མདུན་དུ་དྲེལ་ཞིག་གིས་རྡོ་གཅལ་སྟེང་འདམ་དུ་འགྲོ་བ་ལྟར་རྨིག་རྗེས་འཇོག་པ་ཞིག་གཟིགས་ཕྱི་དྲོར་རང་གི་རྒན་ལ་དྲེལ་དེའི་ལོ་རྒྱུས་དེ་དག་ཞུ་སྐབས་རྒན་གྱིས་ཏག་ཏག་རེད་དེང་སང་དུད་འགྲོ་ཚོ་ཡིས་ཞབས་རྗེས་རེ་མ་བཞག་ན་བླ་སྤྲུལ་ཚོའི་ནང་ནས་ཞབས་རྗེས་བཞག་མཁན་ནི་མི་འདུག་ཨ་ཞེས་གསུང་། ལོ་དེའི་ལྷ་ལྡན་སྨོན་ལམ་ཆེན་མོ་སྐབས་སུ་རིན་པོ་ཆེ་ཡིས་རྟགས་བསལ་གཏོང་སྐབས་རྡོ་གཅལ་སྟེང་འདམ་དུ་ཕེབས་བ་ལྟར་ཞབས་རྗེས་འཇོག་གནང་མཛད། སྡེ་པ་གཞུང་གིས་རྩད་གཅོད་བྱས་ཏེ་བཀའ་ཆད་ཕོག་གྲབས་བྱེད་སྐབས་དགའ་ལྡན་ཁྲི་པ་ཏྲེ་བྲག་བ་ལུང་རིན་པོ་ཆེ་ཡིས་ཁྱོད་ཀྱིས་ལྷ་སའི་ཁུལ་འདིར་ཚད་པའི་ནད་རིམས་འདི་འགོགས་དང་སྡེ་པ་གཞུང་གིས་བཀའ་ཆད་མི་ཕོག་རྒྱུ་ངས་ཁས་ལེན་ཆོག་གསུངས་ཏེ་རིན་པོ་ཆེ་ཡིས་དགའ་ལྡན་ཁྲི་པའི་བཀའ་མངའ་དང་ལེན་གནང་སྟེ་ལྷ་སའི་ཁུལ་དུ་ལོ་གསུམ་རིང་ཚད་པའི་ནད་རིམས་བཀག་པར་མཛད་སྟབས་དབུ་པ་རྣམས་ཀྱིས་རིན་པོ་ཆེ་ལ་ཚད་པ་བླ་མ་ཞེས་འབོད་དེ་མཚན་སྙན་ཡོངས་སུ་གྲགས་པར་གྱུར། ཡང་ཉིན་ཞིག་བླ་སྤྲུལ་ག་གེ་མོ་ཞིག་གིས་རིན་པོ་ཆེ་ལ་ངས་ཁྱོད་ལ་ནུས་མཐུ་ཅང་ཙམ་ཞིག་ཡོད་པ་གོ་ཐོས་བྱུང་བདེན་མིན་མི་ཤེས་ལ་འདི་ལན་ཆགས་ཀྱིས་དང་ཟེར་བཞིན་རྡོ་རིལ་སྤགས་འདྲ་བ་ཞིག་རིན་པོ་ཆེའི་ཕྱག་ཏུ་གཏད་དེ་ཚོད་བགམ་གྱི་ཚུལ་དུ་མིག་ཕུར་ཚུགས་སུ་ཅེར་ཏེ་བསྡད། རིན་པོ་ཆེ་ཡིས་ཡ་ཡ་ཁྱོད་ཀྱི་འདོད་པ་ལྟར་བྱེད་ཆོག་གསུང་བཞིན་རྡོ་རིལ་ལ་འདི་ལན་ཆགས་བཟོ་སྟེ་ཁོང་གི་ལག་ཏུ་གནང། དེ་ལ་སོགས་པའི་གྲུབ་རྟགས་སྟོན་པ་ཤིན་དུ་མང་ངོ་། ཕྱིས་སུ་རྟའུ་ཉ་མཚོ་དགོན་དུ་ཕེབས་ནས་རྒོད་ཆ་རིན་པོ་ཆེ་ངག་དབང་འཕྲིན་ལས་སོགས་དང་ལྷན་དུ་བསྟན་པའི་བྱ་བ་རླབས་ཆེན་བསྐྱངས་ཏེ་དགོན་པའི་ཕྱི་ནང་བར་གསུམ་གང་གི་ཐད་ནས་ཀྱང་འཕེལ་རྒྱས་རྒྱ་ཆེར་མཛད།
ལོ་རྒྱུ་གཞན་ཞིག་ཏུ། ཧྥ་རན་སིའི་ཆོས་ལུགས་པ་དང་སྲིད་སྐྱོང་མི་སྣ་དང་ཉ་མཚོ་དགོན་པའི་བར་ཟིང་འཁྲུག་བྱུང་བར་འདུམ་འགྲིག་ཡོང་བར་མཛད་ནས་དུས་དར་བདེ་བར་ངང་ཞོད་འཇགས་སུ་མཛད། དགུང་ལོ་བདུན་ཅུ་ལྷག་གི་སྟེང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

སྤང་ནང་སྐུ་ཕྲེང་གསུམ་པ་བྱམས་པ་ཚུལ་ཁྲིམས་མཆོག་ནི་མདོ་ཁམས་ཏྲེ་ཧོར་རྟའུ་ཉ་མཚོ་དགོན་པའི་ཉེ་འགྲམ།  རྟའུ་ནས་སྡེ་ཕྱུག་མོ་ཞེས་པའི་རི་བོ་བྱིན་ཆགས་སུ་ཡོད་པ་དང་འདབས་ཆགས་པའི་ཟེ་ཡ་གྲོང་སྡེའི་ཁྱིམ་ཚང་ཉམ་ཆུང་ཞིག་ཏུ་ཡ་མཚན་པའི་ལྟས་དུ་མ་དང་བཅས་རབ་བྱུང་བཅུ་དྲུག་པའི་མེ་བྱ་༡༩༣༦ ལོར་སྐུ་འཁྲུངས།  དམ་པ་འདི་ལྷུམས་སུ་ཞུགས་ཡོད་སྐབས་སུ་མ་ཡུམ་གྱིས་རི་རྩེར་ཤིང་འཐུ་བཞིན་པའི་ཚེ་ནམ་མཁའ་ནས་སྙན་པའི་སྒྲ་དབྱངས་སྣ་ཚོགས་གྲགས་པ་ལན་ཅིག་ཙམ་མ་ཡིན་པར་ཐེངས་མང་དུ་ཐོས།  ཡང་དེ་སྐབས་ཤིག་ལ་ཡབ་ཀྱི་བཞེས་ཕོར་ནང་གི་གསོལ་ཇ་དེ་འོ་མར་གྱུར།  དེ་བཞིན་དུ་འཁྲུངས་ཁང་ནང་གི་ཐབ་ཀ་ལ་གྲོའི་ལྗང་མ་སྐྱེས་ཤིང་དགུན་དུས་སུ་ཡང་དེའི་ཉེ་འཁོར་གྱི་ཁམ་བུའི་སྡོང་པོ་ལ་མེ་ཏོག་དང་འབྲས་བུ་བཟང་པོ་བཏགས།  བྱ་ཐང་དཀར་རྒོད་པོ་མི་ཉུང་བས་འཁྲུངས་ཁྱིམ་གྱི་སྟེང་དུ་ལྡིང་སྐོར་ཡུན་རིང་བྱས་པ་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་བ་དེ་གའི་གྲོང་པ་ཁྱིམ་ཚང་རྣམས་ཀྱིས་མངོན་སུམ་དུ་མཐོང་།  དགུང་ལོ་བཞི་པར་སྐྱབས་མགོན་བཅུ་གསུམ་པ་ཆེན་པོའི་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེས་སྤང་ནང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་།  ཧོར་བྲག་འགོ་ཀེའུ་ཚང་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས།  དབུ་ཟུར་དཀའ་བཅུ་དབང་ལྡན་པའི་དྲུང་ནས་ཡི་གེའི་ཕྱི་མོ་ཀ་ཁ་ནས་འབྲི་ཀློག་དང་ཆོས་སྤྱོད་ལ་བརྩོན་པས་ཚེགས་མེད་དུ་མཁྱེན།  སྐུ་ན་ཆུང་དུས་ནས་དཔལ་མགོན་བྲན་བཞིན་བཀོལ།དགུང་གྲངས་བཅུ་གཅིག་པར་ཧོར་བྲག་མགོ་དགོན་པའི་སྨོན་ལམ་ཚོགས་དབུར་ཕེབས།  དེའི་ཕྱི་ལོར་རྟའུ་ཉ་མཚོ་དགོན་གྱི་སྨོན་ལམ་ཚོགས་དབུར་ཕེབས་པ་དང་སྐྱ་སེར་སྟོང་ཕྲག་ཁ་ཤས་ལ་སྒྲོལ་དཀར་ཚེ་དབང་གནང་།  རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ ༡༩༤༡ ལོར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཏེ་དཔལ་ལྡན་བློ་གསལ་གླིང་གི་ཆོས་སྒོར་ཞུགས་པ་དང་།  ཚོགས་ཆེན་སྤྲུལ་སྐུའི་མཚན་རྟགས་བཞེས།  ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་ཞལ་སྔ་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་གསོལ།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧོར་རྒན་བསོད་ནམས་མགོན་པོ་དང་།  མཁས་པའི་དབང་པོ་ཚུལ་ཁང་སྟོད་མཚམས་སྤྲུལ་སྐུ།  རིགས་པའི་དབང་ཕྱུག་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན།  ཚུལ་ཁང་དགེ་ཡེ་ཤེས་ཐུབ་བསྟན་སོགས་རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་ཞབས་རྡུལ་གཙུག་ཏུ་བཀུར་ཏེ་བསྡུས་རྟགས་ནས་བཟུང་གཞུང་ཆེན་སློབ་སྦྱོང་ཟབ་མོའི་དབུ་ཚུགས།  མངོན་རྟོགས་རྒྱན་དང་།  རྣམ་འགྲེལ་རྩ་བ།  དབུ་མ་འཇུག་པ།  མཛོད་རྩ་བ་བཅས་གསར་པ་ཡིན་པའི་སྐབས་ནས་ཐུགས་འཛིན་མཛད་ཅིང་།ཕར་ཕྱིན་ལ་སློབ་པའི་ཚེ་མངོན་རྟོགས་རྒྱན་སྔར་ནས་ཐུགས་འཛིན་གནང་ཟིན་ཐོག  འགྲེལ་པ་དོན་གསལ་དང་།  ཀུན་གཞི་རྩ་བ།  ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ་སོགས་ཐུགས་འཛིན་གནང་བ་དང་།  ཡོངས་འཛིན་དམ་པ་རྣམས་ཀྱི་ཞལ་སྔ་ནས་དེ་དག་འཆད་ཁྲིད་ཞུས་ཐོག་གཙོ་བོར་རྩོད་པའི་རིགས་འགྲོས་ལ་སྦྱངས་་པ་རྒྱ་ཆེར་མཛད།  ཆོས་མཚམས་སྐབས་སུ་ཐུགས་འཛིན་གནང་ཟིན་པ་རྣམས་སྐྱོར་སྦྱོང་ཡང་ཡང་གནང་།  དབུ་མ་འཛིན་གྲྭ་ལ་ཕེབས་སྐབས་རྩ་བ་ཤེས་རབ་ཆ་ཚང་དང།  ལེགས་བཤད་སྙིང་པོ་ཆ་ཚང་།  དབུ་མའི་སྤྱི་དོན་སོགས་ཐུགས་འཛིན་དང།  བློ་གླིང་གྲྭ་ཚང་གི་སྔར་སྲོལ་ལྟར་དབུ་མ་དགོངས་པ་རབ་གསལ་དང་།  དབུ་མའི་སྤྱི་དོན་གཉིས་སྤྱི་མཚུངས་ལྟར་དཔེ་ཁྲིད་ལེགས་པར་ཞུས་པ་མ་ཟད།  དམ་པ་འདིའི་རྩ་བའི་ཡོངས་འཛིན་མཁས་གྲུབ་གཉིས་ལྡན་གྱི་ཏྲེ་ཧོར་དགེ་བསོད་ནམས་མགོན་པོའི་ཞལ་སྔ་ནས་རྩ་་ཤེས་ཊིག་ཆེན་དང་།  ལེགས་བཤད་སྙིང་པོ།  དབུ་མ་དགོངས་པ་རབ་གསལ་སོགས་དོགས་དཔྱོད་དང་འབྲེལ་ནས་འཆད་ཁྲིད་ཡུན་རིང་ཞུས།  ཡོངས་འཛིན་དགེ་བསོད་ནམས་མགོན་པོ་མཆོག་དང་ཐུགས་འདྲིས་ཤིན་ཏུ་ཆེ་བ་མཁས་པའི་དབང་པོ་ཚུལ་ཁང་བླ་མ་རིན་པོ་ཆེའི་སྐུ་དྲུང་ནས་ཀྱང་དབུ་ཕར་སོགས་ལེགས་པར་གསན།  ལྷག་པར་དུ་བཤེས་གཉེན་དམ་པ་དེ་དག་གི་སྐུ་དྲུང་ནས་རྩ་བ་ཤེས་རབ་དང་།འཇུག་པའི་ཊིིག་ཆེན་སོགས་མཛུབ་ཁྲིད་དང་།  དཀའ་གནད་དོགས་དཔྱོད་ཞིབ་མོར་ཞུས།  ཚོགས་ཆོས་སོགས་ནི་རྒྱུན་ཏུ་ཆག་མེད་འགྲིམ།  དབུ་མ་བདག་འགོག་སྐབས་སུ་སྙན་གྲགས་ཆེ་བའི་བདག་འགོག་གི་ཚོགས་ལངས་བཞེངས་པ་དང་འབྲེལ།  ཚོགས་ཆེན་རྡོ་གཅལ་དུ་གྲྭ་ཚང་ཤར་ནུབ་གཉིས་ཀྱི་མཁས་དབང་དགེ་བཤེས་རྣམས་ཀྱིས་གཙོས་གྲྭ་མང་སྟོང་ཚོ་མང་པོའི་དབུས་སུ།  བདག་འགོག་དམ་བཅའ་བཞག་ནས་མཁས་པ་དགྱེས་པའི་མཆོད་སྤྲིན་རྒྱ་ཆེར་བཤམས།  འདུལ་བ་འཛིན་གྲྭ་རུ་ཕེབས་སྐབས་གངས་རིའི་ཁྲོད་ཀྱི་འདུལ་འཛིན་པ་ཀུན་གྱི་གཙུག་རྒྱན་ཏུ་གྱུར་པ་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་།  དམ་ཆོས་འདུལ་བ་དང་མཐུན་པར་བཅས་མཚམས་ཕྲ་མོ་ཚུན་ཆད་ཉམས་པ་མེད་པར་གཅེས་པའི་མིག་འབྲས་བཞིན་བསྲུང་བར་མཛད།  འདུལ་སྡོམ་རྒྱས་བསྡུས་གཉིས་ཐུགས་འཛིན་གནང་ཐོག་བསྟན་པའི་ནང་མཛོད་འདུལ་བ་སོ་ཐར་མདོ་དང་།  དེའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ།  དེའི་འགྲེལ་པ་ཀུན་མཁྱེན་མཚོ་སྣ་བའི་རྣམ་བཤད་ཉི་མའི་འོད་ཟེར།  པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བའི་མཐའ་དཔྱོད་སོགས་ལ་དཔྱིས་ཕྱིན་པར་སྦྱངས་པས་ཤིན་ཏུ་བྱང་ཆུབ་པར་གྱུར།  ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་རྫོང་དཀར་ཆོས་སྡེར་གསུང་ཆོས་གནང་སྐབས།  དཔེ་ཆ་ལ་གཟིགས་མི་དགོས་པར་འདུལ་བའི་བཅས་མཚམས་རྣམས་ཐུགས་ཐོག་ནས་ཤར་མར་གནང་བས་མཁས་དབང་དགེ་བཤེས་བརྒྱ་ཕྲག་གི་ཡིད་དབང་འཕྲོགས་ཏེ།  ཨེ་མ་འདི་འདྲའི་མཁས་པ་ཞེས་དད་འདུད་ཀྱིས་བསྟོད་བསྔགས་མང་དུ་ཕུལ་བས་མཁས་པ་མཁས་པའི་དབུས་སུ་མཛེས་པར་གྱུར།  ཚད་མ་རྣམ་འགྲེལ་ལ་སྦྱོང་ཚུལ་ཡང་འཇང་དགུན་ཆོས་སྐབས་སུ་ཚད་མ་རྣམ་འགྲེལ་གྱི་རྩ་བ་ལེའུ་དང་པོ་གཉིས་ཐུགས་འཛིན་དང་།  རྣམ་འགྲེལ་ཐར་ལམ་གསལ་བྱེད།  རྣམ་འགྲེལ་དགོངས་པ་རབ་གསལ་སོགས་གཙོས་པའི་རྣམ་འགྲེལ་གྱི་གཞུང་ཆེན་དུ་མར་དཔྱིས་ཕྱིན་པར་སྦྱངས།དེ་ལྟར་སློབ་གཉེར་ཟབ་མོ་བྱེད་མུས་སུ་ཕྱི་ལོ་༡༩༥༩ བར་དུ་བསྟུད་མར་བརྩོན་པ་ལྷོད་མེད་གནང་ཞིང་།ས་ཕག་ལོར་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས།  དེ་ནས་བཟུང་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་སོགས་ཀྱི་ཞབས་ལ་གཏུགས་ཏེ།  ཐོས་བརྩོན་ཆད་མེད་དུ་གནང་པས་མཁས་པའི་གོ་ས་མཐོན་པོར་གཤེགས་པ་བོད་ཕྱི་ནང་ཀུན་ལ་གྲགས་པའི་དབྱར་རྔ་བཞིན་ལྡིར།  དམ་པ་འདིས་དབང་ལུང་མན་ངག་ཐུགས་རྒྱུད་ལ་མནོས་ཚུལ་ནི་ལྷར་བཅས་འགྲོ་བའི་མགོན་པོ་༧གོང་ས་ སྐྱབས་མགོན་ཆེན་པོ་མཆོག་དང་།  སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས།  ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ།  བཀའ་རྒྱུད་བསྟན་པའི་གསལ་བྱེད་བསྟན་དགའ་རིན་པོ་ཆེ།  སྨྲ་བའི་དབང་ཕྱུག་ཕ་ར་ཉི་མ་རྒྱལ་མཚན།  སེར་བྱེས་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན།  གསེར་སྐོང་མཚན་ཞབས་རིན་པོ་ཆེ།  འཁྲུངས་སར་སྐུ་ཕྲེང་བཞི་པ་བློ་བཟང་དཔལ་ལྡན།  ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན།  ཀི་རྟིའི་མཚན་ཞབས་བློ་བཟང་འཇིགས་མེད་དམ་ཆོས།  ལྡན་མ་བློ་ཆོས་རིན་པོ་ཆེ་བློ་བཟང་ཆོས་དབྱིངས་སོགས་དབང་ལུང་མན་ངག་གི་མངའ་བདག་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་བཀའ་འགྱུར་དང་བསྟན་འགྱུར་གྱི་བཤད་ལུང་།  བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཆེན་བརྒྱད།  རྣམ་གྲོལ་ལག་བཅངས།  དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་།  ཡི་དམ་བདེ་གསང་འཇིགས་གསུམ་སོགས་ཆོས་ལུགས་རིས་སུ་མ་མཆིས་པའི་དབང་ལུང་མན་ངག་མང་ཆེ་བ་ཐུགས་ཀྱི་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ་དབང་ལུང་མན་ངག་གི་སྲོག་ཤིང་དུ་གྱར།  ནང་པའི་བསྟན་པ་ལ་འཇུག་མཁན་རྣམས་ཀྱིས་སྒྲུབ་པ་ཉམས་སུ་ལེན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པས་གྲུབ་དབང་འདིས་སྒྲུབ་པ་ལ་ཇི་ལྟར་ཉམས་སུ་བཞེས་ཚུལ་སྐོར་ལོ་རྒྱུས་དང་ངག་རྒྱུན་ལས་ཐོས་པ་འགའ་བཀོད་ན།  ཕྱི་ལོ་༡༩༥༩ ལོར་རྒྱ་ནག་དྲག་པོས་སྲིད་གཞུང་གིས་བཙན་གནོད་འོག་ནས་བྲོས་བྱོལ་ལ་ཕེབས་ནས་འབྲུག་པའི་ས་མཚམས་དང་ཉེ་སར་ཕེབས་འབྱོར་བ་ན།  གྲུབ་པའི་དབང་ཕྱུག་ཆེན་པོ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་དངོས་སུ་མཇལ་ཕྱག་ཞུ་རྒྱུ་བྱུང་བས།  དམ་པ་འདིས་དད་གུས་ཚད་མེད་དང་བཅས་པའི་སྒོ་ནས་ལུས་ངག་ཡིད་གསུམ་གྱིས་གུས་ཕྱག་སྔོན་དུ་བཏང་ནས་མནྜལ་རྟེན་གསུམ་འདེགས་འབུལ་དང་བཅས་གསོལ་བ་འདེབས་དོན།  སྔོན་ནས་ཡིད་ལ་བརྣགས་པའི་རེ་བ་ནི་རྗེ་དམ་པ་གང་ཉིད་ཀྱི་ཞབས་ཀྱི་པདྨོར་བསྟེན་ཏེ་ཐོས་དོན་སྒྲུབ་པ་ལ་གཞོལ་འདོད་ཡོད་པས་དེ་དོན་འོང་ཐུབ་པའི་གསོལ་འདེབས་སྨོན་ལམ་ཞུ་བ་ལགས་ཤིང་།  ལྷག་དོན་ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་མགོན་པོ་གང་གི་སྐྱབས་འོག་ནས་ནམ་ཡང་འདོར་བ་མེད་པར་རྗེས་སུ་འཛིན་པར་མཁྱེན་མཁྱེན་ཅེས་གསོལ་བ་ཤུགས་དྲག་བཏབ་པ་ན།  རྒན་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ཏེ་རྟེན་འབྲེལ་བཟང་ཞེས་གསུངས་ནས་རྡོ་དྲིལ་ཆ་ཚང་ཞིག་ཕྱག་ཏུ་གནང་ནས་བདག་སྤྲོད་གྱིས་གསུངས།    དེ་ནས་བཟུང་དམ་པ་འདི་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་དངོས་སློབ་རྣལ་མ་ཞིག་གྱུར།    ཉིན་ལྟར་དུས་ཡུན་མང་ཆེ་བ་གཙོ་བོ་ལམ་རིམ་ནས་གསུངས་པའི་དམིགས་རྣམ་སྐྱོང་ཚུལ་སོགས་བླ་མའི་བཀའ་དགོངས་བཞིན་ཉམས་བཞེས་མཛད།  ཕྱིས་སུ་རྒྱ་གར་དུ་ཕེབས་ནས་ཀྱང་སྐྱོར་དཔོན་རིན་པོ་ཆེའི་བཀའ་དགོངས་ལས་ནམ་ཡང་མི་འདའ་བར་དགེ་སྦྱོང་ཁོ་ན་ལ་རོལ་བ་སྟེ།  དཔེར་མཚོན་ཙམ་བཀོད་ན་ཌལ་ཧོར་དུ་བཞུགས་སྐབས་སྐྱོར་དཔོན་རིན་པོ་ཆེ་ནས་སློབ་བུ་རྣམས་ལ་ཆོས་དོན་གཉེར་གཙོ་བོ་དང་།  ཟ་འཐུང་ཡོ་བྱད་སོགས་ལ་ཆོག་ཤེས་བྱེད་དགོས་པའི་བཀའ་གནང་བ་ལྟར།  བོད་མི་སྐྱབས་བཅོལ་བ་སྤྱི་མཚུངས་ལ་ཡོད་པའི་གསོལ་ཕོགས་ཀྱང་ཡེ་ནས་མ་བཞེས་པར་གཞན་གྱི་སྒྲོལ་ཆོག་དང་།  དྲུག་ཅུ་མ་སོགས་བཏང་པའི་གཏོར་མ་ཁོ་ན་བཞེས་ནས་ལོ་ངོ་མི་ཉུང་བར་སྒྲུབ་པ་ལ་གཅིག་ཏུ་གཞོལ་བར་མཛད།  ན་བཟའ་ཡང་རྙིང་ཧྲུལ་ཅན་གྱི་ཆོས་གོས་རྣམ་གསུམ་དང་།  སྣམ་བུའི་གདིང་བ་ཚད་ལྡན་ཞིག་ལས་གཞན་གང་ཡང་བདག་གིར་བཞེས་སྲོལ་མེད།  དགུན་ཁ་གྲང་ངར་ཆེ་དུས་གཟིམ་ཁྲི་ཆག་གྲུམ་ཞིག་ཡོད་པ་དེ་མགོ་རྟིང་སློག་ནས་དེའི་ནང་དུ་སྣམ་བུའི་གདིང་བ་དེ་སྐུ་སྟོད་ལ་བཞེས་པ་དང་།  དབྱར་ཁ་ཚ་བ་ཆེ་སྐབས་གདིང་བ་དེ་འོག་ལ་བཏང་ནས་སྒྲུབ་པ་ལ་གཞོལ་བ་ཁོ་ནར་མཛད།  ལོ་མང་རིང་དེ་ལྟར་འཚོ་བ་ངན་ངོན་ཁོ་ནས་ཆོག་ཤེས་མཛད་ནས་གཙོ་བོ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་ཤུགས་དྲག་མཛད་པས་སྐུ་གཟུགས་རིད་པར་གྱུར།  དད་ལྡན་པ་རྣམས་ཀྱིས་རིན་པོ་ཆེ་སྐུ་གཟུགས་སྐྱོ་བོ་ཆགས་ཡོད་པ་སེམས་ཀྱིས་མ་བཟོད་པར།  ཟླ་གམ་དྲོན་པོ་ཞིག་དང་།བཞུགས་གདན་གསར་པ་སྤུས་ལེགས།  གསོལ་ཆས་བཅས་ཕུལ་སར་བཅར་ཀྱང་བཞེས་རོགས་མ་གནང་།  དགེ་བའི་བཤེས་གཉེན་ཆེན་པོ་དགེ་ཉི་མ་རྒྱལ་མཚན་བརྒྱུད་བསྐྱར་དུ་ཨུ་ཚུགས་ཀྱིས་ཕུལ་བ་ན།  ཟླ་གམ་དེ་བཞེས་རོགས་གནང་ཡོད་ཀྱང་།བཞུགས་གདན་དེ་ཡག་དྲགས་ནས་མི་རུང་གསུངས་ནས་གཞན་ལ་ཁ་རྙིང་ཐེབས་ཆག་ཅིག་དང་བརྗེ་ལེན་གནང་།  དེ་ལྟར་ལོ་མང་པོར་ས་གནས་དེར་གཙོ་བོ་སྒྲུབ་པ་ལ་གཅིག་ཏུ་གཞོལ་བར་མཛད།  འོན་ཀྱང་གཞུང་ཆེན་དང་ཁ་བྲལ་ནས་སྒྲུབ་པ་ལ་གཞོལ་བར་མཛད་པ་དེ་འདྲ་ནི་མ་ཡིན་པར་གཞུང་ཆེན་པོ་ལ་ཡང་ཐུགས་རྟོག་རྒྱུན་པར་མཛད་པ་སྟེ།ཌལ་ཧོར་དུ་སྒྲུབ་པ་ལ་གཙོ་བོར་གཞོལ་བའི་སྐབས་དེ་དུས་སུ་ཡང་རྒྱུན་དུ་དགོང་དྲོར་རྒྱན་འཇུག་གཉིས།  རྩ་ཤེ།  མཛོད་རྩ་བ།  རྣམ་རྩ།  འདུལ་སྡོམ་རྒྱས་པ།  སྤྱོད་འཇུག   དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཐུགས་འཛིན་གནང་ཟིན་པ་རྣམས་རེས་མོས་ཀྱིས་སྐྱོར་སྦྱངས་ཆག་མེད་མཛད།  དེ་ལྟར་སྒྲུབ་པ་ཉམས་སུ་ཇི་ལྟར་བླངས་ཚུལ་དཔེ་མཚོན་ཙམ་བཀོད་པ་ལས་རྒྱས་པ་ནི་མཛད་རྣམ་དད་གུས་འདྲེན་པའི་ཤིང་རྟ་ན་བཞུགས་པས་དེར་གཟིགས་རྒྱུ་ཤིན་ཏུ་གལ་ཆེན་པོར་མཐོང་།  སྔ་ཕྱི་དུ་མར་༧གོང་ས་སྐྱབས་མགོན་ཆེན་པོ་གཙོས་བོད་ཀྱི་བླ་རྒྱུད་སྐྱེས་ཆེན་སུམ་ཅུ་ལྷག་གི་ཞལ་སྔ་ནས་མདོ་སྔགས་ཕལ་ཆེ་བའི་དབང་ལུང་མན་ངག་རྒྱ་ཆེར་མནོས་པ་དེ་དག་གདན་ས་གསུམ་དང།  བཀྲིས་ལྷུན་པོ།  རྭ་སྟོད་སོགས་ཀྱིས་མཚོན་པའི་ས་ཁུལ་མི་འདྲ་བ་བརྒྱ་ཕྲག་ལ་ཞབས་ཀྱིས་བཅགས་ཏེ།  དད་ལྡན་གྱི་གདུལ་བྱ་ཁྲི་ཚོ་མང་པོ་དང་།  ལྷག་པར་དུ་བླ་སྤྲུལ་དགེ་བཤེས་སོགས་བསྟན་འགྲོ་ལ་ཕན་པ་རྒྱ་ཆེར་ཞུ་ཐུབ་མཁན་གྲངས་ཀྱིས་མི་ལང་པར་བླ་མའི་ཁྲིད་རྒྱུན་ཉམས་མེད་ཐོག་དབང་ལུང་བསྩལ་ཏེ་བསྟན་འགྲོ་ལ་སྨན་པའི་རླབས་ཆེན་གྱི་བྱ་བ་རྒྱ་ཆེར་བསྐྱངས།  དེ་དག་གི་དཔེ་མཚོན་ཙམ་ཞུས་ན།  ཕྱི་ལོ་༡༩༧༩ལོར་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་འབྲས་ཉག་རེ་བྲག་གཡབ་རྟོགས་ལྡན་་རིན་པོ་ཆེ་དང་།  འབྲས་ཕུ་ཁང་གྱང་དམར་རིན་པོ་ཆེ།དགའ་ཤར་དགེ་བཤེས་སོགས་སྐྱ་སེར་ལྔ་བརྒྱ་ལྷག་ལ་རྒྱལ་བའི་བཀའ་འགྱུར་ལྗགས་ལུང་དཀྱུས་ཀྱི་ཐོབ་ཡིག་བསྡུས་པ་ཐར་འདོད་སྤྱི་ནོར་ནང་གསལ་ལྟར་བསྩལ།  ལམ་རིམ་འཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་རྒྱས་པ་ཞིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བཀའ་དགོངས་གནང་བ་ལྟར་ཕྱི་ལོ་༡༩༨༤ལོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྩལ་གནང་བཀྲིན་བསྐྱངས།  ཕྱི་ལོ་༡༩༨༥ལོར་སྲད་རྒྱུད་གྲྭ་ཚང་གི་དགེ་འདུན་གཙོ་བོར་གྱུར་པའི་སེར་མོ་བ་ཁེ་གཙང་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་དབང་སྔོན་འགྲོ་སྟ་གོན་དང།  དབང་དངོས་གཞི་སྐུ་གཞིའི་ས་བོན་ཐེབས་ངེས་སུ་བསྩལ་ནས།གསང་འདུས་དམ་ཆོས་འགྲེལ་པ་བཞི་སྦྲགས་དབུ་བཙུགས་ཏེ་དཀྱུས་སུ་ཉིན་བསྟུན་ནས་རྫོགས་པར་བསྩལ་བ་དང་།  ཕྱི་ལོ་༡༩༨༦ལོར་སྦེལ་ཀོབ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གདན་ས་ཆེན་པོ་གསུམ་གཙོ་བོར་གྱུར་པའི་ཆོས་ཞུ་བླ་སྤྲུལ་དགེ་བཤེས་བརྒྱད་བརྒྱ་ལྷག་ལ་རྗེ་བླ་མའི་གསུང་འབུམ་ལྗགས་ལུང་གནང་།  ཕྱི་ལོ་༡༩༨༩ལོར་རྫོང་ཆོས་གྲྭ་ཚང་ནས་གསོལ་འདེབས་ཞུས་པ་བཞིན་ཆོས་ཞུ་བླ་སྤྲུལ་དགེ་བཤེས་བཞི་བརྒྱ་ལྷག་ལ་སྡོམ་གསུམ་བསླབ་བྱ་ནོར་བུའི་འོད་ཕྲེང་གི་བཀའ་ཁྲིད་རྒྱས་ཙམ་ཞིག་བསྩལ།  ཕྱི་ལོ་༡༩༩༠ ལོར་དཔལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གདན་ས་དགའ་འབྲས་གཉིས་ཀྱི་བླ་སྤྲུལ་དགེ་ཤེས་དང་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ལྷག་ལ་བསྟན་འགྱུར་མདོ་འགྲེལ་གང་ཡོད་ཀྱི་ལྗགས་ལུང་གནང།  འདི་དག་ནི་དཔེ་མཚོན་ཙམ་ཡིན་པ་ལས་མཐའ་དག་ནི་བརྗོད་ཀྱིས་མི་ལང་ངོ།  །མདོར་ན་སྔ་ཕྱི་དུ་མར་རྒྱ་གར་གྱི་ཡུལ་གྲུ་ཤིན་ཏུ་མང་པོ་དང་ཕྱི་རྒྱལ་སོགས་སུ་ཕེབས་ནས་མི་རིགས་མི་འདྲ་བའི་སེར་སྐྱ་སྟོང་ཚོ་མང་པོར་ནང་ཆོས་དང་མཐུན་པའི་ཡ་རབས་གོམས་སྲོལ་གྱི་བཀའ་སློབ་ཟབ་མོ་མང་དུ་གནང་ཞིང་།  བཀའ་ཆོས་དབང་ལུང་མན་ངག་གིས་ཀུན་ལ་ཕན་པ་རྒྱ་ཆེར་བསྐྲུན་ནས་བཙན་བྱོལ་ཁྲོད་ཀྱི་བཀའ་ཆོས་བླ་མ་སྙན་གྲགས་ཆེ་ཤོས་སུ་གྱུར།  ཕྱི་ལོ་༡༩༩༢ ལོར་རང་ཡུལ་ཏྲེ་ཧོར་རྟའུ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱིར་རང་ཡུལ་དུ་ཕེབས་གཏན་ཁེལ་བ་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁར་བཅར་ནས་བཀའ་དགོངས་དང་གསོལ་འདེབས་ཞུས་རྗེས་ཕ་ཡུལ་གྱི་ཕྱོགས་སུ་ཐོན།  རང་ཡུལ་རྟའུ་མི་མང་གིས་ཕེབས་བསུ་གཟབ་རྒྱས་ངང་ཧོར་རྟའུ་ཉ་མཚོ་དགོན་པར་གདན་ཞུས་བྱས།  རྟའུ་མི་མང་གིས་གཙོས་ཏྲེ་ཧོར་ཁུལ་གྱི་དད་ལྡན་པ་སྟོང་ཚོ་དུ་མར་དབང་ལུང་མན་ངག་དང་ཆོས་དང་འབྲེལ་བའི་བསླབ་བྱ་ཟབ་མོས་ཀུན་གྱི་ཡིད་ལ་རབ་དཀར་ཆོས་ཀྱིས་ཚིམས་པར་མཛད།  ལྷག་པར་ཏྲེ་ཧོར་རྟའུ་དགོན་པ་དང།  བྲག་མགོ་དགོན།  ལྕོག་རུ་དགོན།  དཀར་མཛེས་དགོན།  སྟོང་སྐོར་དགོན།  དར་རྒྱས་དགོན།  བེ་རི་འགྲོ་ཕན་དགོན།  མགར་ཐར་བྱམས་པ་གླིང་།  དར་མདོ་ལྔ་མཆོད་དགོན།  རྩིས་ཚང་དགོན།  རྫ་གླིང་བཀྲིས་དགོན།  གོ་ཐག་དགོན།  འདྲ་གདུགས་དགོན་སོགས་དགོན་སྡེ་དུ་མ་ནས་ན་གཞོན་ཆོས་སྒོ་ལ་ཞུགས་མཁན་ཉིས་བརྒྱ་དྲུག་ཅུ་ཙམ་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་།  དེའི་ནང་ནས་དྲུག་ཅུ་རེ་གཉིས་ལ་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་གནང་།  རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་མདུན་དུ་དེར་ཡོད་ས་གནས་མི་མང་དང་ཕྱོགས་མཐའ་ནས་ཕེབས་པ་སོགས་མི་མང་ཁྲི་ཚོ་གཉིས་ཙམ་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་།  སྐྱབས་འགྲོའི་བཤད་ཁྲིད་སོགས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་བསྩལ།  རྟའུ་ནང་བསྟན་སློབ་གྲྭའི་སློབ་སྤྱི་དང་སློབ་དགེ་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་རྟེན་འབྲེལ་བསྟོད་པ་དང་།  སྙན་ངག་གི་སྒྲ་རྒྱན་སོགས་འཆད་ཁྲིད་གནང་།  རྟའུ་ཉ་མཚོ་དགོན་པའི་སློབ་གྲྭ་གསར་འཛུགས་དང་།  དགོན་པར་ཆོས་ཁྲིམས་དག་ཐེར།  མི་མང་སྤྱི་ལ་དགེ་སྦྱོང་གི་བཀའ་སློབ་མང་དུ་གནང་ནས་ཕྱོགས་དེར་དཀར་ཆོས་རྣམ་པར་དག་པའི་འོད་ཀྱིས་ཁྱབ་པར་མཛད། མི་རིགས་ཀྱི་སྐད་ཡིག་གལ་ཆེན་ཡིན་པའི་བཀའ་སློབ་ཡང་ནས་ཡང་དུ་གནང་།  མཐར་ཕྱི་ལོ་༡༩༩༣ལོར་སྐུ་མྱ་ངན་ལས་འདས།

སྤང་ནང་སྐུ་ཕྲེང་བཞི་པ་བསྟན་འཛིན་བྱམས་པ་སྐལ་བཟང་མཆོག་ནི་ཕྱི་ལོ་༡༩༩༣ལོར་མདོ་ཁམས་རྟའུ་རྫོང་མ་ཟུར་ལོ་པ་ཆ་ཞེས་པའི་གྲོང་སྡེ་རུ་ཡབ་ཡ་མ་དར་རྒྱས་དང་ཡུམ་ཡ་མ་ལྷ་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།    ཕྱི་ལོ་༢༠༠༣ལོར་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་སྤང་ནང་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་།  ལོ་དེའི་ཟླ་༥པའི་ཚེས་༢༣ཉིན་ཡུལ་དགོན་གཅིག་པའི་ཤེས་འཇོན་ཅན་འགས་ཐབས་ཤེས་ཡོད་རྒུ་རྩལ་དུ་རྩལ་དུ་བཏོན་ཏེ་རྒྱ་གར་འཕགས་པའི་ཡུལ་ལ་གདན་འདྲེན་ཞུས།  ཕྱི་ལོ་༢༠༠༣ལོའི་ཕྱི་ཟླ་༦ཚེས་༢༩ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་སྐབས་ས་གནས་གཞིས་འགོ་གཙོས་སྐུ་གོང་མ་དང་ཆོས་འབྲེལ་ཡོད་པའི་སྐྱ་སེར་སྟོང་ཕྲག་བརྒལ་བས་ཕེབས་བསུ་གཟབ་རྒྱས་དང་སྐུ་གོང་མའི་གཟིམ་ཤག་ཏུ་གདན་འདྲེན་ཞུས།  ཕྱི་ལོ་༢༠༠༣ཕྱི་ཟླ་༧པའི་ཚེས་༣གྱི་གཟའ་སྐར་དགེ་བའི་ཉིན་སྐུ་ཁྲུས་དང་ན་བཟའ་གསོལ་ཏེ་རྟེན་འབྲེལ་གྱི་མཛད་སྒོ་ཞུས།  ཟླ་དེའི་ཚེས་༡༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ཕུད་བཞེས་པ་དང་དབྱངས་གསལ་སོགས་སློབ་སྟོན་གྱི་བཀའ་དྲིན་བསྐྱངས།  ལོ་དེའི་ཕྱི་ཟླ་༧པའི་ནང་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར།  བོད་ཀྱི་སྤྱི་སྐད་དང་བོད་ཡིག་སོགས་གང་མྱུར་ཤེས་ཐབས་སུ་རྡ་སྟེང་བུ་ཁྱིམ་སློབ་གྲྭར་འཛུལ་ཞུགས་གནང་།  སློབ་གྲྭར་བཞུགས་སྐབས་སུ་༧གོང་ས་མཆོག་གཙོས་པའི་བླ་སྤྲུལ་དུ་མའི་སྤྱན་སྔར་དབང་ལུང་མན་ངག་གི་ལུང་རྒྱུན་རྒྱ་ཆེར་གསན།  ཕྱི་ལོ་༢༠༠༤ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༡ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་རྡ་སར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོའི་ཕོ་བྲང་དུ་མགོན་པོ་གང་ཉིད་ཀྱིས་མཁན་པོ་གནང་སྟེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས།  ཕྱི་ལོ་༢༠༠༤ཟླ་༦ཚེས་༢༧ཉིན་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ཤིང་།  བླ་སྤྱི་དང་གྲྭ་ཚང་ཁག་གི་ཕྱག་མཛོད་དང་ཁང་ཚན་སོ་སོའི་ཁང་རྒན་རྣམས་ཀྱིས་གཙོས་སེར་སྐྱ་སྟོང་ཚོ་བརྒལ་བས་ཕེབས་བསུ་གཟབ་རྒྱས་དང་།  འབྲས་སྤུངས་ཏྲེ་ཧོར་ཁམས་ཚན་དུ་རྟེན་འབྲེལ་གྱི་མཛད་སྒོ་ལེགས་པར་བསྐྱངས།  ཟླ་༧ པའི་ཚེས་༢ ཉིན་གདན་ས་དགའ་འབྲས་གཉིས་དང་འབྲེལ་ཡོད་བླ་ཆེན་རྣམས་མཇལ་བཅར་དུ་ཕེབས་།  ཕྱི་ལོ་ ༢༠༠༤ ལོ་ཕྱི་ཟླ་ ༩ པའི་ཚེས་ ༡༦ ཉིན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཆོག་སྤྲུལ་གང་གི་ཡོངས་འཛིན་དུ་ཐད་བསྐོས་གནང་བའི་ཏྲེ་ཧོར་དགེ་བཤེས་ཚེ་རིང་ནོར་བུ་མཆོག་ལ་མཇལ་བཅར་མལ་ཌལ་རྟེན་གསུམ་བཏེགས་པ་དང་།  མཆོག་སྤྲུལ་གང་གི་ཡོངས་འཛིན་དུ་རྒྱལ་བས་བསྐོ་བཞག་གནང་བའི་བཀའ་རྒྱ་རྣམས་སྤྱན་འབུལ་ཞུས།  འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་དང་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་བཞེས།  ཆོས་ཞུགས་མཛད་སྒོའི་སྐབས།  འབྲས་སྤུངས་བླ་སྤྱི་དང་།  བློ་གླིང་གྲྭ་ཚང་།  ཏྲེ་ཧོར་ཁམས་ཚན་སོགས་ལ་གཏོང་སྒོ་གཟབ་རྒྱས་དང་སྐུ་མགྲོན་རྣམས་ལ་གསོལ་ཚིགས་གང་རྒྱས་ཕུལ་ཏེ་བླ་མ་གསར་པ་སྤྱི་མཚུངས་ལྟར་ཆོས་ཞུགས་ཀྱི་མཛད་སྒོ་ལེགས་པར་བསྐྱངས།  ད་ལྟ་གྲྭ་ཚང་འདི་ཉིད་ཀྱི་ཕར་ཕྱིན་ལོ་རིམ་བཞི་པ་དགེ་འདུན་ཉི་ཤུའི་འཛིན་གྲྭའི་ནང་ཕར་ཕྱིན་གྱི་གཞུང་ལ་སློབ་སྦྱོང་གཙོ་བོ་གནང་ཞོར་དུ་བརྡ་སྤྲོད་རིག་གནས་སོགས་ལ་ཡང་བརྩོན་མུས་སུ་བཞུགས་བཞིན་པའོ།།
དགོན་བདག་གཉིས་པ་རྒོད་ཆ་མཆོག་སྤྲུལ་སྐུ་ཕྲེང་དང་པོ་དགེ་བཤེས་འཕྲིན་ལས་རྣམ་རྒྱལ་མཆོག་ནི་རྒོད་ཆ་དུད་ཚང་དུ་རབ་བྱུང་བཅུ་བཞི་ཙམ་ལ་སྐུ་འཁྲུངས་དབུས་སུ་ཕེབས་ཏེ་དགའ་བྱང་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་གནང་སྟེ་ཐོས་བསམ་སློབ་གཉེར་ཡུན་རིང་གནངས་ཏེམཐར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ནས་རང་ཡུལ་དགོན་དུ་ཆིབས་བསྒྱུར་སྐྱོང་སྟེ་སྐུ་ཚེ་ནམ་འཚོ་བའི་བར་ཉ་མཚོ་དགོན་གྱི་བསྟན་པའི་བྱ་བ་ཐུགས་ཁུར་ཟབ་བཞེས་གནང་བ་སོགས་གཞལ་དུ་མེད་པའི་བཀའ་དྲིན་བླ་ན་མེད་པ་བསྐྱངས་ནས་མཐར་དགོངས་པ་ཆོས་དབྱིངསསུ་ཐིམ་པའི་ཚུལ་བསྟན། སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་ནི། རབ་བྱུང་བཅོ་ལྔ་པའི་འགོ་ཙམ་ལ་རྒོད་ཆ་བླ་བྲང་དུ་སྐུ་འཁྲུངས། ༸གོང་ས་སྐྱབས་མགོན་བཅུ་གསུམ་པ་མཆོག་གིས་དགེ་བཤེས་འཕྲིན་ལས་རྣམ་རྒྱལ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད། གདན་ས་ཆེན་པོ་དགའ་ལྡན་དུ་ཕེབས་ནས་ཐོས་བསམ་སློབ་གཉེར་ཡུན་རིང་གནང་སྟེ་མཁས་པར་གྱུར་པ་ན་རང་དགོན་དུཕེབས་ཏེ་དགོན་པའི་ཆོས་སྲིད་ཀྱི་ཐུགས་ཁུར་རྒྱ་ཆེ་བསྐྱངས་ཤིང་ལྷག་དོན་སྐབས་དེར་འཁྲུག་རྩོད་རྙོག་ཟིང་བྱུང་བ་རྣམས་ཆོས་ཕྱོགས་སུ་ཞི་བར་མཛད་པའི་སྒོ་ནས་དགོན་པའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་དབྱར་མཚོ་ལྟར་རྒྱས་པར་མཛད་ནས་གོང་མའི་རྣམ་ཐར་ཚུལ་བཞིན་བསྐྱངས་ཏེ་མཐར་དགུང་གྲངས་དྲུག་ཅུ་ཡས་མས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་ཉིན་བྱེད་ནི་ཁམས་རྟའུ་ཁུལ་དུ་རྒྱ་རིགས་དཀྱུས་མ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༥༧ ལོ་ལ་དགུང་ལོ་བཅུ་གཅིག་ཙམ་ལ་གདན་ས་ཆེན་པོ་དགའ་ལྡན་དུ་ཕེབས་ནས་ཆོས་ཞུགས་མཛད་ཀྱང་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་སྐབས་དགུང་གྲངས་བཅུ་གསུམ་ཙམ་ལ་ལྷ་ས་ལ་སྐུ་ཞི་བར་གཤེགས་སོ།།
སྐུ་ཕྲེང་བཞི་པ་བསྟན་འཛིན་རིག་བཟང་རྒྱ་མཚོ་མཆོག་ནི། རྟའུ་བ་ཡབ་རིན་ཆེན་ནོར་བུ་དང་ཡུམ་པད་དབྱངས་གཉིས་ཀྱི་སྲས་སུ་རྒྱ་གར་རྡོ་རྗེ་གླིང་དུ་འཁྲུངས། ༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གིས་རྒོད་ཆ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དགའ་ལྡན་དུ་ཆོས་ཞུགས་མཛད་ནས་བཤེས་གཉེན་དུ་མའི་ཞབས་པད་སྤྱི་གཙུག་ཏུ་བསྟེན་ནས་བསྡུས་བློ་རྟགས་གསུམ་དང་། ཕར་ཚད་དབུ་གསུམ་བཅས་ལ་སློབ་གཉེར་གནང་བཞིན་༸གོང་ས་སྐྱབས་མགོན་བཅུ་བཞི་པ་མཆོག་གི་ཞལ་སྔ་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་གནང་མཛད་དེ་ཐན་ཝན་དུ་དད་ལྡན་མང་ཚོགས་རྣམས་ལ་ཆོས་སྦྱིན་སྩལ་བཞིན་འཚོ་ཞིང་བཞུགས་སོ།།
ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ་སྐུ་ཕྲེང་དང་པོ་བློ་བཟང་སྦྱིན་པ་མཆོག་ནི་རྟའུ་ཁང་གསར་ཆ་རྒྱལ་གྲོང་དུ་སྐུ་འཁྲུངས་དབུས་སུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་མཛད་ནས་འཛིན་གྲྭའི་སྐྱོར་དཔོན་ཡང་གནང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་སྐབས་དེར་བློ་གླིང་གྲྭ་ཚང་ནས་མདོ་སྨད་མདོའི་ཕྱོགས་སུ་གྲྭ་ཚང་གི་འདུན་ཁང་གསར་བཞེངས་ཆེད་ཞབས་འདེབས་སྡུད་རུག་སོགས་གནང་མཁན་བླ་སྤྲུལ་དགེ་བཤེས་དྲག་གྲས་ཤིག་ཆེད་གཏོང་མཛད་དགོས་དུས་གྲྭ་ཚང་གི་བླ་སྤ?ུལ་དགེ་བཤེས་ཆེ་ཁག་རྣམས་ཀྱི་མཚན་ཐོ་བསྡུས་པ་ཡིན་ན་ཡང་བསྟན་སྲུང་གནས་ཆུང་ཆོས་རྒྱལ་ཆེན་པོ་ཐོག་ཕེབས་ཀྱིས་རྟའུ་དགེ་བཤེས་སྐྱོར་དཔོན་བློ་བཟང་སྦྱིན་པ་གང་ཉིད་ལ་མཇལ་དར་ནང་མཛོད་ཕྱག་ཏུ་ཕུལ་ནས་བློ་གླིང་འདུས་མང་ཡོངས་ཀྱི་ཆེད་དུ་མདོ་སྨད་ཕྱོགས་སུ་ཕེབས་དགོས་དུས་ལ་བབས་ན་གྲོགས་དང་འཕྲིན་ལས་གཟུགས་མེད་ངང་ནས་ཞུ་ཆོག་པ་སོགས་ཀྱི་བཀའ་ལུང་ཐོག་ཕེབས་བྱུང་བ་ལྟར་གྲྭ་ཚང་ནས་གསོལ་ཞབས་སྐུ་འཁོར་དྲུག་བཅས་མདོ་སྨད་ཕྱོགས་སུ་ཇི་ལྟར་ཕེབས་སྐུལ་མཛད་པ་བཞིན་མདོ་སྨད་ཡུལ་གྲུ་མང་པོ་ཞིག་ལ་བསྟན་འགྲོ་བའི་དོན་རྒྱ་ཆེར་མཛད་པ་མ་ཟད་འབུལ་རྫས་ཅི་བྱུང་ཐམས་ཅད་འདུན་ཁང་གས?་བཞེངས་ཆེད་གཙང་གནང་མཛད། མ་ཟད་སོགས་ཡུལ་སོགས་སུའང་ཕེབས་ནས་ཆུ་མེད་སར་ཆུ་བཏོན་པ་སོགས་ཀྱི་གྲུབ་རྟགས་སྣ་ཚོགས་བསྟན་དེར་དབུ་མའི་ལྟ་ཁྲིད་དང་སྔགས་ཀྱི་ས་ལམ་བཅས་ཀྱི་བཀའ་རྩོམ་ཡང་མཛད། ཆོས་སྦྱིན་མཛད་པ་སོགས་ཀྱིས་ཡུལ་གྲུ་འདིར་སྙན་གྲགས་དང་མཛད་པ་འཕྲིན་ལས་གང་སར་ཁྱབ། སླར་དབུས་སུ་ཕྱིར་ཕེབས་ཀྱིས་དད་རྫས་རྣམས་སྔར་བཞིན་མཛད་ནས་ཡངས་ཤིང་རྒྱ་ཆེ་ལ་ཤིན་ཏུ་བཀོད་པ་ལེགས་པའི་བློ་གླིང་གྲྭ་ཚང་གི་འདུ་ཁང་རྟེན་དང་བརྟེན་པ་བཅས་ད་ལྟ་མཇལ་རྒྱུ་ཡོད་པ་འདི་གསར་དུ་བཞེངས་གནང་མཛད་པ་མ་ཟད་རྒྱལ་བའི་བཀའ་འགྱུར་གྱི་ལྗགས་ལུང་དང་ཆོས་འཁོར་མང་དུ་བསྐོར་བ་སོགས་ཀྱིས་མཛད་རྗེས་ཆེ་བས་ན་ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ་ཞེས་མཚན་སྙན་ཡོངས་སུ་གྲགས། བསྟན་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་མཐར་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
སྐུ་ཕྲེང་གཉིས་པ་མཆོག་ནི་འདམ་ཁོག་ཕྱོགས་སུ་སྐུ་འཁྲུངས་པ་ན་སྐུ་ཕྲེང་དང་པོ་མཆོག་བློ་གླིང་གྲྭ་ཚང་ལ་ཆོས་སྲིད་དཔལ་འབྱོར་གང་གི་ཐད་ནས་ཀྱང་མཛད་རྗེས་དང་བཀའ་དྲིན་ཤིན་ཏུ་ཆེ་བས་ན་གྲྭ་ཚང་རང་གིས་ཡང་སྲིད་རྩད་གཅོད་གནང་སྟེ་ཆོས་ཞུགས་སོགས་ཀྱི་མཐུན་རྐྱེན་གྲྭ་ཚང་གིས་གནང་ཞིང་འབྲས་སྤུངས་སུ་གསན་བསམ་གང་འཚམས་གནང་ནས་དགེ་བཤེས་ཆུང་ཁག་གི་མཚན་རྟགས་ཤིག་བཞེས་འོན་ཀྱང་མངོན་ཤེས་སོགས་མཁྱེན་པ་ཐོགས་མེད་ཡིན་པ་ཚང་མ་ལ་ཡོངས་གྲགས་ལྟར་གྱུར། རབ་བྱུང་བཅུ་དྲུག་ས་ཕག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་ནས་དགུང་གྲངས་བདུན་ཅུ་དོན་ལྔ་ཙམ་ལ་མ་སི་རིར་སྐུ་ཞི་བར་གཤེགས།
སྐུ་ཕྲེང་གསུམ་པ་བསྟན་འཛིན་ལུང་རྟོགས་མཆོག་ནི་རྒྱ་གར་བྱང་ཕྱོགས་ཀུ་ལུ་མ་ན་ལིར་ཡབ་བློ་བཟང་དོན་འགྲུབ་དང་ཡུམ་འཆི་མེད་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་༸གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གིས་ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་བའི་ཐོག་ཕྱི་ནང་གི་རིག་གནས་དང་གཙོ་བོར་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་མཐར་སོན་ཏེ་དགེ་ལུགས་རྒྱུགས་སྤྲོད་སོགས་ལེགས་གྲུབ་བྱུང་ནས་མཐར་གདན་ས་གསུམ་ནས་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། དེ་རྗེས་ཧི་མ་ལ་ཡ་ཀ་རུ་ན་ནང་པའི་རིག་གཞུང་གཅེས་སྐྱོང་སློབ་གྲྭ་གསར་འཛུགས་གནང་ཏེ་དེའི་འགན་འཛིན་གནང་ཐོག་གཞན་ཕན་གྱི་མཛད་རྗེས་རླབས་ཆེན་སྐྱོང་གནང་མཛད་དེ་ད་ལྟ་འཚོ་ཞིང་བཞུགས་སོ། །བཀའ་འགྱུར་རིན་པོ་ཆེ་དང་དགེ་བཤེས་ཡ་མ་ཚོགས་པ་རྣམ་གཉིས་ནི་རྟའུ་ཁང་གསར་ཆ་རྒྱལ་ཧར་དེའུ་ཚང་ནས་ཁྱིམ་གཞི་གཅིག་ཡིན་ནོ། །མཁའ་ཉ་སྤྲུལ་སྐུ་བློ་བཟང་བསྟན་པ་རབ་རྒྱས་མཆོག་ནི་མཁར་ཉ་གྲོང་དུ་སྐུ་འཁྲུངས་དབུས་སུ་ཕེབས་ཏེ་གདན་ས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ལོ་ཤས་རིང་གཞུང་ལུགས་ཁག་ལ་སློབ་གཉེར་ཚུལ་བཞིན་མཛད། སླར་ཡུལ་དགོན་དུ་ཕེབས་ནས་འཇིགས་བྱེད་བསྙེན་ཆེན་སོགས་ཐོས་དོན་སྒྲུབ་ལ་གཞོལ་བའི་སྐབས་དེར་ཕྱི་ལོ་ ༡༩༥༩ དུས་ལོག་བྱུང་སྟེ་རྒྱ་དམར་གྱིས་ལོ་ངོ་ཉི་ཤུརིང་བཙོན་འོག་ཏུ་བཙུད་ནས་འོ་རྒྱལ་ཚད་མེད་བཏང་། མཐར་ཕྱི་ལོ་ ༡༩༨༠ ཙམ་ལ་བཙོན་འོག་ནས་གློད་གྲོལ་བཏང་སྟེ་ཡུལ་དགོན་དུ་ཕེབས་ནས་བསྟན་པའི་རྩ་བ་སོ་ཐར་གྱི་བསླབ་སྡོམ་སོགས་དམ་ཆོ་འདུལ་བའི་སྲོལ་བཟང་རྣམས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཉམས་གོང་སྤེལ་གྱི་མཛད་བཟང་བསྐྱངས་བ་སོགས་བསྟན་པའི་མེ་རོ་སླར་གསོ་མཛད་པའི་བཀའ་དྲིན་རླབས་པོ་ཆེ་སྐྱོང་བཞིན་པའི་ངང་ ༡༩༨༨།༡༢།༢༡ ཉིན་སྐུ་ཞི་བར་གཤེགས། སྐུ་ཕྲེང་གཉིས་པ་བསྟན་འཛིན་མཁས་བཙུན་ནི་ཤིང་ཕག་ལོར་རྟའུ་ཉ་མཚོ་གྲོང་དུ་ཡབ་འགྱུར་མེད་དང་ཡུམ་ཡ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་༸གོང་ས་སྐྱབས་མགོན་བཅུ་བཞི་པ་མཆོག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༨ པའི་ནང་རྒྱ་གར་ཕེབས་ནས་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གསན་བསམ་སློབ་གཉེར་གནང་བཞིན་འཚོ་ཞིང་བཞུགས།
ཉ་ལི་རིན་པོ་ཆེ་སྐུ་ཕྲེང་དང་པོའི་རྣམ་ཐར་གསལ་པོ་ཞིག་མཇལ་རྒྱུ་དཀོན་པས་འབྲི་ཐབས་བྲལ།
སྐུ་ཕྲེང་གཉིས་པ་རྒྱལ་རོང་ཕྱོགས་སུ་སྐུ་འཁྲུངས་གྲྭ་ས་དགའ་ལྡན་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་ཁག་ལ་གསན་བསམ་མཛད། ཕྱིར་རང་དགོན་དུ་ཕེབས་ནས་མཐུ་སྟོབས་ནུས་ལྡན་ཞིག་བྱུང་ཚུལ་ལ་གཞན་མ་ཐོས། སྐུ་ཕྲེང་གསུམ་པ་བྱམས་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་ནི་དཀར་མཛེས་སུ་སྐུ་འཁྲུངས་ནས་དབུས་ཕེབས་ཏེ་དགའ་ལྡན་དུ་ཆོས་ཞུགས་ཀྱིས་ལོ་ངོ་བརྒྱད་དགུ་ཙམ་རིང་བསྡུས་བློ་རྟགས་གསུམ་དང་ཕར་ཚད་དབུ་གསུམ་སོགས་ལ་སློབ་གཉེར་མཛད། སྐབས་དེར་ཕྱི་ལོ་ ༡༩༥༩ ལོར་དུས་ལོག་བྱུང་སྟེ་རྒྱ་གར་དུ་ཕེབས་སྦག་ས་ཆོས་སྒར་དུ་ལོ་ཤས་བཞུགས། དེ་ནས་རྡ་སར་དགེ་འོས་སློབ་སྦྱོང་དུ་ཕེབས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས། རྡ་ས་བོད་ཁྱིམ་དུ་སློབ་དགེ་ལོ་ཤས་མཛད། རྗེས་སུ་ལྷོ་ཕྱོགས་དགའ་བྱང་གྲྭ་ཚང་གི་སློབ་གྲྭའི་དབུ་དགེ་གཅིག་ལྕོགས་གནང་བཞིན་དབྱིན་བོད་རིག་གནས་ཐུན་མོང་བ་ལའང་ཞིབ་པར་སྦྱངས། དེ་ལུགས་ཚོགས་པའི་དབུ་ལས་གནང་བཞིན་པའི་སྐབས་ཕྱི་ལོ་ ༡༩༩༡ ཟླ་ ༢ པའི་ནང་རྡ་སར་དགོངས་པ་རྫོགས། སྐུ་ཕྲེང་བཞི་པ་བསྟན་འཛིན་ཕན་བདེ་མཆོག་ནི་ཕྱི་ལོ་ ༡༩༩༢ ལོར་ལྷོ་ཕྱོགས་མོན་གྷོན་གཞིས་གྲོང་བདུན་པའི་ནང་སྐུ་འཁྲུངས། ༸གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ཕྱི་ལོ་ ༡༩༩༩ ལོར་དགའ་བྱང་གྲྭ་ཚང་དུ་ཆོས་ཞུགས་གནང་ད་ལྟ་ཚོགས་ཆོས་སོགས་གསན་བསམ་སློབ་གཉེར་གནང་བཞིན་འཚོ་ཞིང་བཞུགས།
རྟའུ་ལ་ཐོག་རིན་པོ་ཆེའི་སྐུ་ཕྲེང་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་རྣམ་ཐར་གསལ་ཁ་མེད་པས་འཁོད་ཐབས་བྲལ་ཡང་སྐུ་ཕྲེང་བཞི་པ་བསྟན་འཛིན་སྐལ་བཟང་མཆོག་ནི་རྒྱ་གར་དུ་ཡབ་བསྟན་པ་ཤཀྱཱ་དང་ཡུམ་བསྟན་འཛིན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་དགུང་གྲངས་བཅུ་གཉིས་ཙམ་ལ་དགའ་བྱང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན་མཛད་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ་འཚོ་ཞིང་བཞུགས།
བྲུའུ་སྐུ་ཞབས་སྐུ་ཕྲེང་དང་པོ་བློ་བཟང་བསམ་གཏན་ནི་སྦར་ཞབས་བྲུའུ་གྲོང་དུ་སྐུ་འཁྲུངས། དགའ་ལྡན་དུ་ཆོས་ཞུགས་མཛད་ནས་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་གནང་ནས་དགེ་བཤེས་ལྷ་རྣམས་པའི་མཚན་རྟགས་བཞེས། སླར་ཡུལ་དགོན་དུ་ཕེབས་ནས་ཉ་མཚོ་དགོན་པའི་གདན་ས་འཛིན། སྐུ་ཚེ་སྨད་དུ་བྲག་དཀར་སྦ་ཞབས་རི་ཁྲོད་དུ་མཚམས་བསྙེན་སྒྲུབ་ཡུན་རིང་བཞུགས་ཏེ་རྟོགས་པའི་ས་མཐོན་པོར་ཕེབས་ཚུལ་གྲགས། དགུང་གྲངས་དོན་ལྔ་ཙམ་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས།
སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་འབྱོར་རྒྱལ་མཚན་ནི་ཡབ་མགོན་པོ་ནོར་བུ་དང་ཡུམ་ས་བདག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
༸གོང་ས་སྐྱབས་མགོན་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་གྲངས་བཅོ་ལྔ་ཙམ་ལ་ཞི་བར་གཤེགས། སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་འབྱོར་མཆོག་ནི་ཡབ་བསྟན་འཛིན་བཀྲ་ཤིས་དང་ཡུམ་གསེར་འོད་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་དང་བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་རྣམ་གཉིས་ཀྱིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་དྲུག་ནས་བཅོ་ལྔ་བར་དགེ་བཤེས་ལྷ་མོ་བསམ་གྲུབ་མདུན་ཡི་གེ་འབྲི་ཀློག་སོགས་སྦྱངས་ནས་དབུས་སུ་ཕེབས། དགའ་ལྡན་དུ་ཆོས་ཞུགས་མཛད། ཡོངས་འཛིན་དགེ་བཤེས་རྟ་མགྲིན་མགོན་པོ་དང་རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་དང་ཁང་གསར་སྐུ་ཞབས་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་གཞུང་ལུགས་ཁག་ལ་སྦྱངས་པ་ཡུན་རིང་མཛད་ནས་དགུང་ལོ་ཉེར་བཞི་སྟེང་རང་ཡུལ་དུ་ཕྱིར་ཕེབས་ནས་ཉ་དགོན་དུ་གདན་ས་མཛད། ཕྱི་ལོ་ ༡༩༥༩ ནས་རྒྱ་དམར་གྱི་ཟིང་འཁྲུག་འོག་འགལ་རྐྱེན་འོ་རྒྱལ་མང་པོ་འཕྲད་ཀྱང་ཚེ་སྲོག་གི་ཉེན་ཁ་ལས་ཐར། ཕྱིས་སུ་ ༢༠༠༡ ཟླ་ ༡ ཚེས་ ༢ ལ་སྐུ་ཞི་བར་གཤེགས།



0 མཆན།:

དཔྱད་མཆན་སྤེལ།