2015-03-31

མཁན་སྤྲུལ།

ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ།

ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ་ནི།  མདོ་ཁམས་ཏྲེ་ཤོད་ཡུལ་གྱི་ཤིང་ས་ལ་ལྟ་བུའི་རིགས་རྒྱུད་མངོན་པར་མཐོ་བ་ཧོར་ཇིང་གིར་སི་ཐན་གྱི་རྒྱལ་པོའི་གདུང་རྒྱུད།  རྫ་ག་ཡས་མགོ་ནས་ཤིང་ཁོག་བྲག་མགོ་བར་སྟོབས་ཀྱི་དཔུང་པ་བརྟན་པོས་དབང་བསྒྱུར་བ་ཧོར་ནམ་མཁའ་རྒྱ་མཚན་གྱིས་ཡུམ་གསུམ་བཞེས་པས་བུ་དྲུག་བྱུང་བར་ཧོར་མ་གསུམ་བུ་དྲུག་ཅེས་གྲགས་པ་ལས་བཙུན་མོ་ཆེ་བའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཡོས་༡༦༣༩ལོར་སྐུ་འཁྲུངས།  སྐུ་ན་ཆུང་དུས་ནས་རང་གི་ཁུ་བོ་དཀའ་བཅུ་ནམ་མཁའ་འོད་ཟེར་ལས་ཡི་གེ་ཕྱི་མོ་ཀ་ཁ་ནས་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་ལམ་རིམ་སོགས་བསླབས་པས་ཚེགས་མེད་དུ་མཁྱེན།  དབུས་སུ་བྱོན་ནས་ཇོ་ཤཱཀ་རྣམ་གཉིས་དང༌།  གཙང་གི་ས་སྐྱ་སོགས་སུ་མཆོད་མཇལ་དང་གནས་སྐོར་རྒྱ་ཆེར་བྱས།  གདན་ས་འབྲས་སྤུངས་བློ་གསལ་གླིང་གི་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་གནང་།   གདན་ས་གསུམ་ལ་མང་ཇ་དང་སྐུ་འབྱེད།  ཏྲེ་ཧོར་ཁང་ཚན་རྣམས་ལ་ཚོམས་ཇ།  བློ་གླིང་དུ་གྲྭ་ཇ་དང་ཐེབས་རྩ་རྒྱ་ཆེར་བྱས།  མཁས་པའི་དབང་པོ་ལྕང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོ་དང༌།  ཉག་རེ་དགེ་འདུན་གྲགས་པ།  གྲ་ནང་བསྟན་པ་རྒྱ་མཚོ་སོགས་ལ་བསྡུས་གཞུང་ནས་དབུ་ཕར་འདུལ་མཛོད་ཀྱི་གཞུང་ལུགས་ཆེན་པོ་དག་ལ་བསླབ།  གསང་ཕུ་ར་བ་སྟོད་དུ་སྡེ་བདུན་མདོ་དང་བཅས་པར་བསླབས་པས་མཁས་པར་གྱུར།  རྒྱལ་བ་ལྔ་པའི་དྲུང་ནས་རབ་བྱུང་བསྙེན་རྫོགས་ཞུས་པའི་མཚན་ལ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་གནང༌།  གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་བྱས་པའི་འབྲས་རྟགས་སུ་ལྷ་ལྡན་དུ་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད་དེ་མཁས་པའི་མཚན་སྙན་འབར།  རྒྱུད་སྨད་དུ་ཕེབས་ཏེ་གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ལ་གསན་བསམ་ཉམས་བཞེས་རྒྱ་ཆེར་མཛད།  པཎ་ཆེན་བློ་བཟང་ཆོས་རྒྱན་དང༌།  རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ།  འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ།  དྲུང་པ་རྒྱལ་ཚབ་སོགས་སྐབས་དེའི་དབུས་གཙང་གི་བླ་མ་དགེ་བཤེས་འཕྲིན་ལས་ཀྱི་འཇུག་པ་ཡངས་པའི་སྐྱེས་ཆེན་ཕལ་བོ་ཆེའི་ཞབས་རྡུལ་ཉེ་བར་བསྟེན་ནས།  མདོ་སྔགས་ཀྱི་ལམ་རིམ་དང༌།  ཡི་དམ་གསང་བདེ་འཇིགས་གསུམ་དང༌།  མགོན་པོ་ཆེ་ཆུང་གིས་མཚོན་ས་སྐྱའི་གསེར་ཆོས་ཀྱི་སྐོར་སོགས་མདོར་ན་རིས་སུ་མ་ཆད་པའི་གྲུབ་མཐའ་ཁག་གི་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་དུ་གསན།  ལྷག་པར་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེའི་རྣམ་ཐར་གཙང་མ་བདག་གིར་མཛད་པ་ཐུགས་ཀྱི་མཐིལ་དུ་འཛིན།  རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ཕྱི་ལོ་ ༡༦༥༤ལོར་སོག་པོ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་ཚེ་འཕོས་པའི་དགོངས་རྫོགས་སུ་རང་གི་མངའ་རིས་སུ་གཏོགས་པ་མདོ་ཁམས་ཏྲེ་ཧོར་ཁུལ་དུ་དགེ་ལྡན་བསྟན་པ་འཛིན་པའི་ཆོས་སྡེ་དུ་མ་གསལ་འདེབས་གནང་རྒྱུ་ཁས་ལེན་ཞུས།  ྋགོང་ས་ལྔ་པ་ཆེན་པོས་ཀྱང་རྗེ་འདི་ཉིད་ཧོར་གྱི་དཔོན་རྒྱུད་སོང་གཤིས་ཐུགས་ལ་བཏགས་ཏེ།  ཧོར་ཆོས་རྗེ་ཏཱའི་སི་ཏུ་དུ་ཝན་ཤ་ཞེས་པའི་བླ་དཔོན་ཟུང་འབྲེལ་གྱི་ལུང་གི་ཆོ་ལོ་གནང༌།  རྫ་ཁོག་ག་ཡས་མགོ་ནས་རྟའུ་བར་ལུགས་གཉིས་ཀྱིས་འཁོར་ལོས་བསྒྱུར་བའི་བསྟན་པའི་བདག་པོར་དབང་བསྐུར།  ཕྱིན་ཆད་ཧོར་གྱི་བླ་རབས་རིམ་བྱུང་གི་ལུང་ལས་དེ་འཛིན་དགོས་པའི་བཀའ་ཁྱབ་གནང་བ་དང་ཆབས་ཅིག་ལུགས་ཟུང་གནས་ལ་ཕུག་རྒྱངས་ཡངས་པོའི་བསླབ་བྱ་དུ་མ་གནང་བའི་བཀའ་དྲིན་སྐྱོང༌།  རབ་བྱུང་བཅུ་གཅིག་པའི་ལྕགས་གླང་ཕྱི་ལོ་ ༡༦༦༡ལོར་སྟོན་འཁོར་ལྷན་ཅིག་རང་ཡུལ་མདོ་ཁམས་སྨན་ལྗོངས་ས་ཡི་ཐིག་ལེ་ཏྲེ་ཤོད་ཧོར་གྱི་རྒྱལ་ཁབ་ཆེན་པོར་ཞབས་ཟུང་འཁོར་ལོའི་རེ་ཁཱ་མངོན་པར་བཀོད་དེ།  རང་གི་ཞང་པོ་བཀའ་བཅུ་ནམ་མཁའ་འོད་ཟེར་ཀྱིས་གདན་ས་ཤུག་རི་དགོན་དུ་མཁར་དཀར་པོ་ཞེས་པ་གསར་བཞེངས་དང་འབྲེལ།   ྋགོང་ས་ལྔ་པའི་ཆོ་ལོ་དང་རང་གི་མཁས་བཙུན་བཟང་པོའི་ཡོན་ཏན་བཅས་ལ་བརྟེན་ནས་ཧོར་སྡེ་སྟོད་སྨད་ཀུན་གྱིས་གཙུག་ཏུ་བཀུར།  རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ཕྱི་ལོ་ ༡༦༦༢ལོར་ལྷ་དང་བླ་མའི་ལུང་བསྟན་དུས་ལ་བབ་པ་ལྟར་རང་གི་ཁུ་བོའི་གདན་ས་ཤུག་རི་དགོན་དེ་ཉིད་དགེ་བཅུ་ཚང་བའི་ས་དཔྱད་ཕུན་སུམ་ཚོགས་པ་དཀར་མཛེས་གྲོང་སྡེའི་ཀླད་དུ་སྤོས།  རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་ཕྱི་ལོ་༡༦༦༤ ལ་དཀར་མཛེས་དར་རྒྱས་ནོར་བུའི་གླིང་ཞེས་བཏགས།  གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་འཆི་མེད་བཟོ་བོ་བི་ཤྭ་ཀརྨས་ཀྱང་འགྲན་དུ་མེད་པའི་ཆོས་སྡེ་ཆེན་པོ་འདི་བཞིན་བསྐྲུན་པ་ནས་དགེ་ལྡན་ལུགས་བཟང་འཛིན་པའི་དགེ་འདུན་གྱི་སྡེ་ཆེས་ཆེར་འཕེལ།  དེ་ལ་བརྟེན་ནས་སྡེ་འདིར་ཆོས་འབྱོར་སྤྲིན་གྱི་བ་གམ་ཡངས་པོས་རྫོགས་ལྡན་དཔྱིད་ཀྱི་དཔལ་ཡོན་ཅི་ཡང་དར་བས་ཡུལ་ཁམས་སྤྱིའི་མིང་ཡང་དཀར་མཛེས་ནོར་བུའི་གླིང་ཞེས་དེང་སང་གི་བར་དུ་ཡོངས་སུ་གྲགས་པ་འདི་ཉིད་བྱུང་བ་ཡིན་ནོ།  །དེ་ནས་རིམ་པ་བཞིན་བཀྲིས་དར་རྒྱས་དགོན།  བེ་རི་འགྲོ་ཕན་གླིང༌།  གྲ་ལྕོག་དགོན།  བསམ་འགྲུབ་དགོན།  ཁང་དམར་དགོན།  བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང༌།  རྟའུ་ཉ་མཚོ་དགོན།  བཀྲ་ཤིས་བརྩེ་དགོན།  ལྕོག་རི་དགོན།  རྫ་ཉ་འགེ་དགོན།  ༼ཁ་ཤས་ནང་སྙི་མཁའ་གཉའ་དགོན་བགྲང་སྣང༌། ༽ རྩིས་ཚང་དགོན་ཏེ་བཅུ་གཉིས་༼དེའི་སྐུ་ཚ་རྫ་ཆོས་རྗེ་སྐུ་ཕྲེང་གཉིས་པ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་དགོན་གསར་དགོན་པ་བསྣན་པས་བཅུ་གསུམ་ཡིན་༽ཕྱག་བཏབ་སྟེ་ཧོར་ཁོག་ཁུལ་དུ་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་ཀྱི་རྣམ་ཐར་གཙང་མ་བདག་གིར་མཛད་དེ་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་དང་འཕྲིན་ལས་བཟང་པོ་སྐྱོང་བཞིན་པའི་མུར།  གློ་བུར་དུ་དགུང་ལོ་སོ་བདུན་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོར་དགོངས་པ་ཞི་བར་གཤེགས།  །

ཧོར་ཆོས་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།

ཧོར་ཆོས་རྗེ་སྐུ་ཕྲེང་དང་པོ་བློ་བཟང་བསྟན་འཛིན།

ཧོར་ཆོས་རྗེ་སྐུ་ཕྲེང་དང་པོ་བློ་བཟང་བསྟན་འཛིན་ནི།  ཡབ་ཧོར་ས་སྐྱོང་ནམ་མཁའ་རྒྱལ་མཚན་དང༌།  ཡུམ་བཙུན་མོ་གསུམ་ལས་ཆུང་བའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་ཕྱི་ལོ་ ༡༦༤༤ ལོར་ཏྲེ་ཤོད་ཧོར་གྱི་རྒྱལ་ཁབ་ཏུ་སྐུ་འཁྲུངས།  འདིའི་མ་གཅིག་པའི་ཕུ་བོ་ནོར་བུ་ཡིན་ཞིང་ནར་སོན་དུས་ཡབ་ཀྱིས་དབང་བསྐུར་བ་ལྟར་བྲག་མགོ་དཔོན་པོ་གནང་།  རྗེ་འདི་ཉིད་ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དང་ཡབ་གཅིག་པའི་ནུ་བོ་ཡིན།
སྐུ་གཞོན་དུས་ནས་དམ་པའི་བག་ཆགས་བཟང་པོའི་ཡི་གེ་འབྲི་ཀློག གཞུང་དང་གདམས་ངག་འདོན་ཆོག་སོགས་ཀྱི་བསླབ་སྦྱོང་ལ་ཐུགས་བརྩོན་ཆེ་ཞིང༌།  ཁུ་བོ་ནམ་མཁའ་རྒྱལ་མཚན་དང༌།  ཕུ་བོ་བཀའ་བཅུ་བ་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་སོགས་ལས་དམ་པའི་ཆོས་ལ་མཁས་པར་སྦྱངས།  རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོའི་ཟླ་བ་དྲུག་པའི་ནང།  ཆོས་རྗེ་དཀའ་བཅུ་བ་དང་ལྷན་ཅིག་ྋགོང་ས་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་བའི་བཞུགས་སྒར་འབྲི་ཕུ་ནམ་མདོར་ཕེབས་ཐོག་སྐུ་དྲུང་དུ་མཇལ་ཞིང་དངོས་འབུལ་གྱི་མཆོད་སྤྲིན་རྒྱ་ཆེར་ཕུལ་ཅིང༌།  ཉི་མ་བཞི་ཙམ་གྱི་བར་ཆིབས་སྐྱེལ་གྱི་ཚུལ་དུ་སྟབས་གཅིག་ཏུ་བྱོན།  རྒྱལ་དབང་མཆོག་ལས་དགེ་ཚུལ་གྱི་སྡོམ་པ་ཞུས་པའི་མཚན་ལ་བློ་བཟང་བསྟན་འཛིན་ཞེས་གནང༌།  ཚེ་དབང་ལྕགས་སྡོང་མ་དང༌།  རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི།  མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ།  ལྟུང་བཤགས།  རྟེན་འབྲེལ་བསྟོད་པ།  ས་ལམ།  རྒྱལ་དབང་ཉིད་ཀྱི་བཀའ་རྩོམ་གསར་པ་ལེ་ཚན་ཁ་ཤས།  མཁའ་སྤྱོད་དཀར་མོའི་འཕོ་ལུང༌།  ལས་གཤིན་དང་དམག་ཟོར་མའི་གཏོར་ཆོག་བསྐང་གསོ་ཡི་ལུང་བཅས་གསན།  ལོ་དེ་རང་ལ་ཕུ་བོ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་དང་ལྷན་དུ་དམ་པའི་ཆོས་ཀྱི་འབྱུང་གནས་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཏེ་རང་གི་ཁུ་བོ་འཕྱོངས་རྒྱས་མཁན་པོ་ངག་དབང་དཔལ་བཟང་སོགས་མཁས་གྲུབ་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ནས་མདོ་རྒྱུད་བསྟན་བཅོས་དུ་མའི་བཀའ་ལུང་མན་ངག་རྒྱ་ཆེར་མནོས།  གདན་ས་འབྲས་སྤུངས་སུ་ཆོས་ཞུགས་མཛད་དེ།  ལྕང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོ་དང༌།  ཉག་རེ་དགེ་འདུན་གྲགས་པ་སོགས་གཞུང་ལུགས་བརྒྱ་ཕྲག་སྨྲ་བའི་དགེ་བཤེས་དུ་མའི་ཞབས་པད་རིང་དུ་བསྟེན་ནས་ཚད་མ་དང༌།  དབུ་ཕར་བཅས་ལ་གསན་བསམ་ཉམས་བཞེས་རྒྱ་ཆེར་མཛད།  གཞན་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌།   ྋགོང་ས་ལྔ་པ་ཆེན་པོ།  འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ།  ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ་སོགས་དགེ་ལྡན་བསྟན་པ་འཛིན་པའི་སྐྱེས་ཆེན་རི་བོ་ལྟ་བུ་ཤིན་ཏུ་མང་པོའི་ཞབས་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་རྒྱ་ཆེར་མནོས།  པཎ་ཆེན་བློ་བཟང་ཆོས་རྒྱན་ལས་དགེ་སློང་གི་བསླབ་སྡོམ་བཞེས་ཏེ་རང་ཡུལ་མདོ་ཁམས་ཏྲེ་ཤོད་ནོར་བུའི་གླིང་དུ་ཞབས་སོར་འཁོད།  ཐུགས་དམ་ཉམས་བཞེས་དང༌།  བསྟན་འགྲོའི་དོན་ཆེན་བླ་ན་འཕེལ་བཞིན་པའི་མུར་དགུང་གྲངས་ཉེར་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་ལུག་ཕྱི་ལོ་ ༡༦༦༧ ལོར་ཞི་བར་གཤེགས་པའི་སྐུ་གདུང་རིལ་པོ་མཆོད་རྟེན་དུ་བཞུགས་པ་དཀར་མཛེས་དགོན་དུ་བསོད་ནམས་ཀྱི་ཞིང་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་རིག་གསར་གྱི་རླུང་འཚུབ་མ་བྱུང་བར་དུ་བཞུགས་པར་བཤད།

ཧོར་ཆོས་རྗེ་སྐུ་ཕྲེང་གཉིས་པ་ངག་དབང་ཕུན་ཚོགས་འཇམ་དཔལ།

ཧོར་ཆོས་རྗེ་སྐུ་ཕྲེང་གཉིས་པ་ངག་དབང་ཕུན་ཚོགས་འཇམ་དཔལ་ནི།  ཡབ་ཧོར་ཁོག་བཞིར་གྱེས་པའི་ཏྲེ་བོ་དཔོན་པོ་ཨུ་ཅིང་ནོ་ཡོན་སྐུ་གོང་མའི་ཕུ་བོ་བྲག་མགོ་དཔོན་ནོར་བུ་དང་ཕ་གཅིག་ལ་མ་མི་གཅིག་པའི་སྐུ་མཆེད་ཡིན་པ་དང༌།  ཡུམ་དགེ་རྩེ་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ཕྱི་ལོ་ ༡༦༦༨ ལོར་སྐུ་བལྟམས།  དགུང་ལོ་བདུན་པ་ཤིང་སྟག་ཕྱི་ལོ་ ༡༦༧༤ ལོར་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་གྱི་མཁན་ཟུར་ཨ་ཁུ་ངག་དབང་དཔལ་བཟང་དབུས་སུ་ཐོན་པ་དང་ལྷན་ཅིག་ཏུ་ཕེབས་ཏེ་ལོ་དེའི་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ལ་ྋགོང་ས་ལྔ་པ་ཆེན་པོའི་དྲུང་ནས་བར་མ་རབ་བྱུང་གི་སྡོམ་པ་ཞུས་པའི་མཚན་ལ་ངག་དབང་ཕུན་ཚོགས་ཞེས་གསོལ།  དགུང་ལོ་དགུ་པ་མེ་འབྲུག་ཕྱི་ལོ་ ༡༦༧༦ ལོར་སླར་ཡང་དབུས་སུ་ཕེབས་ཏེ་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌།  རྒྱུ་མཚན་ཉིད་ཐེག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་རྒྱ་ཆེར་བཞེས།  དགེ་སློང་གི་བསླབ་སྡོམ་ནི་ལོ་ཚིགས་ལ་དཔགས་ན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ལས་བཞེས་སམ་སྙམ་ཞེས་ཧོར་ཆོས་རྗེ་རབ་འབྱམས་པ་དབྱངས་ཅན་སྙེམས་པའི་སྡེས་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་གི་དཀར་ཆག་ཏུ་གསུངས།  གང་ལྟར་ཡང༌།  སྡོམ་པ་དེ་དག་བཞེས་པ་ཙམ་མ་ཡིན་པར་ཚུལ་ཁྲིམས་རྣམ་པར་དག་པ་སྤྱན་འབྲས་ལྟར་སྲུང་བར་མཛད་པ་ཞིག་སྟེ་དེང་སང་གི་བར་དུའང་དབུ་སྐྲ་ན་བཟའ་སོགས་ལ་ཚུལ་ཁྲིམས་ཀྱི་དྲི་ངད་ཁྱད་པར་དུ་འཕགས་པ་མངོན་སུམ་གྱིས་གྲུབ་པར་བཤད།   ྋགོང་ས་ལྔ་པ་ཆེན་པོ་དང༌།  པཎ་ཆེན་བློ་བཟང་ཡེ་ཤེས།  ཁྲི་ཆེན་དགེ་འདུན་རིན་ཆེན།  ཁྲི་ཆེན་བསྟན་འཛིན་ལེགས་བཤད།  ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ།  དེའི་ཐུགས་སྲས་གནས་བརྟན་འཇམ་དབྱངས་གྲགས་པ་སོགས་དགེ་ལྡན་བསྟན་པའི་རྒྱལ་མཚན་འཆང་བའི་སྐྱེས་ཆེན་དུ་མའི་ཞབས་དྲུང་ནས།  རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་ཟུར་བཀའི་རིགས་དང༌།  རྡོར་འཕྲེང་མི་ཏྲ་སྒྲུབ་ཐབས་རྒྱ་གྲམ་སོགས་སྤྱི་བཀའ།  རྗེ་ཡབ་སྲས་སོགས་སྐྱེས་ཆེན་དུ་མའི་བཀའ་འབུམ་དང༌།  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་རྫོགས་ཀྱི་ལུང་སོགས་གསན།  ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་སོགས་ལས་དཔལ་ལྡན་ས་སྐྱ་བའི་གསུང་ངག་སློབ་བཤད་ཆ་ཚང་དང༌།  ས་སྐྱའི་གསེར་ཆོས་བཅུ་གསུམ།  དཔལ་མགོན་ཆེ་ཆུང་སོགས་རྡོ་རྗེ་ཆོས་སྐྱོང་དུ་མའི་དབང་ལུང་མན་ངག་རྒྱ་ཆེར་གསན།  གཏེར་ཆེན་གཏེར་བདག་གླིང་པ།  རིག་འཛིན་པདྨ་འཕྲིན་ལས།  སྔགས་རམས་པ་བློ་བཟང་སྐྱེས་མཆོག རྣམ་རྒྱལ་གྲྭ་ཚང་སློབ་དཔོན་བྲག་སྣ་ཆོས་རྗེ་སོགས་ལས་གསང་སྔགས་རྙིང་མའི་བཀའ་གཏེར་གྱི་དབང་ལུང་དུ་མ་དང༌།  འདར་བ་ལོ་ཆེན་དང༌།  སྡེ་སྲིད་སངས་རྒྱས་རྒྱ་མཚོ།  ལྷ་མགོ་བླ་མཁྱེན་ངག་དབང་སོགས་ལས་སྒྲ་སྙན་ངག་དང་རྩིས་དཀར་ནག་སོགས་ཀྱི་སྐོར་ཡང་ལན་མང་དུ་གསན་པ་སོགས།  མདོར་ན་གྲུབ་མཐའ་རིས་སུ་མ་ཆད་པའི་དབང་ཁྲིད་ལུང་གསུམ་གྱི་རྒྱུན་ཡོད་ཚད་ཕལ་ཆེར་མ་གསན་པ་མེད་པ་ལྟ་བུར་མཛད།  ཐོས་བསམ་མཐར་ཕྱིན་ཏེ་རང་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་ྋགོང་ས་སྐྱབས་མགོན་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས།  ཏཱའི་སི་ཏུ་ཝན་ཤ་ཞེས་བླ་དཔོན་ཟུང་འབྲེལ་གྱི་ལུང་ལས་གནང་ནས་རྫ་ཁོག་ནས་རྟའུ་བར་གྱི་ལྗོངས་འདིའི་བསྟན་པའི་བདག་པོར་མངའ་གསོལ་ཏེ་ཕྱིན་ཆད་ཧོར་གྱི་བླ་རབས་བྱུང་རིམ་གྱིས་ལུང་ལས་དེ་འཛིན་དགོས་པའི་བཀའ་ཁྱབ་ལྟར།  ཆོས་རྗེ་གོང་མ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དགུང་ལོ་སོ་བདུན་ལ་སྐུ་ཚེའི་བར་ཆད་དུ་གྱུར་པའི་ཕ་ཤུལ་བུ་འཇགས་སུ་བླ་མ་འདི་ཉིད།  ཁུ་བོའི་གདན་ས་མཁར་དཀར་པོ་ལ་བཞུགས་ནས་བླ་དཔོན་ཟུང་འབྲེལ་གྱིས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ།  མདོ་ཁམས་ལྗོངས་འདིའི་ཧོར་ཁོག་གིས་མཚོན་པའི་དཔོན་ཆེན།  བླ་ཆེན།  ཧོར་དགོན་ཁག་སོགས་དང་སྟོད་སྨད་ཀྱི་འབྲོག་སྡེ།  ཁམས་ལི་ཐང་མགོ་ལོག སོག་པོ་ཚུན་གྱི་བོད་ཤར་ཕྱོགས་སྡེ་འབངས་མང་པོས་ཀྱང་ཞབས་ལ་གཏུགས་ནས་མཆོད་གནས་སུ་བཟུང་བར་གྲགས།  དགུང་ལོ་ཞེ་བདུན་པ་ཤིང་རྟ་ཕྱི་ལོ་ ༡༧༡༤ ལོར་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་གསར་དུ་བཏབ་པས་རྗེ་གོང་མའི་གདན་ས་ཁག་གི་སྟེང་དུ་འདི་ཉིད་བསྣན་ནས་ཧོར་ཁོག་དགོན་སྡེ་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་དེ་བྱུང་བ་ཡིན་ནོ།  །དགོན་སྡེ་དེ་ཉིད་གདན་ས་མཛད་དེ།  མི་རིང་བར་དགེ་འདུན་ཡང་ལྔ་བརྒྱ་ལྷག་འཕེལ་ཞིང་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད།  ས་ཁྱི་ཕྱི་ལོ་ ༡༧༡༨ ལོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མགར་ཐར་དུ་ཆིབས་བསྒྱུར་གནང་སྐབས་མཇལ་བར་ཕེབས་པར་གོང་མས་སྤྱན་བསྐྱངས་ཟླ་མེད་གནང་བར་མ་ཟད་ཞབས་བརྟན་བྱད་གྲོལ་སོགས་འབུལ་བའི་དབུ་བླར་ཡང་བཀུར་ཞིང༌།  མན་ཆིང་གོང་མའི་ལྷ་སྲས་བཅུ་བདུན་པས་ཀྱང་ཞབས་ལ་གཏུགས་ནས་ཆོས་ཀྱི་བཀའ་དྲིན་མནོས་པ་སོགས་འཕྲིན་ལས་དཔག་མེད་བྱུང་བར་མངོན།  དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེན་མཛད་དེ་དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ་ ༡༧༤༦ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་བསྐལ་བཟང་མཐུ་སྟོབས་དཔལ་འབར།

ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་བསྐལ་བཟང་མཐུ་སྟོབས་དཔལ་འབར་ནི།  རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༧༤༧ལོར།  ཧོར་བྲག་མགོའི་མངའ་འོག་ཏུ་གཏོགས་པ་རྟ་ཆུ་དང།  རྫ་ཆུས་ཕྱོགས་ཕལ་ཆེར་བསྐོར་བའི་གླིང་ལྟ་བུ་ཡོད་པས་ན་གླིང་ཚང་དུ་གྲགས་པ།  ས་མདོ་ཞེས་པའི་གྲོང་དེར།  ཡབ་གླིང་མཐུ་ཟི་དཔོན་པོའི་བློན་པོར་གྲགས་པ་སྡེ་དགེའི་ཇིས་སང་མགོན་པོ་དང༌།  ཡུམ་ཆོས་ཐར་འབུམ་གཉིས་ཀྱི་སྲས་སུ་འཁྲུངས།  རི་མགུལ་བྱང་ཆུབ་སྤྲུལ་སྐུ་ཀརྨ་ཆོས་དབང་དར་རྒྱས་ཀྱང་རྗེ་འདི་ཉིད་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན་འདུགའཁྲུངས་པའི་སྐབས་ནས་རྟགས་དང་མཚན་མ་ཡ་མཚན་པ་དུ་མ་བྱུང༌།  རྗེ་འདིའི་སྐུ་གོང་མ་ཞིང་བརྗེ་ཁར་དཔོན་བསྟན་འཛིན་ནོར་བུ་དང༌།  ངག་དབང་ཚེ་རིང་སྐུ་མཆེད་དབར་སྡེ་འབངས་ཀྱི་སྐྱ་སེར་ཁག་གཅིག་གིས་དཀྲུགས་ཤིང་བྱས།  དེའི་རྐྱེན་གྱིས་དཔོན་ཚང་སྐུ་མཆེད་ཁ་གྱོད་ཐུག་སྟེ་རྒྱ་བོད་ཀྱི་ཁྲིམས་སར་གཏུགས་ཀྱང་ཐག་གཅོད་མ་བྱུང་བའི་བར།  ངག་དབང་རིན་ཆེན་ཕྱོགས་ཀྱིས་དཔོན་བསྟན་འཛིན་ནོར་བུ་བཀྲོངས་ནས་ཡུལ་གྱི་བདག་པོ་བྱས་ཀྱང༌།  སྡེ་འབངས་དབང་བསྒྱུར་བྱེད་མ་ཐུབ་པར་སིལ་འཐོར་དུ་གྱུར་ནས་ནང་ཁུལ་མི་གསོད་རྟ་འཕྲོག་གི་རྩོད་རྙོག་རྒྱུན་མི་ཆད་པ་བྱུང༌།  མཐར་ཡུལ་དགོན་གཉིས་ཀྱི་བསམ་ཡོད་རྒན་གྲས་ཀུན་འུ་ཐུག་ནས་སྡེ་དགེ་རྒྱལ་པོ་ལ་མགོ་བཏགས་ཞུས།  དཔོན་བསྟན་ནོར་གྱི་སྐུ་མཆེད་གསུམ་པ་དཔོན་ཚབ་ཏུ་བསྐོས་ཏེ་སྡེ་དགེར་ཁྲིད།  ངག་དབང་ཚེ་རིང་ཕྱོགས་གཏོགས་ཁག་གཅིག་བཅས་མགོ་ལོག་ཏུ་བྲོས་དགོས་བྱུང༌།  དེར་བརྟེན་རེ་ཞིག་ཡུལ་དགོན་གཉིས་ལ་གཟིགས་རྟོག་གནང་མཁན་སུ་ཡང་མེད་སྟབས།  དགོན་གྱི་སྒྲིག་སྤྱོད་དང་ཆོས་ཐེབས་དངོས་རྫས།  ཐ་ན་གྲྭ་རྒྱུན་དང་བཅས་པ་རྩ་འཐོར་དུ་འགྲོ་ལ་ཉེ་བ་བྱུང་བས།  སྤྲུལ་སྐུ་ངོས་འཛིན་ཁྲི་འདོན་སོགས་དེ་བས་ཀྱང་བྱེད་རྒྱུའི་གོ་སྐབས་མ་བྱུང་ཡང༌།  གང་གི་མཛད་སྤྱོད་ཁོ་ན་ལ་བརྟེན་ནས་ཡུལ་དགོན་གཉིས་ཀས་རྩོད་མེད་དུ་ངོས་འཛིན་ཞུས།  དགེ་རྒན་ཨ་ཙ་ར་ཞུ་བ་ལས།  ཀ་ཁ་ནས་བཟུང་སྦྱོར་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་ལ་བསླབས་པས་ཚེགས་མེད་དུ་མཁྱེན།  དགུང་ལོ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོར་རྫ་བར་མའི་ས་ཁྱོན་ཡུལ་སྡེ་དང་བཅས་པ་སྡེ་དགེ་རྒྱལ་པོའི་མངའ་འོག་ཏུ་གྱུར་ཏེ།  སྡེ་དགེ་ཁྲོ་བོ་སྐྱ་ལུགས་ཞེས་པ་དེ་ཁྲོ་ཚང་ཕོ་བྲང་དུ་རྫོང་དཔོན་བྱས་ནས་བསྡད།  དེ་ནས་བཟུང་ཡུལ་དགོན་གཉིས་ཀ་རིམ་གྱིས་བདེ་འཇགས་བྱུང༌།  དེ་རྗེས་གཞི་ནས་དགོན་གསར་དགོན་པས་དབུས་སུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ལ་ཆོས་རྗེའི་ཡང་སྲིད་སྐོར་གྱི་སྙན་ཞུ་ཕུལ་བའི་ལན་དུ།  གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་སྐོར་དང༌།  བསྐལ་བཟང་མཐུ་སྟོབས་དཔལ་འབར་ཞེས་པའི་མཚན་གསོལ་ཡང་གནང་བར་མ་ཟད་ཐུགས་དགྱེས་བརྩེ་ཆེན་པོས།  མདོ་རྒྱུད་གསུང་རབ་དགོངས་འགྲེལ་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་མཛད་ནས་མཐའ་འཁོབ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་སྦར་དགོས་པའི་བཀའ་ནན་གསུང་ཤོག་ཀྱང་གནང༌།  རྗེ་གྲུབ་པའི་དབང་ཕྱུག་འདན་ཆོས་འཁོར་དགོན་པའི་མཁན་པོ་ཡོངས་གླིང་སྐུ་ཕྲེང་གཉིས་པ་དགེ་འདུན་བསྟན་པའི་རྒྱལ་མཚན་ཉིད།  རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་འདན་ཆོས་འཁོར་དགོན་དུ་དགེ་ལྡན་བསྟན་པ་ཕྱོགས་མཐར་སྤེལ་བའི་ཆེད་དུ་བཏང་བ་དེ་ཉིད་ཀྱི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ནས་དགེ་བསྙེན་དང་རབ་བྱུང་མནོས་པར་མ་ཟད་མདོ་སྔགས་ཀྱི་ཆོས་ཚུལ་ཡང་དུ་མ་གསན།  དགུང་ལོ་བཅུ་གཅིག་པ་མེ་གླང་ཕྱི་ལོ་ ༡༧༥༧ ལོར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས།  ལོ་དེར་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།  དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དང་ཏྲེ་ཧོར་ཁང་ཚན་བཅས་ལ་གཏོང་རྩ་རྒྱ་ཆེ་དང་འབྲེལ་ཆོས་ཞུགས་མཛད།  གདན་སར་ལོ་ལྔ་ཙམ་བཞུགས་རིང་གཞུང་ཆེན་པོད་ལྔར་གསན་བསམ་རྒྱ་ཆེ་དང་འབྲེལ་ཞར་ལ་ཡོངས་འཛིན་ཕུར་ལྕོག་པ་དང༌།  ལྕང་སྐྱ་རོལ་བའི་རྡོ་རྗེ།  བྲག་རི་ཡོངས་འཛིན་ངག་དབང་དོན་འགྲུབ་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་བཀའ་ལུང་མན་ངག་རྒྱ་ཆེར་ཞུས།  ༣༢་༣༣ མཚན་ཉིད་ཀྱི་ཐུགས་གཉེར་ཀྱང་ལེགས་པོ་འོང་གིན་ཡོད་སྐབས།  སྔོན་གྱི་སྨོན་ལམ་ལོག་པའི་ཤུགས་སམ་རྐྱེན་དབང་ཇི་ལྟར་ཡང༌།  རབ་འབྱམས་པ་བསམ་འགྲུབ་སེ་རར་ཡོད་པ་བོས་ཏེ་ཞབས་ཕྱིར་འཇོག་དགོས་བྱུང་བར།  རྗེ་ལྕང་སྐྱ་རིན་པོ་ཆེ་སྔོན་མགར་ཐར་དུ་ཆོས་རྗེ་གོང་མ་ངག་དབང་ཕུན་ཚོགས་དེ་ཉིད་དང་ཐུགས་འདྲིས་ཡོད་པ་སོགས་གང་ཐད་ནས་གཟིགས་སྐྱོང་ཆེ་བ་མཛད་པ་ལ།  བསམ་འགྲུབ་ཀྱིས་དོགས་པ་ཤར་ཞིང་སྡེ་དགེ་ནས་ཁོ་རང་ལ་བདག་རྐྱེན་རག་རེས།  སྤྲུལ་སྐུ་ལ་བཅའ་ཁ་མ་བྱས་ན་རྫ་བའི་སྡེ་སོགས་ཤོར་དོགས་ཡོད་ཚུལ་སྡེ་དགེ་ས་དབང་མདུན་ཞུ་ཡིག་ཕུལ་བས།  སྡེ་དགེ་རྒྱལ་པོས་རྫ་དགོན་གསར་དགོན་པ་ལ་སྤྲུལ་སྐུ་མགྱོགས་པར་དགོན་ཐོག་ཏུ་མ་ལོན་ཐབས་མེད་ཀྱི་བཀའ་བྱུང་བས།  དགོན་སྤྱི་ནས་ཆེད་གཉེར་གྱིས་གདན་འདྲེན་ཞུ་མི་གཏོང་དགོས་བྱུང༌།  གྲྭ་སར་ལོ་བཞི་ལྔ་ཙམ་ལས་བཞུགས་ལོང་མེད་པར་ཆུ་རྟ་ཕྱི་ལོ་ ༡༧༦༢ དབྱར་ཕྱིར་ཕེབས།  རེ་ཞིག་སྐུ་ཡོན་རྣམས་མི་བརྗེད་པའི་ཆེད་ཕྱག་དཔེ་མང་པོ་གཟིགས་རྟོག་དང༌།  བོད་ནས་བསྣམས་པའི་བྱང་ཆུབ་ལམ་རིམ་སོགས་ཉམས་ལེན་ལ་བརྩོན་པར་མཛད་བཞིན་བཞུགས་པ་ལས།  སྐབས་ཤིག་བསམ་སྦྱོར་ལོག་པ་འགའ་རེས་དབྱེན་ཞུས་འདྲའི་རྐྱེན་ཇི་ལྟར་ཡང༌།  སྡེ་དགེ་ནས་བླ་བྲང་དུ་ཞུགས་མི་ཆོག་པའི་བཀའ་ཞིག་བྱུང་བས་ཟླ་ཤས་དགོན་སྟོད་ཀྱི་གྲྭ་ཁང་ཞིག་ཏུ་བཞུགས།  དེ་དུས་ག་ཡིའི་དཀའ་བཅུ་བྱམས་པ་ཆོས་འཕེལ་ཞེས་པའི་བླ་མ་གྲུབ་སྨྱོན་ཆོས་འཁོར་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་འཇིགས་བྱེད་ཀྱི་བསྐྱེད་རིམ་མཐར་ཕྱིན་པའི་གང་ཟག་རེད་གསུངས་པ་དེ་ཐུགས་ཁྲོས་ཏེ།  མགོན་ཁང་དུ་བྱོན་ནས་མགོན་བླ་ཁྱེད་རང་དམིགས་བརྩེ་མ་འདོན།  བླ་མ་ལ་གསོལ་བ་འདེབས་ཤིང་མིག་གིས་མ་བལྟས་པར་གཟན་གྱིས་མགོ་བཏུམས་ནས་སྡོད་གསུངས་ནས།  ཙི་དམར་སྐུ་གསོབ་དེ་བསྒྱེལ་ལ་ཁད་དུ་ཕྱག་གིས་བསྒུལ་ཏེ་དྲག་ཏུ་དཀྲུགས་པས་མགོན་ཁང་ཐམས་ཅད་ཡོམ་ཡོམ་གཡོ་བར་མཛད་དེ།  ཟླ་བ་གཅིག་གི་ནང་སྤྲུལ་སྐུ་བླ་བྲང་དུ་བཞུགས་ཆོག་པར་མ་བྱུང་ན་ཁྱེད་རང་ཆུ་ལ་གཡུགས་ཏེ་གཏོར་མ་གཅད་རྒྱུ་ཡིན།  དོན་གྲུབ་ན་གཏང་རག་བྱེད་ཅེས་གསུང་གདངས་མཐོན་པོས་དྲག་ཏུ་བསྒྲགས་སོང་བས་དུས་ལས་མ་ཡོལ་བར་བླ་བྲང་དུ་བཞུགས་ཆོག་པའི་བཀའ་བྱུང༌།   རྫ་ཁོག་རྩིས་ཧོར་སེར་དགོན་སྡེ་ཁག་ཏུ་ཆོས་དང་ཟང་ཟིང་གི་འགྲོ་དོན་རྒྱ་ཆེར་སྤེལ།  དགུང་ལོ་ཉེར་གཉིས་པ་ས་བྱི་ཕྱི་ལོ་ ༡༧༦༨ ལོར་སླར་ཡང་དབུས་གཙང་གི་ཡུལ་དུ་ཕེབས་ཏེ།  རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་དང༌།  གཞན་ཡང་ཆོས་འབྲེལ་ཡོད་པའི་སྐྱེས་ཆེན་དམ་པ་དུ་མར་དངོས་འབུལ་རྒྱ་ཆེར་ཕུལ།  དགའ་ལྡན་ཁྲི་ཆེན་ངག་དབང་ཆོས་གྲགས་དང༌།  གསེར་སྡིང་མཁན་པོ་དགེ་འདུན་འཇིགས་མེད་སོགས་ས་དགེ་བཀའ་རྙིང་རིས་མེད་ཀྱི་ཆོས་ཚུལ་ཤིན་ཏུ་མང་པོའི་དྲུང་ནས་ལུང་དང་མན་ངག་མནོས།  དགུང་ལོ་ཉེར་གསུམ་པ་ས་གླང་ཕྱི་ལོ་ ༡༧༦༩ ཟླ་བ་གཉིས་པར་གཙང་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཇལ་བཅར་དང་དངོས་འབུལ་རྒྱ་ཆེར་ཕུལ།  ཟླ་བ་དེའི་ཚེས་ཉི་ཤུ་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས་པར་མ་ཟད།  མདོ་སྔགས་ཀྱི་ཆོས་ཚུལ་ཤིན་ཏུ་མང་པོ་ཞུས།  དབུས་སུ་ཕྱིར་ཕེབས་ཏེ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དང་འབྲེལ་ཡོད་ཁང་ཚན་ཁག་ལ་བསྙེན་བཀུར་དང་མཆོད་མཇལ་ཞུས།  ལོ་དེར་ཕྱིར་ཕ་ཡུལ་དུ་ཕེབས་པ་དེ་ནས་བཟུང་ཡི་དམ་རྒྱུད་སྡེ་དུ་མའི་བསྙེན་སྒྲུབ་དང༌།  གཟུངས་བསྡུས་སོགས་སྐྱེས་ཆེན་གཞན་གྱིས་འགྲན་དུ་མེད་པར་མཛད།  ཧོར་སེར་ཁག་གིས་མཚོན་པའི་ཕྱོགས་མཐའི་དད་ལྡན་ཤིན་ཏུ་མང་པོས་ཕན་ཚུན་གདན་ཞུས་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་དང་ཞི་རྒྱས་དབང་དྲག་གི་ལས་ཆོག་གང་ཞིག་དགོས་པ་ལྟར་གྱི་རེ་བ་ཡོངས་སུ་སྐོང་བར་མཛད།  ཏྲེ་བོ་ལྕོག་རི་དགོན་དུ་བྱམས་སྐུ་ཆེན་མོ་གསར་བཞེངས་མཛད་པས་མཚོན་རྟེན་གསུམ་གསར་བཞེངས་མཛད་པའང་བགྲང་གིས་མི་ལང་པར་མཛད།  ཆབ་མདོ་དང་སྡེ་དགེ་ཏྲེ་ཧོར་བཅས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཕལ་ཆེ་བར་མཆོད་འབུལ་དང་གཏོང་རྩ་རྒྱ་ཆེར་ཕུལ་པ་སོགས།  རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེར་བརྟས།  ཐུན་མོང་སྣང་ཚུལ་ལ་ལྕོག་རི་བྱམས་སྐུའི་གཟུངས་འབུལ་སྐབས་ཀླུ་ཞིག་ལ་ཕོག་ཐུག་སོང་བ་ལྟ་བུས་རྐྱེན་བྱས་ཏེ་དགུང་ལོ་སུམ་ཅུ་པ་མེ་སྤྲེལ་ཕྱི་ལོ་ ༡༧༧༦ ལོ་ནས་སྐུ་ཁམས་དེ་ཙམ་མི་བདེ་བའི་ཚུལ་མཛད།  ས་ཁྱི་ཕྱི་ལོ་ ༡༧༧༨ ལོ་ནས་ཧོར་ཁོག་སྤྱི་དང་སྒོས་སུ་རྫ་དགོན་གསར་གྱི་ཕྱིས་འབྱུང་བསྟན་པ་ཡུན་དུ་གནས་པའི་ཆེད།  ཆབ་མདོ་ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་བཟང་དང༌།  འདན་ཆོས་འཁོར་མཁན་པོའི་སྤྲུལ་སྐུ་ཡོངས་གླིང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་སྔ་ཕྱིར་གདན་འདྲེན་ཞུས་ནས།  མདོ་སྔགས་ཀྱི་བཀའ་ལུང་དང་ཞི་དྲག་གི་རིམ་གྲོ་རྒྱ་ཆེར་ཞུས།  རྟེན་གསུམ་གསར་བཞེངས་ཀྱང་དུ་མ་མཛད་ཅིང༌།  སྟོད་སྨད་ཀྱི་གྲྭ་རྒྱུན་མང་པོ་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཡང་ཤིན་ཏུ་མང་པོ་གནང༌།  དགུང་ལོ་ཞེ་བརྒྱད་པ་ཤིང་སྟག་ཕྱི་ལོ་ ༡༧༩༤ ལོར་དབུས་སུ་བྱོན་ནས།  རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་མཇལ་ཞིང༌།  ཇོ་ཤག་རྣམ་གསུམ་དང༌།  སེ་འབྲས་སོགས་ཉེ་སྐོར་གྱི་གནས་མཇལ་སོགས་ཞིབ་ཏུ་མཛད།  བྲག་རི་འཇམ་དབྱངས་ལེགས་བཤད་སོགས་སྐྱེས་བུ་དམ་པ་འགའ་ཞིག་ལས་དབང་དང་མན་ངག་ཐུགས་ལ་བཞེད་པ་ཉུང་ཤས་གསན།  དེ་དག་ལ་དངོས་འབུལ་དང༌།  རྟེན་སོ་སོར་མཆོད་པ།  དགེ་འདུན་རྣམས་ལ་བསྙེན་བཀུར་འོས་འཚམས་མཛད།  སྐུ་ཁམས་ཀྱི་སྟབས་ཀྱིས་གནས་སྐོར་སོགས་རྒྱ་ཆེར་ནི་བྱོན་མ་ཐུབ།  ཡོས་ལོར་རང་ཡུལ་དུ་བྱོན་ནས་རེ་ཞིག་ཐུགས་དམ་སྐུ་མཚམས་མཛད་རྩིས་ལ།  རྐྱེན་ངན་ཇི་ལྟར་ཡང་དོན་མེད་ཀྱིས་ཐུགས་དཀྲུགས་མཁན་སོགས་མང་དུ་བྱུང་བས།  དགུན་ཁ་ནས་གློ་བུར་དུ་ཏྲེ་བོར་ཕེབས།  དེར་སྦྱིན་བདག་ལ་སྐུ་རིམ་དང༌།  དབང་བསྐུར་སོགས་ཕྲན་བུ་མཛད་བཞིན་དུ་ཡུན་རིང་བཞུགས།  མཐར་དགུང་གྲངས་ལྔ་བཅུ་པ་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་ཕྱི་ལོ་ ༡༧༩༦ ལོ་ཧོར་ཟླ་བཞི་པའི་ཚེས་ཉེར་ལྔར་ཏྲེ་བོ་བསམ་འགྲུབ་ཕོ་བྲང་དུ་སྐུ་གཤེགས།  སྐུ་གདུང་དགོན་གསར་དུ་གདན་འདྲེན་ཞུགས་འབུལ་གྱིས་གདུང་རྟེན་གསེར་གྱི་མཆོད་སྡོང་རིན་པོ་ཆེ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་དུ་བཞུགས།

ཧོར་ཆོས་རྗེ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་འཛིན་མཐུ་སྟོབས་དབྱངས་ཅན་སྙེམས་པའི་ལང་ཚོ།

ཧོར་ཆོས་རྗེ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་འཛིན་མཐུ་སྟོབས་དབྱངས་ཅན་སྙེམས་པའི་ལང་ཚོ་ནི།  རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༧༩༧ ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔ་ལ་མདོ་ཁམས་ཁྲ་མོ་གླིང་ཚང་གླིང་ཆོས་ལ་འཕེན་གྱི་གདུང་རྒྱུད་སྟོད་གླིང་གསེར་པ་ཆེ་བརྒྱད་ལས་ཆད་པ་ཧོར་མདའ་ཚང་ཡབ་བསྐལ་བཟང་ཕུན་ཚོགས་དང་ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཆུང་དུས་ནས་ལམ་བྲག་རྡོ་རྗེ་འཆང་བསྐལ་བཟང་རྣམ་རྒྱལ་སོགས་བླ་སྤྲུལ་ཁག་དུ་མ་དང༌།  ལྷག་པར་པཎ་ཆེན་ཐམས་ཅད་མཁྱེན་པས་ཧོར་ཆོས་རྗེ་སྐུ་རབས་གོང་མའི་ཡང་སྲིད་འཁྲུལ་མེད་ཐག་བཅད་གནང་སྟེ་མཚན་ལ་བློ་བཟང་བསྟན་འཛིན་མཐུ་སྟོབས་གསོལ་ནས་ཞབས་བརྟན་གསོལ་འདེབས་ཀྱང་མཛད།  བྲག་ལྕོག་དགོན་དང༌།  བསམ་འགྲུབ་དགོན་སོགས་དགོན་སྡེ་བཅུ་གསུམ་དང་ཏྲེ་བོ་བྲག་མགོ  བེ་རི་ཧོར་ཚང་སོགས་ཧོར་སེར་དཔོན་ཁག་ཡོངས་རྫོགས་ཀྱི་ཁྲི་འདོན་ལེགས་སྐྱེས་རིམ་པར་ཕུལ།  ལམ་བྲག་བསྐལ་བཟང་རྣམ་རྒྱལ་ལས་དགེ་བསྙེན་གྱི་སྡོམ་པ་མནོས།  རབ་འབྱམས་སྨྲ་བ་མགོན་པོ་སྐྱབས་དང་།  དགེ་སློང་བློ་བཟང་ཟུང་ལས་ཡི་གེ་ཀ་ཁ་ནས་བཟུང་སྦྱོར་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་ལ་བསླབས་པས་ཚེགས་མེད་དུ་མཁྱེན།  ལམ་བྲག་བསྐལ་བཟང་རྣམ་རྒྱལ་སོགས་ཧོར་ཁོག་གི་སྐྱེས་ཆེན་དུ་མའི་དྲུང་ནས་ལམ་རིམ་དང༌།  ཚེ་དབང་སོགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས།  དགུང་ལོ་དགུ་པ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ཕྱི་ལོ་ ༡༨༠༥ ལོར་ལམ་བྲག་བསྐལ་བཟང་རྣམ་རྒྱལ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བླངས།  དགུང་ལོ་བཅུ་བཞི་པ་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར་དབུས་སུ་ཕེབས་ཏེ་གནས་མཇལ་དང་མཆོད་འབུལ་རྒྱ་ཆེར་བྱས།  མཁས་མང་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ཏེ་བློ་གླིང་མཁན་པོ་བློ་བཟང་ཕུན་ཚོགས་ལས་བརྩི་བཞག་གསན།  དཀར་མཛེས་དགེ་བཤེས་བློ་བཟང་བཀྲ་ཤིས།  རྩེ་གསུམ་དགེ་བཤེས་ཚེ་དབང་རབ་བརྟན།  དགེ་བཤེས་ངག་དབང་ཆོས་འཕེལ།  ལྷག་པར་རོང་པོ་མཁན་ཆེན་བློ་བཟང་ཕུན་ཚོགས་བཅས་ལུང་རིགས་སྨྲ་བའི་མཁས་གྲུབ་དུ་མའི་ཞབས་དྲུང་ནས་བསྡུས་གྲྭ་ནས་བཟུང་དབུ་ཕར་གྱི་གཞུང་ལུགས་ཆེན་པོ་རྣམས་ལ་བརྩོན་པར་མཛད།  ལྕགས་ལུག་ཕྱི་ལོ་ ༡༨༡༡ སྨོན་ལམ་ཆེན་མོའི་སྐབས་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པར་ལོ་གསར་མཇལ་དར་དང་འབྲེལ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་འགྱེད་དང་བསྙེན་བཀུར་རྒྱ་ཆེར་བྱས།  དགུང་ལོ་བཅོ་བརྒྱད་པ་ཤིང་ཁྱི་ཕྱི་ལོ་ ༡༨༡༤ ལོར་རྒྱལ་དབང་ཡབ་སྲས་ལ་གྱེས་མཇལ་དང་བློ་གླིང་མཁན་ཆེན་རོང་པོ་བློ་བཟང་ཕུན་ཚོགས་ལ་དགོངས་ཞུ་ཕུལ།  གདན་ས་གསུམ་གྱི་འབྲེལ་ཡོད་གྲྭ་ཚང་དང་ཁང་ཚན་ཁག་ལ་མཆོད་འབུལ་རྒྱ་ཆེར་ཞུས་ཏེ་རང་ཡུལ་དུ་ཕེབས།  ཡང་ཐང་བློ་བཟང་ཚེ་དབང་དང༌།  དགེ་སློང་པདྨ་བསམ་འགྲུབ།  ཝ་ཤུལ་ཚེ་དབང་དོན་འགྲུབ།  དགེ་བཤེས་བསོད་ནམས་དོན་གྲུབ་སོགས་ལ་བསྟེན་ནས།  སྒྲ་སྙན་ངག་དང༌།  རྩིས་དཀར་ནག སུམ་རྟགས་དག་གསུམ།  བཟོ་དང་སྨན་དཔྱད།  བཅུད་ལེན་དང་རྩ་རླུང༌།  གཞན་ཡང་མདོ་སྔགས་ཀྱི་ཆོས་སྐོར་དུ་མ་གསན་པས་གནས་ལྔ་ཤེས་བྱ་རིག་པའི་གནས་ལ་ཆགས་ཐོགས་མེད་པའི་མ་ཧཱ་པཎྜིཏ་ཆེན་པོར་གྱུར།  སྒྲ་མིང་དབྱངས་ཅན་སྙེམས་པའི་ལང་ཚོ་གསོལ༌།  ཤིང་ཕག་ཕྱི་ལོ་ ༡༨༡༥ ལོར་ལོ་ཐོ་གསར་པ་བཏོན།  དེ་ནས་བཟུང་ད་ལྟའི་བར་རྫ་བའི་ལོ་ཐོ་ཞེས་རྒྱུན་མ་ཉམས་པར་ཡོད།  མི་ལོ་ལྔར་གཞིས་སུ་བསྡད་པ་དེའི་རིང་ཧོར་ཁག་དགོན་སྡེ་ཁག་ཏུ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ནས་སྟོན་པའི་སྐྱེས་རབས་འཆད་པ་དང༌།  ཡུལ་དགོན་གྱི་བླ་དཔོན་དུ་མས་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར།  དགུང་ལོ་ཉེར་གསུམ་པ་ས་ཡོས་ཕྱི་ལོ་ ༡༨༡༩ ལོར་སླར་ཡང་དབུས་སུ་ཕེབས་ཏེ།  ཟླ་བ་དགུ་པའི་ནང་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས།  བཀྲ་ཤིས་འཁྱིལ་བླ་མ་བྲ་ཉེ་སྤྲུལ་སྐུ་སོགས་བསྒྲུབ་བྱ་བཞི་བཅུ་དང་ལྷན་ཅིག་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས།  རྒྱལ་བ་ཡབ་སྲས་དང་དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་སོགས།  ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་བཅུ་ཕྲག་དུ་མ་ལས་དབང་ལུང་མན་ངག་རྒྱ་ཆེར་ཞུས།  བཀྲ་ཤིས་ལྷུན་པོ་དང་སེར་འབྲས་གཙོས་དབུས་གཙང་ཁུལ་གྱི་ཆོས་སྡེ་དུ་མར་མཆོད་འབུལ་དང༌།  སྨོན་ལམ་ཆེན་པོའི་གཏོང་སྒོ།  ཇོ་ཤཱཀྱ་རྣམ་གཉིས་སོགས་ལ་མཆོད་འབུལ་བློ་ཡུལ་ལས་འགོངས་བ་གནང༌།  དགུང་ལོ་ཉེར་བཞི་པ་ལྕགས་འབྲུག་ཕྱི་ལོ་ ༡༨༢༠ རང་ཡུལ་དུ་ཕྱིར་ཕེབས།  སྐབས་དེར་འཇམ་དབྱངས་བླ་མ་རིན་པོ་ཆེ་ཧོར་བྲག་མགོར་བཞུགས་ཡོད་པ་དེ་ཉིད་རྫ་དགོན་དུ་གདན་དྲངས་ནས་ཆོས་བཀའ་རྒྱ་ཆེར་ཞུས།  འདན་ཁོག་དང་གླིང་ཚང་ཏྲེ་ཧོར་ཁུལ་སོགས་སུ་རིམ་པར་ཕེབས་ནས་མདོ་སྔགས་ཀྱི་ཆོས་བཀའ་དུ་མ་བསྩལ།  དེ་ནས་བདེ་གསང་འཇིགས་གསུམ་དང་དགྱེས་རྡོར་སོགས།  ཡི་དམ་རྒྱུད་སྡེ་དུ་མའི་བསྙེན་མཚམས་དམ་པའི་ལུགས་ཀྱིས་སྒྲུབ་པ་ལ་རྩེ་གཅིག་གཞོལ་བ་དང༌།  ཁ་སྐོང་སྦྱིན་བསྲེགས་བཅས་པ་གཞུང་ལུགས་ལས་བྱུང་བ་ལྟར་མཛད།  མངོན་པར་རྟོགས་པའི་ཡོན་ཏན་དབྱར་མཚོ་ལྟར་འཕེལ།  གྲུབ་པའི་རྟགས་དང་མཚན་མ་ཡང་དུ་མ་བྱུང༌།  ཤིང་སྤྲེལ་ཕྱི་ལོ་ ༡༨༢༤ ལོར་སྟོང་སྐོར་སྤྲུལ་སྐུ་སྡེ་དགེར་ཕེབས་པའི་སྐབས་ལན་ཛ་འབྲི་ཚུལ་ཡང་བསླབས།  ལོ་དེའི་ཟླ་བ་ལྔ་པའི་ཚེས་བརྒྱད་ཉིན་རེ་མགོ་འབྲུག་ཐར་ཚང་ལ་འཁྲུངས་པའི་བུ་རྫ་སེ་རུང་སྐུ་ཆེན་གྱི་ཡང་སྲིད་ཁྲི་འདོན་ཐོག་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་དཀོན་མཆོག་ཆོས་འཕེལ་གསོལ།  རྗེ་འདིའི་རྟོགས་པའི་མཐུ་ལ་བརྟེན་ནས་དྲེགས་པའི་བསྟན་སྲུང་དཔལ་མགོན་ཞལ་བཞི་སོགས་བསྟན་སྲུང་ཆེ་ཁག་དང་གཞན་ཡང་བཟའ་དང་ཐེ་རང༌།  བཙན་དང་མ་མོ་རྣམས་བྲན་དུ་འཁོར།  ལྷ་བླ་མའི་ཞལ་གཟིགས་ཡང་ཡང་འབྱུང་བ་སོགས་ཀྱི་རྣམ་ཐར་འགངས་ཆེ།  དབྱངས་ཅན་མའི་བྱིན་རླབས་སྙིང་ལ་ཞུགས་པའི་མཐུ་ལས་བརྗོད་དོན་དང་ཚིག་སྦྱོར་ཕུན་སུམ་ཚོགས་པའི་རྩོམ་ཆོས་ཀྱང་དུ་མ་མཛད་སྣང་སྟེ་འོག་ཏུ་དཀྱུས་གཅིག་ཏུ་འཆད་དོ།  །ས་གླང་ཕྱི་ལོ་ ༡༨༢༩ ལོར་ལྕོག་རི་དགོན་དུ་ཕེབས་ཏེ་ཤིང་ཁོག་སྐྱ་སེར་བྱིངས་ལ་ཚེ་དཔག་མེད་ལྷ་དགུའི་དབང་ཆེན་དང༌།  མཁར་གསར་བླ་མ་མཐུ་སྟོབས་རྒྱ་མཚོར་ཆོས་རྒྱལ་གྱི་རྗེས་གནང་བསྩལ།  བེ་རི་རྒྱལ་པོས་གདན་འདྲེན་ཞུས་དོན་དཔོན་མོ་ལ་སྲས་ཤིག་འཁྲུངས་ཁར་ཡོད་པ་དེར་རིམ་གྲོ་དང་བྱད་གྲོལ་ཅི་རིགས་གནང༌།  ལྕགས་སྟག་ནས་ལྕགས་ཡོས་བར་ ༡༨༣༠་༡༨༣༡ སྐུ་གོང་མས་ཕྱག་བཏབ་པའི་དགོན་གསར་བཀྲ་ཤིས་ཆོས་འཕེལ་གླིང་ཡུན་རིང་ཉམས་གསོ་མ་བྱུང་སྟབས་ཉམས་གུད་ཅི་ཆེར་ཕྱིན་པ་ཉམས་གསོ་དང་རྟེན་གསུམ།  གསར་བཞེངས་རྒྱ་ཆེར་མཛད།  བྲག་དཀར་སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་གྱིས་མཛད་པའི་འབའ་ཕུག་བློ་ལྡན་ཆོས་འཕེལ་གྱི་རྣམ་ཐར་དད་པའི་གསོལ་འདེབས་ལས།  རྫ་ཁོག་ཆོས་རྗེ་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་མཐུ་སྟོབས་སྐུ་དྲུང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་མ་དང༌།  དཔའ་བོ་གཅིག་པ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་ཞུས་ནས་སྤྱིར་དེ་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ་དང༌།  ཁྱད་པར་རྡོ་རྗེ་སློབ་དཔོན་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་ཅིང༌།  དེའི་ནང་ནས་ཀྱང་སྒྲུབ་པའི་མཆོད་པ་ནི་བླ་མ་མཉེས་པའི་མཆོད་པ་གཙོ་བོར་དགོངས་ནས་བླ་མའི་མདུན་དུ་གནས་ནས་བཟུང་སྟེ་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་ཟུང་འཇུག་བར་གྱི་ལམ་རྣམས་ལ་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་མན་ངག་བཞིན་ཚུལ་བཞིན་ཉམས་སུ་བླང་བར་བྱའོ་ཞེས་པའི་དམ་བཅའ་ཡང་ཡང་ཕུལ།  ཆོས་རྗེ་རྡོ་རྗེ་འཆང་ཡང་ཐུགས་མཉེས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རིམ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡིག་ཆ་དང༌།  ཐང་སག་དངོས་གྲུབ་རྒྱ་མཚོའི་བསྐྱེད་རིམ་དང་རྫོགས་རིམ།  པཎ་ཆེན་ཆོས་རྒྱན་གྱི་རྫོགས་རིམ་རྣལ་འབྱོར་བཞིའི་ཁྲིད་སོགས་རིམ་གཉིས་ཀྱི་ཟབ་གནད་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་སྙན་རྒྱུད་ཀྱི་ཚུལ་དུ་སྩལ་བར་མཛད།  ཅེས་ཀྱང་གསུངས་སྣང༌།  ས་ཁྱི་ཕྱི་ལོ་ ༡༨༣༨ ལོ་སྟོན་ཀར་མཁར་གསར་བླ་མ་མཐུ་སྟོབས་རྒྱ་མཚོ་རྫ་དགོན་དུ་གདན་དྲངས་ནས་ལུང་གི་ཆོས་འཁོར་རྒྱ་ཆེར་བསྐོར་བའི་མཚམས་སྦྱོར་བྱས།  ལྕགས་བྱི་ཕྱི་ལོ་ ༡༨༤༠ ཧོར་ཁང་སར་དང་མ་ཟུར་གཉིས་ཕན་ཚུན་འདུམ་སྐབས་དཀའ་བའི་འཁྲུགས་སློང་ཚབས་ཆེར་བྱུང་བར་ཆིངས་མཛད་རྒྱུའི་རེ་བ་ཡང་ཡང་ཞུ་མཁན་བྱུང་བ་ལྟར།  སྡེ་དགེ་ས་སྐྱོང་བླ་མ་རིན་པོ་ཆེའི་རྒྱབ་རྩ་དང་བཅས་བར་ཆིངས་མཛད་པའི་མཐའ་འབྲས་ལེགས་ཐོན་བྱུང༌།  ཏྲེ་ཤོད་ཁུལ་དུ་བླ་མ་འདི་ཁོ་ན་བཀའ་དྲིན་ཆེ་བར་སེམས།  ཤིང་འབྲུག་ཕྱི་ལོ་ ༡༨༤༤ལོར་སླར་ཡང་དབུས་སུ་ཕེབས་ཏེ།  མཁར་རྡོ་བཟོད་པ་རྒྱ་མཚོའི་སྤྲུལ་སྐུ་རིན་པོ་ཆེ་དང༌།  བཀྲས་ལྷུན་ཡོངས་འཛིན་ལྷོ་པ་སྤྲུལ་སྐུ།  སྟག་ཕུ་སྤྲུལ་པའི་སྐུ།  དགའ་ལྡན་ཐེ་བོ་སྤྲུལ་སྐུ།  སོག་པོ་གྲུབ་དབང་དོན་འགྲུབ་རྒྱལ་མཚན་སོགས་རྩོད་མེད་མཁས་གྲུབ་དམ་པའི་སྐྱེས་ཆེན་དུ་མ་ལ་མདོ་རྒྱུད་གཞུང་ལུགས་དང་གསུང་འབུམ་ཁག་དུ་མའི་དབང་ལུང་རྗེས་གནང་རྒྱ་ཆེར་གནང༌།  ལྷག་པར་གཞུང་ས་མཆོག་གིས་བཀའ་ནན་གྱིས་ཕོ་བྲང་པོ་ཏཱ་ལའི་གཟིམས་ཆུང་ཁམས་གསུམ་ཟིལ་གནོན་དུ།  རྟ་ཚག་རིན་པོ་ཆེ་དང༌།  བཀྲས་ལྷུན་ཡོངས་འཛིན་ལྷོ་པ་སྤྲུལ་སྐུ་རྣམ་གཉིས་ལ་ྋགོང་ས་ལྔ་པ་ཆེན་པོའི་གསང་བ་དོ་སྣང་རྒྱ་ཅན་སོགས་ཀྱི་ཁྲིད་ལུང་གནང་བས་མཚོན།  དབུས་གཙང་ཁུལ་གྱི་བླ་ཆེན་ཕལ་བོ་ཆེའི་དབུ་བླ་མཛད།  ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོར་སླར་རང་ཡུལ་དུ་ཕྱིར་ཕེབས་ནས་ཧོར་ཁོག་དགོན་སྡེ་ཁག་དང༌།  དཔོན་ཁག་སྡེ་ཁག་ཡོངས་སུ་ཞབས་ཀྱིས་བཅགས་ཏེ་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད།
མདོར་ན་དབུས་སུ་སྔ་ཕྱིར་ཐེངས་གསུམ་ཕེབས་ཏེ།  རྒྱལ་བ་ཡབ་སྲས་དང༌།  འཇམ་དབྱངས་བླ་མ་རིན་པོ་ཆེ།  དགའ་ལྡན་ཁྲི་ཆེན་ངག་དབང་སྙན་གྲགས།  སེར་བྱེས་མཁན་ཟུར་གྲུབ་དབང་བསོད་ནམས་གྲགས་པ།  དེ་མོ་འཕྲིན་ལས་རབ་རྒྱས།  ཀོང་པོ་ཡེ་ཤེས་བརྩོན་འགྲུས།  བྱང་རྩེ་ཆོས་རྗེ་ཚེ་སྨོན་གླིང་རིན་པོ་ཆེ།  ཚ་བ་བླ་མ་བློ་བཟང་དགེ་ལེགས།  བཙན་པོ་ནོ་མོན་ཧན།  འཇམ་བཞད་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ།  ཆབ་མདོ་འཕགས་ཞི་ལྕགས་གསུམ།  འདན་ཆོས་འཁོར་གླིང་གི་མཁན་པོ་ཡོངས་གླིང་སྐུ་ཕྲེང་གསུམ་པ་དགེ་འདུན་བསྟན་པའི་རྒྱལ་མཚན།  ལོ་སེམས་པ་སྤྲུལ་སྐུ།  རྒྱལ་བ་མཁན་ཆེན་ཉང་པོ་བློ་བཟང་ཚུལ་ཁྲིམས།  ཀེའུ་ཚང་བླ་མ་བློ་བཟང་རྣམ་གྲོལ།  བྱང་རྩེ་ཆོས་རྗེ་ངག་དབང་ཆོས་འཕེལ།  རྫ་རྭ་བླ་བློ་བཟང་བསྟན་པའི་དངོས་གྲུབ།  འཁྲུངས་གསར་བློ་བཟང་ཕུན་ཚོགས།  ལམ་བྲག་བསྐལ་བཟང་རྣམ་རྒྱལ་སོགས་ཀྱི་དྲུང་ནས་བཀའ་མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ལུང་དང་མན་ངག་ཁྲིད་དང་རྗེས་གནང་འདི་མ་ཞུས་པ་མེད་པ་ལྟ་བུ་གནང་སྟེ་ངེས་དོན་གྱི་བསྟན་པའི་བདག་པོར་གྱུར།  ས་སྐྱར་བདག་ཁྲི་འཇམ་དབྱངས་བཀྲིས་རིན་ཆེན་དང༌།  ཁྲི་ཟུར་སྔགས་རྒན་པདྨ་བདུད་འདུལ།  ངག་དབང་ཀུན་དགའ་རིན་ཆེན་སོགས་ལ་མཇལ་ནས་ས་སྐྱའི་གསེར་ཆོས་སྐོར་གསན།  ཞེ་ཆེན་རིན་པོ་ཆེ་ལས་རྙིང་ཆོས་སྐོར་རྒྱ་ཆེར་གསན་པས་མཚོན།  དབུས་གཙང་ཁམས་གསུམ་གྱི་རིས་མེད་མཁས་གྲུབ་ཕལ་བོ་ཆེའི་ཞབས་ལ་གཏུགས་ནས་ཆོས་འབྲེལ་ཞུས།  གཞན་ཡང་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་དོན་འགྲུབ་དང༌།  གྲུབ་དབང་ཚུལ་ཁྲིམས་ཕུན་ཚོགས།  སྤང་ཐང་བློ་བཟང་ཚེ་དབང་སོགས་ལས་སྒྲ་སྙན་ངག་དང༌།  རྩིས་ས་རིས་སོགས་ལ་གཞན་དྲིང་མི་འཇོག་པའི་མཁས་པར་བསླབས།
སློབ་མ་ཡང༌།  ཧ་ངྷི་བླ་མ་དགེ་ལེགས་བརྩོན་འགྲུས།  ཇོ་བོ་སྐུ་ཆེན་སྤྲུལ་སྐུ་བློ་བཟང་དཀོན་མཆོག་ཆོས་འཕེལ།  ཇོ་སྤྲུལ་སྐལ་བཟང་ཐུབ་བསྟན་རྒྱ་མཚོ།  སྟོང་སྐོར་སྤྲུལ་པའི་སྐུ།  ཨ་འཛམ་བླ་མ་ཆོས་སྐྱོང་བཟང་པོ།  ཏྲེ་བོ་མཁར་གསར་བླ་མ་མཐུ་སྟོབས་རྒྱ་མཚོ།  ཞེ་ཆེན་སྤྲུལ་སྐུ།  གླིང་ཡིད་དགའ་སྤྲུལ་སྐུ།  རྟ་ཚག་སྤྲུལ་སྐུ།  ལྷོ་པ་སྤྲུལ་བའི་སྐུ།  སྟག་ཕུ་སྤྲུལ་སྐུ།  མཁར་རྡོ་བཟོད་པ་རྒྱ་མཚོའི་སྤྲུལ་སྐུ།  ཞེ་ཆེན་སྤྲུལ་སྐུ་མཐུ་སྟོབས་རྣམ་རྒྱལ་སོགས་ས་རྙིང་བཀའ་དགེ་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་ཆེན་ཤིན་ཏུ་མང་པོ་དང༌།  ཏྲེ་བོ།  ཧོང་ཚང་བྲག་མགོ་བེ་རི་སོགས་ཀྱི་སྡེ་དཔོན་ཁག་རྗེ་འདིའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་བཀའ་ཆོས་ཉན་པའི་སློབ་མར་གྱུར།  མདོ་ཁམས་ཕྱོགས་འདིར་རྗེ་འདི་བའི་འཕྲིན་ལས་ནམ་མཁའ་ལྟར་མཉམ།  གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་པ་གཅིག་པུ་ཡང་བརྗོད་ལས་འགོངས།  གསུང་གི་ལེགས་བཤད་ཀྱང་དགོན་གསར་བཀྲ་ཤིས་རབ་བརྟན་གླིང་གི་འདུ་ཁང་དཀར་ཆག ཧོར་ཆོས་རྗེའི་སྐྱེ་བར་བཏགས་པ་དབྱངས་ཅན་སྙེམས་པའི་ལང་ཚོའི་རྟོགས་བརྗོད་མདོ་ཙམ་བརྗོད་པ་དྭངས་གསལ་ཤེལ་གྱི་མེ་ལོང༌།  ཧོར་ཆོས་རྗེའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་ཛམ་བུའི་གསེར་གྱི་སྙེ་མ།  མགོན་པོ་ཞལ་བཞི་པའི་གཏོར་སྒྲུབ་སྐོར་སོགས་རྨད་དུ་བྱུང་བའི་ལེགས་བཤད་མང་དུ་མཆིས།
ཁོང་གིས་བརྩམས་པའི་རང་རྣམ་རྟོགས་བརྗོད་ཛམ་བུའི་གསེར་གྱི་སྙེ་མའི་མཐའ་སྡོམ་དུ།  མདོར་ན་བླ་མ་དམ་པ་ལྔ་བཅུ་ལྷག་པའི་ཞབས་པད་བསྟེན་ནས་དེ་དག་གི་གསུང་གི་བདུད་རྩི་མྱངས་ཤིང་དད་དམ་འགྱུར་མེད་ཀྱིས་བསྟེན་ཚུལ་མ་ལོག་པ་བྱས་ཤིང༌།  གཞུང་ཆེ་ཆུང་དུ་མའི་དཔེ་ཀློག་དང་དོགས་པ་བྱུང་རིགས་བླ་མ་དང་མཁས་པ་གཞན་ལའང་དྲི་གཏུགས་དང་རང་གིས་བསམ་བློ་ཡང་ཡང་ད་ལྟ་ཡན་རྒྱུན་དུ་གོམས་པར་བྱས་པས་རྗེ་ཡབ་སྲས་ཀྱི་ལེགས་བཤད་སོགས་མདོ་སྔགས་ཀྱི་གཞུང་ཀུན་ལ་གོ་བ་འབྲིང་ཙམ་ཆགས།  མདོ་སྔགས་གཉིས་ཀའི་ལམ་གྱི་གནད་ཤིན་ཏུ་ཕྲ་བ་འགའ་ཞིག་མ་གཏོགས་ཕལ་ཆེར་ཤེས་ཤིང༌།  རིག་གནས་ཡི་གེའི་གཟུགས་བསྡེབས།  སྙན་ངག རྩིས་དཀར་ནག གསོ་དཔྱད།  སྔགས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་སྐོར་སོགས་མི་ཉུང་ཙམ་ཤེས་པ་ཐམས་ཅད་དེང་སང་གི་མ་བསླབས་པའི་མཁས་པ་དེ་མིན་ཡང་བསླབས་ནས་ལོབས་པ་ཡིན་ཞིང་དེ་ལ་བརྟེན་ནས་ཆོས་དང་ཆོས་མ་ཡིན་པ་དང༌།  ཆོས་དག་པ་དང་མ་དག་པ་དང༌།  གནས་སྐབས་སུ་ཕན་པ་དང༌།  མཐར་ཐུག་ཏུ་ཕན་པ་དང༌།  དྲང་དོན་དང་ངེས་དོན་སོགས་ཀྱི་རྣམ་དབྱེ་ཅུང་ཟད་འབྱེད་ཤེས་པ་འདི་ནི་ཤེས་བྱ་ལྐོག་གྱུར་མང་པོ་ཤེས་པའི་མངོན་ཤེས་དང་ནམ་མཁའ་ལ་འཕུར་བ།  རྡོ་ལ་ཞབས་རྗེས་བཞག་པ་སོགས་རྫུ་འཕྲུལ་གྱི་ཡོན་ཏན་མང་པོས་ཀྱང་ཆ་ཙམ་དུ་ཡང་འགྲན་དུ་མེད་པའི་ཡོན་ཏན་ཞིག་ཡིན་བསམ་པའི་རང་མཐོང་ཡོད་དོ།  །ཚུལ་འདི་ཡང་དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་ངོ༌།  །
འོན་ཀྱང་དེང་སང་ནི་ལྷ་མཐོང་འདྲེ་མཐོང་གི་མངོན་ཤེས་དང༌།  རྡོ་བཅག་པ་དང་གྲི་མདུད་པ་སོགས་ཀྱི་གྲུབ་རྟགས་སོགས་མདོར་ན་བླ་མའི་གྲལ་དུ་ཚུད་ཀྱིན་མི་འདུག་ཀྱང༌།  དེ་འདྲའི་རིགས་མི་ཤེས་ཤེས་མདོག མི་ཐོན་ཐོན་མདོག་དང་དབང་ལུང་སོགས་ཀྱི་རྒྱུན་མ་ཐོབ་པ་དང་གཏན་ནས་མེད་པ་འཆད་སྤེལ་བྱེད་པའི་ཟོག་རྫུན་གྱིས་རང་མགོ་གཞན་མགོ་བསྐོར་བ་ནི་ངེད་རང་སྙིང་ཁམས་ཆུང་ཞིང་ལས་རྒྱུ་འབྲས་ཀྱི་རྣམ་དབྱེ་ཅུང་ཟད་ཤེས་པས་བྱེད་ཕོད་ཀྱང་མི་ཕོད།  བྱེད་ཀྱང་མི་བྱེད།  བྱེད་དགོས་དོན་ཡང་མེད་དེ་སྐྱེ་བ་སྔོན་མ་རྣམས་སུ་བླ་མ་དང་དཀོན་མཆོག་གི་ཐུགས་རྗེས་མཆོད་པ་དང་སྦྱིན་པ་ཅུང་ཟད་བྱས་འདྲ་བས་ཟ་རྒྱུ་གྱོན་རྒྱུ་སོགས་སྔར་ཡང་ལག་མ་ཐོགས།  ད་ཡང་མི་ཐོགས་སམ་སྙམ།  གལ་ཏེ་དེ་འདྲའི་དཀའ་མོ་བྱུང་ཡང་ལས་བཟང་ངན་གྱིས་འབྲས་བུ་དུས་སུ་སྨིན་མ་སྨིན་ལ་རག་ལས་བསམ་པ་ལས་གཞན་མགོ་བསྐོར་བས་ཕན་བསམ་པ་མཁས་བླུན་སུས་བཤད་ཀྱང་ཁས་ལེན་མི་ཐུབ་ཨེ་གོ།  ཞེས་འབྱུང་སྟེ།  འཇིག་རྟེན་ཡ་རབས་དང་སྐྱེས་བུ་དམ་པའི་མཚམས་ལས་མི་འདའ་བའི་རྣམ་ཐར་ཁོ་ནར་ངེས་སོ།  །རྗེ་འདིས་རང་རྣམ་འདི་བཞིན་དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༤༩ ལོའི་ཟླ་བ་བཞི་པའི་ནང་བརྩམས་པར་གནང་འདུག་ཅིང༌།  དེའི་རྗེས་སྐུ་ཚེ་ལྷག་མ་ཇི་ཙམ་བཞུགས་པ་མ་ཤེས།  ཧོར་ཆོས་རྗེ་སྐུ་རབས་རིམ་བྱུང་གི་རྣམ་ཐར་ཛམ་བུའི་གསེར་གྱི་སྙེ་མ་ནི་ས་བྱ་ཟླ་བ་ལྔ་པའི་ཚེས་ཉི་ཤུ་ཉིན་མཇུག་གྲུབ་པར་གནང་འདུག་པས་ཕལ་ཆེར་དགུང་ལོ་ང་གསུམ་ ༡༨༤༩ ལོ་མཇུག་ཏུ་ཞི་བར་གཤེགས་སམ་སྙམ་སྟེ་ཕྱིས་ནས་དཔྱད་གཞི་ཁུངས་ལྡན་འདྲ་རག་ན་མཚམས་འདིར་འཇུག་དགོས།

ཧོར་ཆོས་རྗེ་སྐུ་ཕྲེང་ལྔ་པ་ངག་དབང་ཆོས་འཕེལ་བསྟན་པའི་སྒྲོན་མེ།

ཧོར་ཆོས་རྗེ་སྐུ་ཕྲེང་ལྔ་པ་ངག་དབང་ཆོས་འཕེལ་བསྟན་པའི་སྒྲོན་མེ་ནི།  ཁོང་གི་སྐུ་གོང་མའི་རང་རྣམ་ལ་བལྟས་ན་ཕལ་ཆེར་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ ༡༨༥༠ ཡན་མན་དུ་མདོ་ཁམས་རྫ་ཁོག་ཏུ་འཁྲུངས་པར་སྙམ།  ཆུང་དུས་ནས་ཧོར་ཆོས་རྗེ་གོང་མའི་ཡང་སྲིད་ངོས་འཛིན་གྱིས་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་དུ་ཁྲི་འདོན་མཛད་སྒོ་རྒྱ་ཆེར་ཞུས།  ནར་སོན་པ་དང་དབུས་སུ་ཆིབས་བསྒྱུར་གནང༌།  ཇོ་ཤཱཀྱ་རྣམ་གཉིས་ལ་མཇལ་ཁ་དང་གདན་ས་གསུམ་དང་རྒྱུད་གྲྭ་ཁག་ལ་མཆོད་འབུལ་རྒྱ་ཆེ་དང་འབྲེལ།  གདན་ས་འབྲས་སྤུངས་བློ་གསལ་གླིང་དང་ཏྲེ་ཧོར་ཁང་ཚན་བཅས་ལ་ཆོས་ཞུགས་གནང༌།  བྲག་མགོ་མཁན་ཆེན་བློ་བཟང་དབང་ཕྱུག་སོགས་ལ་བསྟེན་ནས་བསྡུས་གྲྭ་ནས་བཟུང་གཞུང་ལུགས་རབ་འབྱམས་ལ་གསན་བསམ་རྒྱ་ཆེར་མཛད།  དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང༌།  རྒྱུད་སྨད་མཁན་ཟུར་ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས།  ཡོངས་གླིང་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས།  རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ།  ཕ་བོང་ཁ་བ་བདེ་ཆེན་སྙིང་པོ།  ཡོངས་འཛིན་ཕུར་ལྕོག་བྱམས་པ་མཐའ་ཡས་སོགས།  སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་མནོས།  ཡི་དམ་རྒྱུད་སྡེ་ཁག་གི་བསྙེན་སྒྲུབ་ལས་གསུམ་གྱི་ཉམས་ལེན་ཚུལ་བཞིན་གནང་བས།  མངོན་སྤྱོད་སོགས་ལས་བཞིའི་འཕྲིན་ལས་ལ་མངའ་བརྙེས་པར་གྲགས་ཏེ།  སྐབས་ཤིག་ལྷ་སའི་ཁུལ་དུ་ཆར་ཆུ་དཀོན་པས་ཐན་པ་ཆེས་ཆེར་བྱུང་བར།  གཞུང་ས་ནས་བསྐུལ་མ་བྱུང་དོན་བཞིན་ཆར་འབེབས་མཛད་ཙམ་གྱིས་ཆར་ཆུ་རྒྱུན་དུ་གཞོལ་བ་དང༌།  མནན་བསྲེགས་འཕངས་གསུམ་གྱི་ལས་ལ་རྟགས་ཐོན་པའི་ལོ་རྒྱུས་ཀྱང་ཤིན་ཏུ་མང་བར་གྲགས།  རྗེ་འདི་ཉིད་གདན་སར་གྲྭ་སྐོར་དམ་འཇོག་ཅིག་ཀྱང་མཛད་ཡོད་ངེས་སྙམ་མོད།  གཞིས་དགོན་དུ་ཕེབས་ཡོད་མེད་དང་དབང་ལུང་མན་ངག་གི་ཆོས་ཚུལ་རྒྱ་ཆེར་སྤེལ་བའི་མཛད་པ་ཇི་ལྟར་སྐྱོང་བའི་ལོ་རྒྱུས་ལ་ད་ཕན་མཇལ་བའི་གོ་སྐབས་མ་བྱུང་བས་ཕངས།  སྐུ་ཚེའི་མཐའ་མཇུག་ལྷ་ས་རང་དུ་བཞུགས་འདུག་ཅིང༌།  སྐབས་ཤིག་ཁོང་གི་གཞིས་དགོན་བཀྲ་ཤིས་དགོན་གསར་དགོན་པའི་གྲྭ་རྒྱུན་ལྷ་རིས་པ་བློ་བཟང་རྡོ་རྗེ་ལྷ་ས་ཕུར་ལྕོག་བྱམས་མགོན་བླ་བྲང་དུ་ལྷ་བྲིས་པ་མཛད་ནས་མི་ལོ་དྲུག་ཙམ་ཕྱིན་པའི་སྐབས་ཤིག་ཧོར་ཆོས་རྗེ་རིན་པོ་ཆེ་ལྷ་ས་ཡབ་གཞིས་ཕུན་ཁང་དུ་བཞུགས་ཡོད་པ་ནས་བླ་མ་མཆོད་པའི་ཚོགས་ཞིང་ཞིག་བྲི་དགོས་ཀྱི་བཀའ་ལུང་ཕབ་པ།  ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་ལ་ཞུས་པས།  ཨོ་དེ་ཡག་རྟགས་རང་མ་རེད།  ཆོས་རྗེ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་རྒྱུའི་བརྡ་རེད་གསུངས།  ཞལ་ཐང་དེ་བཞིན་བྲིས་ཟིན་ནས་ཆོས་རྗེ་རིན་པོ་ཆེ་ལ་ཕུལ་བར་སོང་སྐབས།  ཆོས་རྗེ་ཉིད་རྒྱུན་ལྡན་གཟི་བྱིན་དང་བརྗིད་ཉམས་གཞན་དང་མི་འདྲ་བ་ཞིག་ཡོད་ནའང༌།  དེ་ཉིན་སྐུའི་མདངས་དང་གསུང་གི་ཉམས་སོགས་ཧ་ཅང་ཞན་པའི་ཉམས་ཀྱིས།  དེང་སང་ང་གཟུགས་པོ་བདེ་བོ་རང་མི་འདུག ཕུར་ལྕོག་རིན་པོ་ཆེ་ལ་ང་ཤེལ་དཀར་ཨེམ་ཆི་ལ་བསྟེན་པ་འམ།  ཡང་ན་སྟོད་ལུང་ཚྭ་ཆུ་ལ་འགྲོ་རྒྱུ།  དེ་མིན་ཕ་ཡུལ་དུ་འགྲོ་རྒྱུ་གསུམ་ལས་གང་དགའ་ཕྱག་མོ་ཞིག་གནང་རོགས་ཞུས་གསུངས་པ་ལྟར།  བྱམས་མགོན་རིན་པོ་ཆེ་ལ་ཞུས་ཀྱང༌།  ཕྱག་མོ་མ་གནང༌།  ཨོ་ཆོས་རྗེ་རིན་པོ་ཆེ་ཕ་ཡུལ་རང་ལ་ཕེབས་ན་དགའ་འོང་གསུངས།  དེ་དོན་ཆོས་རྗེ་ཉིད་ལ་ཞུས་པས་ཐུགས་དགྱེས་ཚོར་ཆེན་པོས་དེ་ག་རང་ཡིན་གསུངས་ནས།  བླ་བྲང་རྟ་གཡོག་ཕུན་ཚོགས་སྐད་བཏང་ནས་རྟ་དྲེལ་རྣམས་དེད་ཆོག་ཆོག་ཡོད་དམ།  ད་རེས་ང་ཚོ་ཕ་ཡུལ་ལ་འགྲོ་རྩིས་བྱེད་དགོས་གསུངས།  ཕུན་ཚོགས་ཀྱིས་རྟ་དྲེལ་རྣམས་དེད་ཆོག་ཆོག་ཡིན་ཞུས་ནས་དཔོན་སློབ་རྣམས་ཕ་ཡུལ་དུ་ཕེབས་རྒྱུ་གྲ་སྒྲིག་བྱས།  ལྷ་བཟོ་བློ་བཟང་རྡོ་རྗེ་ལ་རྫ་དགོན་གཞི་བདག་ཨ་མྱེས་སྣེ་ར་སོགས་ཀྱི་ཞལ་ཐང་རེ་འབྲི་རྒྱུའི་བཀའ་གནང་ཡང༌།  ཞལ་ཐང་འབྲི་ལོང་མ་བྱུང་གོང་ནས་ལྷ་ས་ཡབ་གཞིས་ཕུན་ཚོགས་ཁང་གསར་རང་དུ་དགོངས་པ་ཞི་བར་གཤེགས།  དེ་དོན་ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་ལ་ཞུས་པས།  ཆོས་རྗེ་རིན་པོ་ཆེའི་སྐུ་གདུང་ལ་ཆོས་གོས་གསུམ་གསོལ་ནས་ཞལ་ཕ་ཡུལ་ཕྱོགས་སུ་སློག་སྟེ་ཞག་གསུམ་ཞོག དེ་ནས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སྤྲས་ཏེ་སྤུར་འཇུག་བྱེད་དགོས་ཞེས་བཀའ་གནང་བ་མ་ཟད་འདས་མཇུག་གི་བྱ་བ་ཡོངས་རྫོགས་ཕུར་ལྕོག་བྱམས་མགོན་རིན་པོ་ཆེས་གནང་འདུག

ཧོར་ཆོས་རྗེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་བསྟན་འཛིན་ཆོས་གྲགས།

ཧོར་ཆོས་རྗེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་བསྟན་འཛིན་ཆོས་གྲགས་ནི།  རྫ་སྨད་བསམ་འགྲུབ་དགོན་པའི་ཉེ་འདབས་ར་བ་གྲོང་དུ་ཡབ་ཆུང་དུས་ནས་གྲོངས་འདུག་ཀྱང་མཚན་མ་ཤེས།  དེ་དང་ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ཕྱི་ལོ་ ༡༩༢༨ ལོར་འཁྲུངས།  ཆུང་དུས་མཚན་ལ་བྱང་ཆུབ་ཆོས་འཕེལ་གསོལ།  འཁྲུངས་ཡུལ་མི་ཚང་ཤིན་ཏུ་སྐྱོ་པོ་ཡིན་འདུག ཁོང་ལ་བློ་བཟང་རིན་ཆེན་དང་ཤེས་རབ་ཟེར་བའི་སྐུ་མཆེད་གཉིས་ཡོད་འདུགསྤྲུལ་སྐུ་འདི་ཉིད་ཀྱི་ས་བོན་དབུས་སུ་ྋསྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དྲུང་དུ་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས་ཀྱིས་མཚམས་སྦྱོར་བྱས་ཏེ་ཕུལ་བའི་བཀའ་ལུང་ཕྱིར་ཕེབས་སུ།  རྗེ་འདི་ཉིད་ལ་ཐག་གཅོད་གནང༌།  དགོན་གསར་དགོན་དུ་གདན་དྲངས་ནས་ཁྲི་སྟོན་མཛད་སྒོ་རྒྱ་ཆེར་བྱས།  དགོན་གསར་དགོན་པའི་མཁན་པོ་ཆོས་སྐྱོང་དར་རྒྱས་ཞེས་ཆོ་ག་ཕྱག་ལེན་ལ་ཤིན་ཏུ་མཁས་པ་དེའི་དྲུང་ནས།  དགོན་དེའི་ཆོས་སྤྱོད་ཆོ་ག་སོགས་ལ་བརྩོན་པ་རྒྱ་ཆེར་གནང༌།  དགེ་ལྡན་བསྟན་པའི་གསལ་བྱེད་འཁྲུངས་སར་སྐུ་ཕྲེང་བཞི་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས།  དགུང་ལོ་བཅུ་གསུམ་པར་ཕྱི་ལོ་ ༡༩༤༠ སྟོན་འཁོར་མང་པོ་དང་བཅས་དབུས་སུ་ཆིབས་བསྒྱུར་ཐོག་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌།  ལུང་རིགས་རབ་འབྱམས་པ་བྲག་མགོ་དགེ་བཤེས་བསོད་ནམས་མགོན་པོ་མཆོག་གི་དྲུང་ནས།  བསྡུས་གྲྭ་ནས་བཟུང་བློ་རྟགས་དང༌།  ས་ལམ།  གྲུབ་མཐའ།  དབུ་ཕར།  རྣམ་འགྲེལ་བཅས་ལ་མཁས་པར་བསླབས་ཏེ་མི་ལོ་དྲུག་ཙམ་ཕྱིན།  ལོ་གཉིས་ཀྱི་རྗེས་ནས་དགེ་བཤེས་གཏོང་རྩིས་སྐབས་ཕ་ཡུལ་དུ་དཀྲོག་གཏམ་ཞིག་ཁྱབ་པ་ནི་ཆོས་རྗེ་ཕྱག་མཛོད་གྲྭ་པ་ལོག་ནས་ད་ཆར་བོད་གཞུང་གི་རྩེ་དྲུང་གི་གོ་གནས་རག་སྟེ་འགྲོ་གི་ཡོད་པས།  ཁོས་ཆོས་རྗེ་རིན་པོ་ཆེ་ཕ་ཡུལ་ལ་མར་གཏོང་གི་མ་རེད་ཅེས་བསྒྲགས་པ་བྱུང༌།  སྐབས་དེར་དགོན་གསར་དགོན་པའི་རྒན་གྲས་ཚོ་ཚོགས་འཛོམས་ཐོག་ཆོས་རྗེ་གདན་འདྲེན་ཞུ་མཁན་པད་མོ་དགེ་བཤེས་ཕེབས་རྒྱུ་ཐག་བཅད་བྱས་དོན།  ཁོང་དབུས་སུ་ཕེབས་ཏེ་ཆོས་རྗེ་རིན་པོ་ཆེ་གཞིས་དགོན་གྱི་འདོད་པ་བཞིན་ཕ་ཡུལ་དུ་ཕེབས་དགོས་ཞུས།  དགུང་ལོ་ཟླ་གཤོལ་བརྩིས་ནས་ཉི་ཤུ་པ་ཕྱི་ལོ་ ༡༩༤༦ ལོར་བོད་ཀྱི་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་ཀྱི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས།  ལོ་དེར་གཞིས་དགོན་གྱི་གདན་སར་ཕེབས་ནས་འདུལ་ཁྲིམས་གཙང་མ་བཟོ་བའི་ཆེད་ཐབས་ཤེས་གང་དྲག་ཐོག་གཞི་གསུམ་གྱི་ཆོ་ག་དང༌།  གྲྭ་གསར་ཚོར་དགེ་སློང་གི་བསླབ་བྱ་གནང་བ་སོགས་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེན་པོ་བཞགརྫ་དགོན་གསར་སོགས་ཧོར་ཁོག་ཁུལ་གྱི་དགོན་སྡེ་དུ་མའི་གྲྭ་རྒྱུན་ཤིན་ཏུ་མང་པོ་ལ་དགེ་ཚུལ་གྱི་བསླབ་སྡོམ་གནང༌།  ཆོས་རྗེ་འདི་ཉིད་དབུས་སུ་བཞུགས་པའི་སྐབས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་གསུམ་པ་དང༌།  རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ།  དགེ་ལྡན་བསྟན་པའི་སྲོག་ཤིང་སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ།  ཁྱབ་བདག་ཧེ་རུ་ཀ་པ་ཁྲི་བྱང་རྡོ་རྗེ་འཆང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ།  ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས།  ལི་ཐང་ཤོག་དྲུག་སྐྱབས་མགོན།  དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་སོགས།  སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་མཐའ་ཡས་པ་གསན་ནས་ལུང་དང་མན་ངག་གི་བང་མཛོད་དུ་གྱུར།  དགོན་གསར་དགོན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་ཆེན་གནང་བས་མཚོན་སྔ་ཕྱིར་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར།  དགུང་ལོ་སོ་གཅིག་པ་སྤྱི་ལོ་ ༡༩༥༨ ལོར་གུང་ཁྲན་གྱིས་སྡེ་དགེར་བཙན་ཁྲིད་བྱས་ནས་ལོ་གསུམ་སོང་རྗེས།  དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༩༦༡ ལོར་མི་ཉག་ར་རྔ་ཁ་བཙོན་ཁང་དུ་ཁྲིད་ནས་དེར་དགོངས་པ་ཞི་བར་གཤེགས་ཁར།  ངའི་སྐུ་སྐྱེ་རྗེས་མ་དེ་རྒྱ་གར་རང་དབང་ལུང་པར་སྐྱེ་རྒྱུའི་སྨོན་ལམ་གདབ་རྒྱུ་ཡིན་གསུངས་ནས་དགོངས་པ་རྫོགས་འདུག

ཧོར་ཆོས་རྗེ་སྐུ་ཕྲེང་བདུན་པ་བསྟན་འཛིན་བློ་བཟང་དམ་ཆོས།

ཧོར་ཆོས་རྗེ་སྐུ་ཕྲེང་བདུན་པ་བསྟན་འཛིན་བློ་བཟང་དམ་ཆོས་ནི།  རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ཕྱི་ལོ་ ༡༩༦༨ལོར་ཟླ་༨ཚེས་༤ལ་ཡབ་བཀྲ་བཟང་དང་ཡུམ་མཚམས་གཅོད་གཉིས་ཀྱི་སྲས་སུ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་སྐུ་འཁྲུངས།  ཆུང་དུས་མཚན་ལ་ཆོས་འབྱོར་དོན་འགྲུབ་གསོལ།  ནར་སོན་པ་དང་གཞི་རིམ་སློབ་གྲྭ་འགྲིམས་ཏེ་དབྱིན་བོད་ཧིན་གསུམ་གྱི་སྐད་ཡིག་ལ་བསླབས།  རིག་སྟོབས་ཤིན་ཏུ་ཆེ་སྟབས་རྒྱུགས་སྤྲོད་སྐབས་ལོ་ལྟར་འཛིན་གྲྭའི་ཡང་རྩེར་སོན།  དགུང་ལོ་བཅོ་ལྔ་པ་ཕྱི་ལོ་ ༡༩༨༢ ལོར་ཝ་ཎར་མཐོ་སློབ་འགྲིམ་རྩིས་ཀྱིས་ཡིག་ཚད་བཏང་བའི་རྒྱུགས་འབྲས་ལེགས་སོན་བྱུང་ཡང༌།  འབྲེལ་ཡོད་གཞིས་བྱེས་གཉིས་ཀྱི་སྐྱ་སེར་ཁྲི་ཕྲག་དུ་མའི་རེ་བ་ལྟར།   ྋགོང་ས་ཕྱག་ན་པདྨོས་ཐུགས་དགྱེས་བརྩེ་ཆེན་པོས་ཆོས་རྗེ་གོང་མའི་ཡང་སྲིད་འཁྲུལ་མེད་ཀྱི་བཀའ་རྟགས་ཕྱག་རྒྱ་གང་ཉིད་ལ་གནང་བ་གུས་པ་ཆེན་པོས་དང་དུ་བླངས།  ཐོག་མར་འཁྲུངས་ཁྱིམ་དང་ཁ་ཐག་ཉེ་བའི་སེ་ར་ཏྲེ་ཧོར་ཁང་ཚན་དུ་ཁྲི་འདོན་མཛད་སྒོ་གནང༌།  དེ་ནས་རྡ་སར་ཕེབས་ཏེ་ཟླ་བ་དྲུག་ལྷག་རིང་སྐུ་སྒེར་ལྷ་རིས་གྲགས་ཅན་རྫ་བ་སངས་རྒྱས་ཡེ་ཤེས་དྲུང་དུ་བཞུགས་ནས་བླ་མ་མཆོད་པ་དང༌།  འཇམ་དཔལ་མཚན་བརྗོད།  རྒྱན་འཇུག་སོགས་ཐུགས་འཛིན་ཚེགས་མེད་དུ་མཁྱེན།  དགུང་ལོ་བཅུ་དྲུག་པ་ཕྱི་ལོ་ ༡༩༨༣ ལོར་སྐུ་རབས་གོང་མའི་རྣམ་ཐར་བདག་གིར་བསྐྱང་རེས་གདན་ས་འབྲས་སྤུངས་བློ་གསལ་གླིང་དང་ཏྲེ་ཧོར་ཁང་ཚན་བཅས་སུ་ཁྲི་འདོན་དང་ཆོས་ཞུགས་མཛད་སྒོ་གྲ་རྒྱས་གནང༌།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤག་སྐོར་མཁན་རིན་པོ་ཆེ་དགེ་ཉི་མ་རྒྱལ་མཚན་མཆོག་དང་། ཚུལ་ཁང་མཁན་ཟུར་ཡེ་ཤེས་ཐུབ་བསྟན་མཆོག་དང༌།  ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་སོགས་ཀྱི་ཞབས་རྡུལ་སྤྱི་བོའི་གཙུག་ཏུ་བསྟེན་ནས།  བསྡུས་གྲྭ་ནས་བཟུང༌།  གཞུང་ཆེན་པོད་ལྔར་གསན་བསམ་རྒྱ་ཆེར་མཛད།  ལོ་ལྟར་འཛིན་གྲྭའི་ནང་གི་རྒྱུགས་འབྲས་ཨང་དང་པོ་ཁོ་ན་བླངས།  དབུ་ཕར་སོགས་ཀྱི་ཚོགས་ལངས་ཀྱང་མཛད་དེ་ལུང་རིགས་གཉིས་ཀྱིས་མཁས་མང་དགྱེས་པའི་མཆོད་སྤྲིན་བསྟར།  དགུང་ལོ་ཉེར་དགུ་པ་ཕྱི་ལོ་ ༡༩༩༦  ལོར་དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མས་གཙོས་གདན་ས་གསུམ་དང༌།  གྲྭ་ཚང་གི་མཁན་ལས་སོགས།  མཁས་གྲུབ་གསེར་གྱི་རི་བོ་ལྟ་བུ་དུ་མའི་མདུན་དུ།  དེ་ལོར་སློབ་གཉེར་མཐར་སོན་པའི་གདན་ས་གསུམ་གྱི་མཁས་པ་སྟག་སེང་ཁ་འཐབ་པ་ལྟ་བུའི་ཁྲོད་ནས་ལྷ་རམས་ཨང་དང་པོའི་མཚན་སྙན་བཞེས།  ཕྱི་ལོ་ ༡༩༩༦ ལོར་རྡ་ས་དང་གདན་ས་གསུམ་དུ་སྨོན་ལམ་དམ་བཅའ་བཞག ལོ་དེར་རྒྱུད་སྡེ་རྒྱ་མཚོའི་བསྟི་གནས་རྗེ་ཤེས་རབ་སེང་གེའི་གདན་ས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་ནས།  མཁན་རིན་པོ་ཆེ་བྱང་རྩེ་དགེ་བཤེས་པྲ་སྟི་མཆོག་གི་མདུན་ནས་རྗེའི་འགྲེལ་བ་བཞི་སྦྲགས་སོགས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད་ནས་མདོ་སྔགས་གཉིས་ཀ་ལ་གཞན་དྲིང་མི་འཇོག་པའི་མཁས་པར་གྱུར།  དགུང་ལོ་ཉི་ཤུ་པ་ཕྱི་ལོ་ ༡༩༨༧ ལོར་བཞུགས་སྒར་རྡ་རམ་ས་ལར།   ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས།
ྋགོང་ས་སྐྱབས་མགོན་ཆེན་པོའི་དྲུང་ནས་ཡི་དམ་བདེ་གསང་འཇིགས་གསུམ་དང༌།  དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན།  མདོ་སྔགས་ཀྱི་ལམ་རིམ་སོགས་ཆོས་ཚུལ་ཤིན་ཏུ་མང་པོ་ཞུས།  གཞན་ཡང༌།  སྐྱབས་རྗེ་སྤང་ནང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་གྱི་དྲུང་ནས་རྒྱལ་བའི་བཀའ་དང་བསྟན་འགྱུར་རིན་པོ་ཆེའི་ལུང་ཆ་ཚང༌དང་། ཕར་ཕྱིན་སེམས་བསྐྱེད་ཁྲིད་ཆ་ཚང་། ལྡན་མ་བློ་ཆོས་རིན་པོ་ཆེ་བློ་བཟང་འོད་ཟེར་ཆོས་དབྱིངས་རྒྱ་མཚོ་མཆོག་གི་དྲུང་ནས་ལམ་རིམ་དང་རིན་འབྱུང་བརྒྱ་རྩ།  མི་ཏྲ་བརྒྱ་རྩ།  དྲང་ངེས་ལེགས་བཤད་སྙིང་པོ་སོགས།  བྲག་གཡབ་སྟོབས་ལྡན་རིན་པོ་ཆེའི་དྲུང་ནས་མདོ་སྡེ་བསྐལ་བ་བཟང་པོའི་བཤད་ལུང་སོགས་སྔ་ཕྱིར་བསྟན་འཛིན་སྐྱེས་ཆེན་མང་པོའི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་ཤིན་ཏུ་མང་པོ་གསན།  དགུང་ལོ་སུམ་ཅུ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རི་སོགས་ཤར་ནུབ་ཀྱི་རྒྱལ་ཁམས་དུ་མར་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད།  ཨ་རིའི་རྒྱལ་ཁབ་ཏུ་ཨེ་མ་ཧོ་བདེ་རྩ་ཚོགས་པ་གསར་འཛུགས་ཐོག་བྱང་ཨ་རི་དང་། ནི་ཛི་ལན་ཌི། ཉི་ཧོང་། ཨོ་སི་ཊི་ལི་ཡ། ཐེ་ཝན་སོགས་སུ་འགྲོ་བ་དུ་མའི་དོན་དུ་འཕྲིན་ལས་རྒྱ་ཆེར་སྤེལ་བཞིན་པ་དང་། བྱང་ཆུབ་དུ་བགྲོད་པའི་ལྟ་སྐོར་ཞེས་པ་དབྱིན་སྐད་ཐོག་ནས་ལྗགས་རྩོམ་གནང་ཞིང། ཇ་མན་། ཀོ་རི་ཡ། བྷི་རོ་ཛི། རྒྱ་སྐད་སོགས་བསྒྱུར་གནང་མཛད། གཞན་ཡང་ཉི་ཧོང་སྐད་ཐོག་ཏུ་མི་ཚེ་དང་མི་ཚེའི་འབྲེལ་བ་ཞེས་པ་ཡང་ལྗགས་རྩོམ་གནང་། མདོར་ན་སྐྱེས་ཆེན་དམ་པ་འདི་ཉིད་ནི་ད་ལྟ་འཕྲིན་ལས་ཡར་གྱི་ཟླ་བ་དང་དབྱར་གྱི་རྒྱ་མཚོ་ལྟར་འཕེལ་བཞིན་ནུབ་ཕྱོགས་སུ་འཚོ་ཞིང་བཞུགས་བཞིན་པ་ལགས་སོ།  །



མདོ་ཁམས་འཛིན་མའི་རྒྱན་གཅིག་ཏྲེ་ཧོར་བྲག་མགོ་དགོན་དགའ་ལྡན་རབ་བརྟན་གླིང་གི་ཀེའུ་ཚང་མཆོག་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བཞུགས་སོ།།


རང་རེའི་ཁ་བའི་ལྗོངས་ཀྱི་ལོ་རྒྱུས་ཡིག་རྙིང་དང་ཆོས་འབྱུང་རྣམ་ཐར་སོགས་སུ་ཀེའུ་ཚང་ཡབ་སྲས་གསུམ་ཞེས་གྲགས་པའི་ཡབ་སློབ་དཔོན་བྱམས་པ་སྨོན་ལམ་དཔལ་བཟང་པོ་མཆོག་ནི་སེ་བྱེས་མཁན་ཐོག་བཅུ་བདུན་པ་དེ་ཡིན་ཞིང་།  དེ་ཡང་སེར་སྨད་འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི་རང་རྣམ་དྭངས་གསལ་མེ་ལོང་ལས། བྱེས་མཁན་ཆེན་བྱམས་པ་སྨོན་ལམ་དང་། སེ་སྨད་མཁན་ཆེན་གྲགས་པ་མཁས་གྲུབ། སེ་སྔགས་མཁན་ཆེན་རྫི་ཐོ་ཆོས་ལྡན་པ་རྣམ་གསུམ་མཁན་ཐོག་གཅིག་ལ་དུས་མཚུངས་སུ་འཁེལ་བ་མ་ཟད་མཁས་བཙུན་བཟང་གསུམ་གྱི་སྐུ་ཡོན་ཧ་ཅང་ཆེ་བ་གསུངས་པ་ལྟར་དམ་པ་འདིས་སེ་ར་ཆོས་སྡེ་སྤྱི་དང་ཡང་སྒོས་སེ་བྱེས་མཁས་སྙན་གྲྭ་ཚང་གིས་བཤད་སྒྲུབ་འཆད་ཉན་སོགས་ལ་བླ་ན་མེད་པའི་མཛད་རྗེས་གཞལ་དུ་མེད་པ་བསྐྱངས། མཁན་པའི་ཁྲི་ལས་བཤོལ་ཏེ་སེ་རའི་རྒྱབ་རིའི་ཤར་ངོས་སུ་ཡོད་པའི་ཀེའུ་ཚང་རི་ཁྲོད་ཕྱག་བཏབ་ཅིང་། དམ་པར་འདི་ནི་ཀེའུ་ཚང་སྐུ་ཕྲེང་དང་པོ་ཡིན་ཞིང་། སྐུ་ཚེ་སྨད་དུ་ཀེའུ་ཚང་ནུབ་ཀྱི་རི་ཁྲོད་དུ་བཞུགས་ཏེ་སྒྲུབ་པ་ཉམས་བཞེས་རྩེ་གཅིག་ཏུ་མཛད། སྐུ་གཤེགས་ཁར་རང་དབང་བྱུང་ན་རྡོ་རིང་པའི་བུ་རུ་སྐྱེས་ཐུབ་པའི་ཐུགས་རེ་ཡོད་ཅིང་། དེ་འདྲ་བྱུང་ན་ངེས་པར་དུ་ཆོས་སྒོར་བཅུག་ཐུབ་པར་གནང་རོགས་ཞེས་ཞལ་ཆེམས་ཕྱག་བྲིས་དང་གནང་རྟེན་ཁ་བཏགས་བཅས་རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོལ་དང་ལྕམ་རྣམ་རྒྱལ་སྒྲོལ་མ་གཉིས་ལ་གནང་ཞིང་། མཐར་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༩༠ ལོར་དགོངས་པ་མྱ་ངན་ལས་པའི་ཚུལ་སྟོན།

ཀེའུ་ཚང་སྐུ་ཕྲེང་གཉིས་པ་བློ་བཟང་འཇམ་དབྱངས་སྨོན་ལམ།

ཀེའུ་ཚང་སྐུ་ཕྲེང་གཉིས་པ་བློ་བཟང་འཇམ་དབྱངས་སྨོན་ལམ་ནི། ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོར་རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱི་སྲས་སུ་འཁྲུངས། སེ་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ཏེ། འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མི་མངའ་བའི་མཁས་པའི་གོ་འཕང་ཐོབ། བསྟན་འགྲོར་སྨིན་པའི་མཛད་འཕྲིན་ཧ་ཅང་རྒྱས་པར་བསྐྱངས། དེ་ཡང་ཏྲེ་ཧོར་བྲག་དགོན་དུ་ཇོ་བོའི་སྐུ་བརྙན་གསར་བཞེངས་ལེགས་བྱུང་མཚམས་སུ་བྲག་མགོའི་དཔོན་ཏྲེ་རྗེ་བདེ་བར་གཤེགས་པའམ་དཔོན་དྲིན་ཆེན་དཔོན་གཡོགས་དང་བཅས་པ་དབུས་ཕྱོགས་སུ་ཆེད་དུ་ཕེབས་ཏེ། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་དབང་ཕྱུག་མཆོག་གི་སྐུ་མདུན་དུ་ཧོར་བྲག་མགོ་དགོན་དུ་ཇོ་བོའི་སྐུ་བརྙན་གསར་བཞེངས་ལེགས་གྲུབ་བྱུང་བས། པཎ་རིན་པོ་མཆོག་གིས་རྗེས་བརྩེ་ཆེན་པོས་རབ་གནས་གནང་སྐྱོང་ཡོང་བ་དང་། བྲག་མགོ་དགོན་དུ་ལས་དབང་དང་དམ་ཚིགཡོད་པའི་བླ་མ་ཞིག་ཀྱང་བཀའ་དྲིན་གནང་སྐྱོང་ཡོང་བའི་རེ་འདུན་བཅས་སྙན་དུ་ཞུས་པས། བྲག་མགོ་དགོན་དུ་གསར་དུ་བཞེངས་པའི་ཇོ་བོའི་སྐུ་བརྙན་ལས་འོད་ཀྱི་མདངས་སྣ་ཚོགས་བྱུང་བ་དང་། ནམ་མཁའ་ནས་འཇའ་གུར་ཕུབ་པ་སོགས་བཀྲ་ཤིས་པའི་མངོན་རྟགས་དུ་མ་བྱུང་ཞིང་།  བྲག་མགོའི་སེར་སྐྱ་མཆོག་དམན་ཀུན་ལ་དགའ་དད་ཀྱིས་སྤྲོ་བས་ཁེངས། པཎ་ཆེན་རིན་པོ་ཆེ་མཆོག་གིས་་ཀེའུ་ཚང་སྐུ་ཕྲེང་གཉིས་པ་བློ་བཟང་འཇམ་དབྱངས་སྨོན་ལམ་མཆོག་བྲག་མགོའི་དགོན་དུ་ཆེད་ཕེབས་དགོས་པའི་བཀའ་གནང་བ་བཞིན་སྟོད་ཉི་མ་ལྷ་ས་ནས་ཞབས་ཀྱིས་ཀྱག་སྟེ། ཏྲེ་ཧོར་བྲག་མགོའི་ཕྱོགས་སུ་ཕེབས། དམ་པར་འདི་དགུང་ན་བགྲེང་བའི་རྐྱེན་གྱིས་ལམ་བར་དུ་དགོངས་པར་ཆོས་དབྱིངས་སུ་ཐིམ་ཚུལ་སྟོན། བྲག་མགོ་དགོན་གྱིས་པཎ་ཆེན་རིན་པོ་ཆེ་ལ་རབ་གནས་ཧ་ཅང་ལེགས་གྲུབ་བྱུང་ཡང་། བླ་མ་ད་དུང་འབྱོར་མ་བྱུང་ཞེས་འཕྲིན་ཡིག་འཕུལ་བའི་ལན་དུ་ཀེའུ་ཚང་སྤྲུལ་པའི་སྐུ་ཕེབས་ལམ་དུ་དགོངས་པར་རྫོགས་འདུག་ཀྱང་སྐུ་ཕྲེང་རྗེས་མ་བྲག་མགོ་དགོན་དུ་ངེས་ཕེབས་ཡིན་པའི་བཀའ་ལུང་བསྩལ།

ཀེའུ་ཚང་སྐུ་ཕྲེང་གསུམ་པ་བླ་མ་བསྟན་འཛིན་ཡར་རྒྱས།

ཀེའུ་ཚང་སྐུ་ཕྲེང་གསུམ་པ་བླ་མ་བསྟན་འཛིན་ཡར་རྒྱས་དཔལ་བཟང་པོ་མཆོག་ནི། མདོ་ཁམས་ཏྲེ་ཧོར་དཀར་མཛེས་མཁར་ཤུལ་གྲོང་དུ་ཡབ་ཆེ་བརྟན་དང་ཡུམ་ཨ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡབ་ཚེ་བརྟན་ཚེ་ལས་འདས་ཏེ་མ་བུ་གཉིས་ལ་འཚོ་ཐབས་ཀྱི་དཀའ་སྡུག་གང་མང་འཕྲད་མིན་ལ་མ་ལྟོས་པ་ཨ་མས་དཀར་མཛེས་དགོན་བཀྲ་ཤིས་དར་རྒྱས་ནོར་བུའི་གླིང་དུ་ཆོས་སྒོར་ཞུགས་བཅུག་པ་དང་། དམ་པ་འདི་སྐུ་ན་ཆུང་དུས་ནས་ཐུགས་རིགས་ཧ་ཅང་བཀྲ་བས། དཀར་མཛེས་དགོན་དུ་གཟིག་རྒྱབ་སྔགས་ཆེན་རྡོ་རྗེ་འཆང་གིས་བཀའ་ཆོས་གནང་སྐབས་བཀའ་ཆོས་གང་གནང་བ་དེ་ཚིག་དོན་གཉིས་ཀ་ཐུགས་སུ་ཆུབ་ཅིང་། གཞན་ལ་འཆད་པ་སོགས་དམ་པའི་སྐྱེས་ཆེན་གྱི་མཛད་པ་ངོ་མཚར་བ་སོགས་དུ་མ་སྟོན་པས། དཀར་མཛེས་དགོན་གྱི་མཁན་བླ་འདུས་མང་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཡུལ་དུ་གྱུར་བ་དང་། དགོན་གྱི་ལས་སྣེ་ཁག་གཅིག་གིས་ལམ་རྒྱགས་དང་བཅས་ཏེ། དམ་པ་འདི་དབུས་གྱུར་ཆོས་ཀྱི་ཞིང་སར་མཆོད་མཇལ་དང་གནས་སྐོར་བ་སྐོར་ཅིག་ལ་བསྐུར་ཏེ་གྲྭ་སར་གཅད་དུ་བཏང་། སྐུ་ན་ཧ་ཅང་ཆུང་བས་ལམ་བར་ནས་་སྒལ་བར་འཁུར་ནས་ཕེབས་ཡོད་ཅིང་། སེ་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་དགེ་བའི་བཤེས་གཉེར་དུ་མ་བསྟེར་ཏེ་མཁས་པའི་གོ་འཕང་ཐོབ་པ་དང་སླར་རང་ཡུལ་དུ་ཕེབས་ཤིང་། དཀར་མཛེས་དགོན་ཀྱིས་ལས་ཀྱི་སྣེ་མོ་བ་གཙོས་སེར་སྐྱ་མང་ཚོགས་ཀྱིས་དཀར་མཛེས་དགོན་དུ་བཞུགས་དགོས་པའི་རེ་སྐུལ་ནན་གྱིས་ཞུས་ཀྱང་། དམ་པ་འདིས་བདག་གི་སྐུ་སྐྱེས་སྔ་མས་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་བྲག་མགོ་དགོན་དུ་ཕེབས་དགོས་པའི་དམ་བཅའ་ཡོད་པས་དམ་བཅའ་ལས་གཡོ་བ་མི་རུང་བས་ངེས་པར་དུ་ཕེབས་དགོས་གསུངས། བྲག་མགོ་དགོན་དགའ་ལྡན་རབ་བརྟན་གླིང་དུ་ཕེབས་ཏེ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱི་རྒྱལ་མཚན་འཛུགས་ཏེ། དགོན་འདི་ལ་བཤད་སྒྲུབ་ལས་གསུམ་གྱི་བཀའ་དྲིན་ཧ་ཅང་ཆེ་བ་ཡིན་ལ། ལྷག་པར་དུ་དམ་པར་འདིའི་མཛད་སྤྱོད་དང་འཕྲིན་ལས་ཀྱིས་འོད་དཀར་སྣུམ་པོའི་དྲིན་ལས་བྲག་མགོའི་ཡུལ་སྡེ་རིས་སུ་མ་མཆིས་པའི་སེར་སྐྱ་མཆོག་དམན་ཀུན་ཐུགས་མཐུན་དམ་གཙང་འོ་ཆུ་ལྟར་གཞིར་གཅིག་ཏུ་འདྲེས་ཏེ་བཀྲ་ཤིས་ལོ་ལེགས་ཀྱི་ལོ་རྒྱུས་འོད་སྟོང་ལྡན་པ་མགོ་བཙུགས་པས། དམ་པ་འདི་སྐུ་ཡོན་དང་མཛད་སྤྱོད་ཀྱིས་བྲག་མགོའི་དཔོན་ཏྲེ་རྗེ་བདེ་བར་གཤེགས་པའམ་དཔོན་དྲིན་ཅན་གྱི་ཡིད་རང་དབང་མེད་པར་འཕྲོག་སྟེ་དགའ་དད་འབུམ་གྱིས་བྲག་མགོའི་ཡུལ་སྡེ་ཐམས་ཅད་ཀེའུ་ཚང་བླ་མ་བསྟན་འཛིན་ཡར་རྒྱས་ལ་འཕུལ་པས། བྲག་མགོ་དགོན་གྱི་དགོན་བདག་ཏུ་གྱུར་ཞིང་། དེ་ནས་བཟུང་སྟེ་བྲག་མགོ་དགོན་གྱིས་དགེ་ལྡན་པའི་ཕྱོགས་ཙམ་མིན་པར་ས་སྐྱ་བཀའ་རྙིང་རིས་སུ་མ་མཆིས་པའི་ཡས་དགོན་གཉིས་ཀ་ལ་ཆོས་སྲིད་ཀྱིས་དབང་སྒྱུར་ཆོག་པར་གྱུར། དམ་པར་འདིས་ཏྲེ་ཧོར་དཀར་མཛེས་དང་རྟའུ་སོགས་སུ་ཞབས་ཀྱིས་ཀྱག་སྟེ་བྱང་ཆུབ་ལམ་རིམ་སོགས་དབང་ལུང་འཆད་ཁྲིད་ཀྱིས་བསྟན་འགྲོའི་དཔལ་མགོན་དུ་གྱུར་པར་མ་ཟད་མི་ཉག་མགར་ཐར་སོགས་ཡུལ་གྲུབ་གཞན་རྣམས་སུ་ཡང་འཕྲིན་ལས་ཀྱིས་ཁྱབ་པར་གྱུར། དམ་པ་འདི་ནི་ཏྲེ་ཧོར་བྲག་མགོ་དགོན་དགའ་ལྡན་རབ་བརྟན་གླིང་གི་སྤྲུལ་སྐུ་དང་པོ་དང་། བྲག་མགོའི་ཀེའུ་ཚང་སྤྲུལ་སྐུ་རིམ་བྱོན་ཡང་དམ་པ་འདི་ནས་མགོ་བཙུགས་པ་ཡིན། སྐུ་ཕྲེང་བཞིན་པ་དང་ལྔ་པ་ནི་བྲག་མགོ་སྲབ་མོ་སྒར་ཞབ་སྐུ་རྒྱབ་ཚང་དུ་འཁྲུངས་ཀྱང་སྐུ་ན་ཆུང་དུས་དགོངས་པར་རྫོགས།

ཀེའུ་ཚང་སྐུ་ཕྲེང་དྲུག་པ་དཔལ་ལྡན་དགེ་ལེགས་རྣམ་རྒྱལ།

ཀེའུ་ཚང་སྐུ་ཕྲེང་དྲུག་པ་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་མཆོག་ནི་ཤར་མི་ཉག་མགར་ཐར་ཤ་ཕོ་ཞེས་པའི་ས་ཆ་རུ་ཡབ་ཨ་ཕོ་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་གི་ལོར་སྐུ་འཁྲུངས། དཀར་མཛེས་དགོན་གྱི་སྤྲུལ་པའི་སྐུ་གཟིག་རྒྱབ་སྔགས་ཆེན་རྡོ་རྗེ་འཆང་གིས་ཀེའུ་ཚང་སྐུ་གོང་མའི་ཡང་སྲས་འཁྲུལ་མེད་དུ་ངོས་འཛིན་མཛད་གནང་། དགུང་ལོ་བཞི་པར་ཤིང་སྤྲེལ་ཟླ་བ་ ༡༡ པའི་ཚེས་ ༡༦ ཉིན་བྲག་མགོ་སེང་ལྡེང་རི་ཁྲོད་བདེ་ཆེན་བསམ་གཏན་གླིང་དུ་གདན་འདྲེན་ཞུས། དགུང་ལོ་བརྒྱད་ཐོག་ཏུ་སེ་སྐྱ་མཆོག་དམན་ཀུན་གྱིས་མེ་ཏོག་དང་སྤོས་སྣེ་དྲངས་ཏེ། བྲག་མགོ་དགོན་དུ་གདན་ཞུས་ཀྱིས་སེང་ཁྲི་མངོན་པར་མཐོ་བའི་སྟེང་དུ་ཞབས་སོར་འཁོད་ཅིང་། གཞུང་ལུགས་རྒྱ་མཚོ་ལྟ་བུར་གསོན་བསམ་གནང་། དམ་པ་འདིའི་ཐུགས་སྲས་ཀྱང་། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་མཆོག་དང་། འབྲས་བློ་གླིང་ཏྲེ་ཧོར་བྲག་མགོའི་དགེ་བཤེས་བསོད་ནམས་མགོན་པོ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་མཆིས་ལ། ལོ་རྒྱུས་རྣམ་ཐར་དག་ཏུ་གསལ་བ་བཞིན་དམ་པར་འདི་ནི་རིས་སུ་མ་མཆིས་པའི་སྐྱེས་ཆེན་ཞིག་ཀྱང་ཡིན་ཏེ། བོན་སྤྲུལ་ཟླ་བ་རྒྱལ་མཚན་ནམ་འཇམ་དཔལ་རྒྱ་མཚོ་སོགས་ས་དགེ་བཀའ་རྙིང་བོན་དང་བཅས་པའི་སྐྱེས་ཆེན་དུ་མར་རྗེས་སུ་བཟུང་བ་སོགས་ཀྱི་རྨད་དུ་བྱུང་བའི་མཛད་པར་བསྐྱངས་འདུག

ཀེའུ་ཚང་སྐུ་ཕྲེང་བདུན་པ་བསྟན་འཛིན་དགེ་ལེགས་རྣམ་རྒྱལ།

ཀེའུ་ཚང་སྐུ་ཕྲེང་བདུན་པ་བསྟན་འཛིན་དགེ་ལེགས་རྣམ་རྒྱལ་མཆོག་ནི་དབུས་གྱུར་ཆོས་ཀྱི་ཞིང་ཁམས་ལྷ་ས་བསྟན་རྒྱས་གླིང་དུ་ཡབ་བློ་བཟང་ཚེ་དབང་དང་ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༦ བོད་ཟླ་ ༡ ཚེས་ ༡༣ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། ༸གོང་ས་ལྷ་མའི་རྣམ་འདྲེན་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཀེའུ་ཚང་སྐུ་གོང་མའི་ཡང་སྲས་འཁྲུལ་མེད་དུ་ངོས་འཛིན་མཛད་ཅིང་། རྒྱ་གར་འཕགས་པའི་ཡུལ་དུ་གདན་ཞུས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ཞབས་སོ་འཁོད་དེ། གཟིམ་ཆུང་དུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་མཇལ་བཅར་སྐལ་བཟང་དུས་ཀྱི་ཉིན་མོར་མཚན་ལ་བསྟན་འཛིན་དགེ་ལེགས་རྣམ་རྒྱལ་ཞེས་བསྩལ་བ་དང་།  དགེ་ཚུལ་བསྒྲུབས་ཡོད་མེད་བཀའ་དྲི་གནང་ཏེ། བསྒྲུབས་མེད་ན་ངོས་ནས་བསྒྲུབ་ཆོག་གསུངས་པ་བཞིན་སྨོན་ལམ་ཆེན་མོ་གྲོལ་ནས་བཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་གིས་ཚིག་སྔ་མ་དགེ་ཚུལ་གྱི་བསླབ་སྡོམ་གནང་།  མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱིས་སེ་ར་ཐེག་ཆེན་གླིང་དུ་ཐོས་བསམ་གནང་སྲོལ་ཡོད་པས། སྐབས་དེར་བྱེས་ཀྱི་གདན་ས་ཆེན་པོ་སེ་བྱེས་ཁོངས་ཀྱི་ཏྲེ་ཧོར་ཁང་ཚན་གྱིས་སྐུ་ཚབ་དགེ་བཤེས་ཚེ་དགའ་དང་། དགེ་བཤེས་པདྨ་ཚེ་དབང་གཉིས་ཆེད་བཏང་གིས་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གོང་མ་ཚོ་དང་འདྲ་བ་སེ་ར་ལ་གདན་ཞུ་དང་ཐོས་བསམ་སློབ་གཉེར་དང་བཞུགས་གནས་བླ་བྲང་བཅས་སློབ་གཉེར་ལ་མཁོ་བའི་མཐུན་རྐྱེན་ཆ་ཚང་ཡོད་ལུགས་བརྗོད་ཀྱང་། བྱེས་ཀྱི་ཆོས་སྡེ་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་ཁོངས་ཏྲེ་ཧོར་བྲག་མགོ་སྐུ་ཞབས་བྱམས་པ་རིན་པོ་ཆེ་དང་། དགེ་བཤེས་ཡེ་ཤེས་དོན་འགྲུབ། དགེ་བཤེས་འོད་གསལ་ཉི་མ་སོགས་ཀྱིས་བྱེས་ཀྱི་གདན་ས་འབྲས་སྤུངས་སུ་ཕེབས་དགོས་པའི་རེ་འདུན་ཡོད་སྟབས་མཆོག་སྤྲུལ་རིན་པོ་ཆེ་བྱེས་ཀྱི་གདན་ས་སེ་འབྲས་གང་དུ་ཕེབས་མིན་ཐད་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་ཐུགས་རྟགས་ཞུས་ཏེ་གཏན་ཁེལ་བྱེད་རྒྱུར་གྲོས་མཐུན་བྱུང་བ་བཞིན་དོན་དེ་༸གོང་ས་མཆོག་ལ་ཞུས་པ་དང་། དེ་ཡང་ཡར་ཞུ་སྐབས་ཀེའུ་ཚང་སྐུ་གོང་མ་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་མཆོག་ཧོར་བྲག་མགོ་སེར་སྐྱ་མང་ཚོགས་ལ་ཧ་ཅང་བཀའ་དྲིན་ཆེ་ཞིང་། མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཀྱང་ཧོར་བྲག་མགོ་དགོན་པའི་གྲྭ་རྒྱུད་གཞན་རྣམས་དང་འདྲ་བ་གདན་ས་འབྲས་སྤུངས་སུ་ཕེབས་རྒྱུར་བྲག་མགོའི་སེར་སྐྱ་མང་ཚོགས་ཀྱི་རེ་བ་ཉག་ཅིག་ཡིན་པའི་སྐོར་ཡང་ཡང་ཞུས་པས། ༸གོང་ས་མཆོག་གིས་ཐུགས་དགྱེས་པ་ཆེན་པོས་ངོས་ནས་མོ་ཞིག་བརྒྱབས་ཏེ་གང་བཟང་ན་སྐུ་ཐོག་འདི་དེར་འགྲོ་ན་ཨེ་འགྲིག་ཅེས་གསུངས་པ་བཞིན་ཕྱོགས་གཉིས་ཀས་མོས་མཐུན་བྱུང་ཞིང་། སྐུ་ཕྲེང་འདི་བྱེས་ཀྱི་གདན་ས་འབྲས་སྤུངས་སུ་ཕེབས་ན་བཟང་གསུངས་པ་བཞིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ཅིང་།  ༸གོང་ས་སྐྱབས་མགོན་མཆོག་གིས་བཀའ་མངགས་གནང་བ་བཞིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧོར་མཁན་ཟུར་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དང་། གཞན་ཡང་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཟུར་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག་དང་། མཁས་པའི་དབང་པོ་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་དཔལ་ལྡན་གྲགས་པ་སོགས་མཁས་པའི་ཁྱུ་མཆོག་བཤེས་གཉེན་དུས་མའི་ཞབས་ལ་གཏུགས་ཏེ། བློ་རྟགས་བསྡུས་གསུམ་ནས་མགོ་བརྩམས་ཏེ་འཕགས་བོད་ཀྱི་གཞུང་ཆེན་ཁག་ལ་གསོན་བསམ་གནང་། ཕྱི་ལོ་ ༡༩༩༢ ལོར་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དུ་༸གོང་ས་མཆོག་གིས་ཞལ་སྔ་ནས་ཁ་སྐོང་འོས་པའི་དགེ་འདུན་གྲངས་ཚང་་བའི་དབུས་སུ་དགེ་སློང་གི་སྡོམ་པ་རྣམ་པ་དག་པར་བསླངས།  ཕྱི་ལོ་ ༡༩༩༥ ལོར་རང་ཡུལ་གངས་ཅན་ཞིང་དུ་ཞབས་ཀྱིས་བཀྱགས་ཏེ་མདོ་ཁམས་བྲག་མགོའི་སེར་སྐྱ་མང་ཚོགས་ལ་བཀའ་དབང་དང་ལམ་རིམ། གཞན་ཡང་འཇིག་རྟེན་མི་ཡི་བཟང་སྤྱོད་སོགས་ཀྱི་མན་ངག འཆད་ཁྲིད་དང་བཀའ་སློབ་སོགས་ཀྱིས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཆོས་ཀྱིས་ཚིམ་པ་མཛད་གནང་། བྲག་མགོ་དགོན་གྱི་སེར་མོ་བ་སོགས་དད་ལྡན་མང་ཚོགས་ཀྱིས་རང་ཡུལ་བྲག་མགོའི་དགོན་དུ་བཞུགས་དགོས་པའི་རེ་བ་ནན་གྱིས་ཞུས་ཀྱང་། མཆོག་སྤྲུལ་རིན་པོ་ཆེས་སློབ་གཉེར་འཕྲོ་ལུས་པ་སོགས་ཀྱིས་རང་ཡུལ་དུ་མ་བཞུགས་པར་རྒྱ་གར་འཕགས་ཡུལ་དུ་ཕྱིར་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་མདོ་སྔགས་གཞུང་ལུགས་འཕྲོ་ལུས་པ་དག་ལ་གསོན་བསམ་རྒྱ་ཆེར་མཛད་ཅིང་། ཆོ་ག་ཕྱག་ལས་སོགས་ལ་ཡང་སྦྱངས་ཏེ་ཐུགས་སུ་ཆུབ། ༸གོང་ས་མཆོག་དང་སྐྱེས་ཆེན་དུ་མའི་དྲུང་ནས་དབང་ལུང་མན་ངག་རྣམས་བུམ་པར་གང་བྱོན་གྱི་ཚུལ་དུ་གསོན་བཞེས་གནང་སྟེ། དེང་སྐབས་འབྲས་སྤུངས་བློ་གསལ་གླིང་དུ་ལྷ་སྔགས་ཏིང་འཛིན་ལ་བརྩོན་བཞིན་བཞུགས།་ལགས་སོ།།



མདོ་ཁམས་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་གྱི་སྐྱབས་རྗེ་རྡོ་བུམ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།

རྡོ་བུམ་སྐུ་ཕྲེང་དང་པོ་དགེ་བཤེས་སྐལ་བཟང་བསྟན་པ།

རྡོ་བུམ་སྐུ་ཕྲེང་དང་པོ་དགེ་བཤེས་སྐལ་བཟང་བསྟན་པ་ནི།  སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་མདོ་ཁམས་ཤར་ཕྱོགས་ཏྲེ་ཧོར་ཁུལ་དུ་སྐུ་འཁྲུངས།  དབུས་སུ་བྱོན་ནས་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ནས་གཞུང་ལུགས་རབ་འབྱམས་ལ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད་དེ་དགེ་བཤེས་མཚན་རྟགས་བཞེས།  རང་ཡུལ་དར་རྒྱས་དགོན་དུ་ཕེབས་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་བླ་ན་བསྒྲེངས།  རྗེ་འདིས་ལྗགས་རྩོམ་མཛད་པའི་སྲུང་མ་ཁག་གི་གསེར་སྐྱེམས་ཤིག་མཇལ་རྒྱུ་འདུག་པ་དེར་བལྟས་ན་དམ་པ་འདི་ཉིད་མཚན་ཉིད་རིག་པ་ཙམ་མ་ཟད་སྔགས་རྒྱུད་སྡེ་དང་ཐ་སྙད་རིག་གནས་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་ཚད་ཐུབ་ཅིག་ཏུ་ངེས་ཤིང་ཞལ་སློབ་ཀྱང་གཟིག་རྒྱབ་སྔགས་ཆེན་སོགས་ཡོངས་གྲགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་དུ་མ་ཞིག་བྱུང་ཡོད་པ་དཔོག་ནུས་ཀྱང་རྣམ་ཐར་ལོ་རྒྱུས་དང་དཔྱད་གཞི་ཡིག་ཆ་གཞན་མ་རྙེད་པས་འདི་ཙམ་ལས་འབྲི་བ་རྔོ་མི་ཐོགས་པས་ཤིན་ཏུ་ཕངས།

རྡོ་བུམ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་རྒྱལ་མཚན།

རྡོ་བུམ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་རྒྱལ་མཚན་ནི།  མདོ་ཁམས་ཏྲེ་ཧོར་གླིང་ཚང་ཁུལ་གྱི་གྲོང་ཚོ་ཞིག་ནང་ཁ་ཐབས་འཁོས་ཞན་གྱི་ཁྱིམ་ཞིག་ཏུ་འཁྲུངས། སྐུ་ན་སོན་པ་དང་ཡབ་ཡུམ་གྱི་གམ་དུ་ཁྱིམ་ལས་གནང༌།  ཉིན་ཞིག་རི་སྒང་དུ་ལྕི་བ་སྒྲུག་ཏུ་ཕེབས་ཤུལ་གོང་མའི་ཡང་སྲིད་བརྩད་གཅོད་ཞུ་མཁན་ཚོ་ཁྱིམ་དུ་འབྱོར། ཁོང་ཚོ་ཐད་ཀར་རི་སྒང་དུ་ཡོང་བས་བུ་ཆུང་གིས་དེ་ཉིན་གྲི་ཆུང་ཞིག་རྙེད་པ་དེ་ཉིད་སླེ་བོའི་ནང་གི་ལྕི་བའི་སྒང་ལ་བཙུགས་ཏེ་དེ་གར་བཞག བརྩད་གཅོད་ཞུ་མཁན་ཚོ་དང་ལྷན་ཁྱིམ་དུ་ཕྱིར་ཕེབས་པས། ལྷ་བླའི་ལུང་བརྟག་དང་མཐུན་པར་མ་ཟད་གྲི་ཆུང་དེ་ཉིད་ཤེས་རབ་རལ་གྲིའི་མཚོན་དོན་གྱི་རྟེན་འབྲེལ་བཟང་བ་བྱུང༌།  སྐུ་གོང་མའི་ཞལ་སློབ་གཟིག་རྒྱབ་སྔགས་ཟུར་རིག་པ་འཛིན་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་གིས་གོང་མའི་ཡང་སྲིད་ངོས་འཛིན་མཛད་དེ་བློ་བཟང་བསྟན་འཛིན་རྒྱལ་མཚན་ཞེས་གསོལ་ཏེ་ཞབས་བརྟན་སྨོན་ཚིག་རྒྱལ་དང་རྒྱལ་སྲས་ཞེས་པ་སྩལ། གསེར་ཁང་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱིས།  ཐུབ་པའི་སྤྱན་སྔར་ཆོས་མཛད་ཀུན་དགའ་བོ།  ཞེས་པ་ནས་བཟུང་སྟེ་རྡོ་བུམ་སྐུ་འཕྲེང་རིམ་བྱོན་གསོལ་འདེབས་དང་འབྲེལ་བའི་ཞབས་བརྟན་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་མཛད།

དབུས་སུ་བྱོན་ནས་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་ཚུལ་བཞིན་བསྟེན་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མི་ལོ་བཞིའི་རིང་གསན་བསམ་སློབ་གཉེར་མཛད་དེ་རང་ཡུལ་དུ་ལྡོག

དཀར་མཛེས་དང་དར་རྒྱས་ཁུལ་དུ་རྒྱ་བོད་ཟིང་འཁྲུགས་བྱུང་སྟེ་དར་རྒྱས་པ་ས་ཤོར་བས་བླ་གྲ་མང་པོ་ཆབ་མདོར་བོད་གཞུང་གི་སྐྱོབ་གསོ་རོགས་རམ་འོག་ལོ་མང་ཙམ་གནས་དགོས་བྱུང་བ་དེ་སྐབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་ཞལ་སྔ་ནས་ཆབ་མདོར་ཕེབས་སྐབས་ཁེལ་བས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་མནོས།

དེ་སྐབས་དང་རྒྱུན་དུ་རང་ཚུགས་ཟིན་པོའི་ཐོག་ཚུལ་མཐུན་དུ་བཞུགས་པ་ལས་མི་ཆེན་བླ་ཆེན་སོགས་ལ་འབྱར་མཁས་སྟབས་བསྟུན་གྱིས་རང་ཁེ་གང་ལོན་བྱ་རྒྱུའི་རིགས་ལ་མི་མཉེས་པ་སོགས་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ་ཞིང་། གཞིས་སུ་ཕེབས་ཏེ་གངས་ཅན་མཁས་པའི་ཁྱུ་མཆོག་བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་སོགས་བསྟེན་ནས་མདོ་སྔགས་ཀྱི་གཞུང་བཤད་དང་གསུང་ཆོས་དུ་མ་གསན་ཅིང་རིས་མེད་ཆོས་ཚུལ་ལ་ཐུགས་སྣང་འཕེལ། གཙོ་ཆེར་རྡོ་བུམ་རི་ཁྲོད་དུ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ་གཞོལ་བར་མཛད། རྗེ་འདིའི་ཞལ་འདོན་གྲས་ཟད་རྙིང་དུ་གྱུར་པའི་བདེ་མཆོག་ལུས་དཀྱིལ་གྱི་མངོན་རྟོགས་རྒྱས་པ་བདེ་ཆེན་རབ་འཕེལ་གྱི་ཕྱག་དཔེ་ཞིག་མཇལ་རྒྱུ་འདུག་པ་དེར་བལྟས་ན་སྒྲུབ་པ་ཉམས་ལེན་ལ་ཐུགས་དམ་མཐིལ་དུ་མཛད་པའི་སྐྱེས་ཆེན་ཞིག་ཏུ་དཔོག་ནུས།

དར་རྒྱས་དགོན་ནས་རྡོ་བུམ་རི་ཁྲོད་དུ་དཔེ་ཆ་བློ་འཛིན་བྱེད་པར་ཟླ་དུས་ཚད་བཅད་ཀྱིས་ཡོང་མི་རྣམས་ལ་རི་ཁྲོད་སྤྱི་ནས་ཇ་དང་རྩམ་པ་ནར་སྤྲོད་ཐོག་བློ་འཛིན་བྱ་རྒྱུའི་དཔེ་ཆ་གང་ཡིན་དེ་ཉིན་རེར་རྒྱུགས་སྤྲོད་བྱ་དགོས་སོགས་སྒྲིག་ལམ་གནོན་འདོམས་འཆུན་ཆེ་ཙམ་དང་།  སྐབས་རེ་སྒྲིག་འགལ་ཆེ་རིགས་བྱུང་ཚེ་ཀ་བར་ཐག་པས་བཀྱིགས་ཏེ་བཞག་པ་སོགས་གཅུན་བདར་གང་ཆེ་གནང་གི་ཡོད་པས་སྤྱིར་བཏང་ལ་འཇིགས་འཚེར་ཞུ་ཡུལ་ཞིག་ཏུ་ངོས་འཛིན་བྱེད་པ་ཡང་ཡོད་འདུག

ཁོང་གི་རྒྱུན་སྤྱོད་སོགས་ཀྱི་སྐོར་དཔྱད་གཞིའི་ཡིག་ཆ་དང་ངག་རྒྱུན་གཞན་མ་རྙེད་པས་ཞིབ་རྒྱས་འབྲི་མ་སྤོབས་ཀྱང་རྒྱུན་པའི་བཟའ་བཏུང་ནི་ཇ་དྭངས་དང་སྤག་རྐྱང་ཙམ་ལ་བསྟེན་ཅིང་།  ནམ་བཟའ་ཡང་སྤྱོད་ཟད་རྙིང་སོང་ཙམ་མནབས་ཏེ་ཆོག་ཤེས་སྟབས་བདེའི་ངང་གནས་པ་ལས་དགོས་མེད་རྒྱས་སྤྲོས་ཆོས་བརྒྱད་འདུ་འཛིའི་ཟང་ཟིང་ལ་རྔམས་སེམས་མེད་པ་ཞིག་ཡིན་པར་ཡོངས་སུ་གྲགས།  །མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྤྱི་ལོ་ ༡༩༤༠ ལོར་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།


རྡོ་བུམ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་འཕེལ་རྒྱས།

རྡོ་བུམ་སྐུ་ཕྲེང་གསུམ་པ་བྱམས་པ་ཐུབ་བསྟན་རྒྱལ་མཚན་ནམ་དགེ་ཚུལ་གྱི་མཚན་བློ་བཟང་བསྟན་འཛིན་འཕེལ་རྒྱས་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་སྤྱི་ལོ་ ༡༩༤༡ ལོར་མདོ་ཁམས་སྒ་སྐྱེ་རྒུ་མདོ་ཁུལ་བཞི་དབུས་མདོར་ཡབ་བཀྲ་ཤིས་དཔལ་འབྱོར་དང་ཡུམ་ལོ་ཡག་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  དགུང་ལོ་གཉིས་ཙམ་དུ་སོན་པ་ན་དམ་པའི་རང་རྟགས་འབུར་དུ་ཐོན་པས་ཕུར་ལྕོག་ཡོངས་སྤྲུལ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་གྱི་རྡོ་བུམ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པས་དར་རྒྱས་དགོན་དུ་གདན་དྲངས་ནས་གོང་མའི་གདན་སར་ཁྲི་འདོན་མཛད།  དགུང་ལོ་ལྔ་དྲུག་ཙམ་གྱི་ཐོག་ལ་ འཁྲུངས་སར་སྐུ་ཕྲེང་བཞི་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དང་།  ཧོར་ཆོས་རྗེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་བསྟན་འཛིན་ཆོས་གྲགས་གཉིས་རྡོ་བུམ་རི་ཁྲོད་དུ་གདན་དྲངས་ཏེ་དམ་པ་དེ་གཉིས་ཀྱི་སྐུ་དྲུང་ནས་ཡི་གེའི་ཕྱི་མོ་ཐོག་མར་བསླབ་པའི་རྟེན་འབྱུང་གི་ཆོ་ག་སྤེལ། ཀློག་སློབ་དགེ་རྒན་དགེ་བཤེས་ཡ་མ་ཆོས་འཕེལ་དང་།  རིགས་ལམ་སྒོ་འབྱེད་ཀྱི་སློབ་དཔོན་དགེ་ཐུབ་བསྟན་བཅས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་། ཆོས་སྤྱོད་ཆོ་ག རིགས་ལམ་སྒོ་འབྱེད་བསྡུས་གྲ་སོགས་
ཡོན་ཏན་གྱི་རྨང་གཞི་བཏིང་། མདོ་ཁམས་བསྟན་པའི་སྒྲོན་མེ་དར་དགོན་མཁན་ཟུར་ཡོངས་ཀྱི་དགེ་བའི་བཤེས་གཉེན་བྱམས་པ་མཁས་གྲུབ་རིན་པོ་ཆེའི་དྲུང་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་ཐོག་མར་གསན།  འཁྲུངས་གསར་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་ལས་རྟའུ་ཉ་མཚོ་དགོན་གྱི་སྤྲུལ་སྐུ་ཉ་ལུ་ཞབས་རིན་པོ་ཆེ་དང་དཀར་མཛེས་དགོན་གྱི་གྲ་ཞིག་བཅས་ལྷན་དུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས།

དགུང་ལོ་བཅུ་གཉིས་སུ་སོན་པ་སྤྱི་ལོ་ ༡༩༥༢ པར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཞབས་སོར་མངོན་པར་འཁོད་དེ་གཞུང་ས་མཆོག་ནས་ཚོགས་ཆེན་སྤྲུལ་སྐུའི་གདན་ཐོབ་གནང་བ་བཅས་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། ་བའི་དགེ་རྒན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་མགོན་པོ་མཆོག་དང་།  ཚུལ་ཁང་མཁན་ཟུར་ཡེ་ཤེས་ཐུབ་བསྟན། ཕ་ར་མཁན་ཟུར་པདྨ་རྒྱལ་མཚན་སོགས་རིགས་པ་སྨྲ་བའི་ཁྱུ་མཆོག་བཤེས་གཉེན་མཁས་བཙུན་བཟང་གྲུབ་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ།  ཤིང་རྟ་ཆེན་པོ་དག་གི་གཞུང་ལུགས་དང་།  འཇམ་མགོན་བླ་མ་ཡབ་སྲས་ཀྱི་ལེགས་བཤད།  པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་སོགས་ལ་གསན་བསམ་རྒྱ་ཆེར་གནང་། རྗེ་འདི་ལ་ཐུགས་རིག་འགྲན་ཟླ་བྲལ་བ་ཞིག་ཡོད་ཅིང་ལྷག་པར་དུ་ཐུགས་འཛིན་ངོ་མཚར་བ་ཞིག་ཡོད་པ་སྟེ་ཧ་ཅང་ཐུགས་རིག་སྒྲིམ་པ་གནང་མི་དགོས་པར་ཡིག་ཆ་ཤོག་ངོས་གཅིག་ཇ་ཡུན་རེ་ལ་ཐུགས་འཛིན་གནང་ཐུབ་ཀྱི་ཡོད་ཚུལ་གསུངས་པ་ཐོས།

རྗེ་འདིའི་ཐུན་མོང་བའི་ཡོན་ཏན་ཐུགས་རིག་དང་ཀུན་སྤྱོད་སོགས་ཤིན་ཏུ་ལེགས་པ་མ་ཟད།  ཐུན་མོང་མ་ཡིན་པའི་རྨི་ལྟས་སོགས་ཀྱང་ངོ་མཚར་ཅན་འབྱུང་གི་ཡོད་པ་སྟེ།  ཐེངས་གཅིག་རྗེ་འདིའི་མནལ་ལམ་དུ་དཔེ་ཆ་ཞིག་ཐུགས་འཛིན་བྱས་པ་རྨིས་ཤིང་མལ་ལས་སྡང་སྐབས་ད་དུང་ཐུགས་ལ་བརྗེད་མེད་དུ་གནས་ཡོད་ན་ཡང་གཞུང་གང་ཡིན་ངོས་འཛིན་མ་ཐུབ་པས།  ཕྱི་ཉིན་དཔེ་ཁྲིད་སར་ཡོངས་འཛིན་དགེ་བསོད་ནམས་མགོན་པོ་མཆོག་ལ་རྨི་ལམ་གྱི་བྱུང་རབས་དང་གཞུང་ཚིག་དེ་དག་ཞུས་སྐབས་གཞུང་དེ་ནི་མངོན་པ་མཛོད་ཀྱི་རྩ་བ་རེད།  ཁྱེད་ཀྱི་རྨི་ལམ་དེ་འདྲ་གཏོང་བ་ནི་ཤིན་ཏུ་ཡག་པོ་རེད་ཅེས་ཐུགས་དགྱེས་པའི་ངང་ནས་གསུངས་པ་སོགས་རྗེ་འདིའི་འཛིན་གྲ་གཅིག་པ་རྣམས་གྱི་ངག་ཏུ་གྲགས།  སྐྱེས་སྟོབས་ཀྱི་ཤེས་རབ་ཟབ་ཅིང་སྦྱང་འདོད་ཀྱི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་གཏིང་ཟབ་བྱེད་བཞིན་པའི་མུར་ཕར་ཕྱིན་སྐབས་བཞི་པའི་མཚམས་སུ་ཕེབས་པ་ན།   སྤྱི་ལོ་ ༡༩༥༩ དགུང་ལོ་ ༡༩ སོན་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས་བོད་མི་གཞིས་བྱེས་གཉིས་སུ་གྱེས་འཐོར་དུ་འགྲོ་དགོས་བྱུང་སྐབས་རིན་པོ་ཆེ་ཡང་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་འབྱོར།  བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་དུ་བཞུགས་ནས་སྔར་གྱི་སློབ་སྦྱོང་འཕྲོ་མཐུད་དང་དབུ་མ་ལ་ལྷག་པར་ཐུགས་བརྩོན་གནང་།

སྤྱི་ལོ་ ༡༩༦༣ ལོར་འཕགས་ཡུལ་དྷ་རམ་ས་ལར་ཕོ་བྲང་རྙིང་པ་སྭརྒ་ཨཤརམ་དུ་ལྷ་མིའི་སྟོན་པ་༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་བསྙེན་པ་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་མནོས།  འདི་སྐབས་ཀྱི་ལྷུང་བཟེད་ཆོས་གྲོགས་ནི་རོང་པོ་ཀིརྟི་རིན་པོ་ཆེ་དང་། ཕུ་ཁང་སྟག་འབར་རིན་པོ་ཆེ་གཉིས་ཡིན་འདུག  གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་ཟབ་རྒྱས་དང་ཁྲིད་ཆེན་བརྒྱད་ཀྱི་ཁྲིད།  བློ་སྦྱོང་མཚོན་ཆ་འཁོར་ལོའི་བཀའ་ཁྲིད་སོགས་མདོ་ཕྱོགས་དང་།  དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་དང་།  འདུས་པའི་འགྲེལ་པ་བཞི་སྦྲགས་སོགས་གསང་བདེ་འཇིགས་གསུམ་གྱི་དབང་ཁྲིད་མན་ངག  ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་སོགས་སྔགས་ཕྱོགས་ཀྱི་ཆོས་སྐོར། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས།  སྐྱབས་རྗེ་ཟོང་རིན་པོ་ཆེ།  སེར་བྱེས་དགེ་བཤེས་ཨོ་རྒྱན་ཚེ་བརྟན་སོགས་ལས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་མནོས།  སྤྱི་ལོ་ ༡༩༦༩ ལོར་ཝཱར་ཎ་ལེགས་སྦྱར་གཙུག་སློབ་ཁོངས་བོད་ཀྱི་མཐོ་ཡོན་སློབ་ཁང་དུ་ཞུགས་ནས་སྤྱི་ལོ་ ༡༩༧༢ ལོར་ཨ་ཙཱརྱདགེ་བཤེས་ཞེས་སྐབས་དེའི་བོད་གཞུང་གིས་གཏན་འབེབས་གནང་བའི་དགེ་བཤེས་ཨང་དང་པོའི་ཕྱག་འཁྱེར་བཞེས།

དགུང་ལོ་སོ་གཉིས་པ་སྤྱི་ལོ ༡༩༧༢/༧༣ ལོར་ལྡི་ལི་བོད་ཀྱི་ཁང་པའི་དཔེ་མཛོད་ཀྱི་ཕྱག་ལས་གནང་།  དེ་སྐབས་ཐུགས་འགན་གཙོ་བོ་ཞིག་ནི་བོད་ཁང་ནས་བོ་དོང་པཎ་ཆེན་གསུང་འབུམ་པར་བསྐྲུན་གནང་མུས་ཀྱི་སྔོན་བརྗོད་འབྲི་རྒྱུ་ཡིན་འདུག་དོན།  གསུང་འབུམ་པོད་ ༣༧ ཙམ་སྒྲིག་འགོད་དང་སྔོན་བརྗོད་འབྲི་གནང་མཛད་པ་གསུང་རྩོམ་ཕྱོགས་སྒྲིག་དེབ་གཉིས་པ་ལྷད་མེད་དངུལ་དཀར་མེ་ལོང་དུ་འཁོད། དེ་མུར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་བཀའ་བསྟན་གསུང་རབ་ཀུན་དགའ་ར་བའི་དབུ་འཛིན་དུ་གདན་ཞུས་ལྟར་ཕེབས་ནས་དཔེ་མཛོད་ཁང་དུ་བོད་ཡིག་གི་དཀར་ཆག་ཤོག་བྱང་དེང་ལུགས་དང་མཐུན་པར་སྒྲིག་སྟངས་དང་། གསུང་རབ་ཀྱི་བརྗོད་གཞི་སྡེ་ཚན་དབྱེ་སྟངས་གསར་བཏོད་བཅས་མཛད་པ་ད་ལྟའི་བར་བོད་ཀྱི་དཔེ་མཛོད་ཁང་དང་།  ཝཱར་ཎ་མཐོ་སློབ། བོད་ཁང་དཔེ་མཛོད་བཅས་སུ་དེ་རང་གཞིར་བཞག་ཐོག་བེད་སྤྱོད་གནང་མུས་ཡིན།

རབ་བྱུང་བཅུ་དྲུག་པ་སྤྱི་ལོ་ ༡༩༧༥ དགུང་ལོ་སོ་ལྔའི་ཐོག་སྐབས་དེའི་བློ་གླིང་མཁན་རིན་པོ་ཆེ་ཚུལ་ཁང་ཡེ་ཤེས་ཐུབ་བསྟན་མཆོག་ནས་རིན་པོ་ཆེ་འདིའི་ཕུལ་དུ་བྱུང་བའི་ཤེས་ཡོན་ཟབ་མོ་ལ་གདེངས་འཇོག་དང་བཅས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཀའ་བསྒྱུར་སྩལ།

དགུང་ལོ་སོ་བདུན་པ་སྤྱི་ལོ་ ༡༩༧༧ ལོར་༧གོང་ས་སྐྱབས་མགོན་ཆེན་པོས་ཐད་ཀར་བཀས་བཀོད་བཞིན་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་ཀྱི་མཚན་གནས་བཞེས། ཐུགས་འགན་གཙོ་བོ་ནི་དྲུང་ཆེའི་རམ་འདེགས་དང་འབྲེལ་བོད་ཡིག་ཐོག་༧སྙན་ཞུ་འབྱོར་རིགས་༧སྙན་སེང་དང་།  བཀའ་ལན་ཟིན་བྲིས་ཞབས་ཞུ།  བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞབས་བརྟན་དང་ཞིང་གཤེགས་ཀྱི་མྱུར་བྱོན་སྨོན་ཚིག་ཞུ་རིགས་ཀྱི་བརྒྱུད་ཁུངས་ཞིབ་འཇུག་གནང་རྒྱུ་སོགས་ཡིན་འདུག  ༧གོང་ས་མཆོག་གི་ཆིབས་ཞབས་སུ་འཇའ་པན་དང་།  སྭའི་ཛར་ལེནཌ། ག྄རིས།  ཨ་རི། ཨུ་རུ་སུ། སོག་ཡུལ་བཅས་ལ་ལྷན་བཅར་ཞུས། དམ་པ་འདིའི་ལུགས་ཟུང་གནས་ལ་གཟིགས་པ་ཡངས་པས་༧གོང་ས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། བོད་བསྟན་སྲིད་ལ་སྨན་
པའི་རླབས་ཆེན་གྱི་མཛད་པ་རྒྱ་ཆེར་གྲུབ།

དགུང་གྲངས་ཞེ་གཅིག་པ་སྤྱི་ལོ་ ༡༩༨༡ ལོར་འཕགས་ཡུལ་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཁང་འདི་ཉིད་བོད་དང་ཕྱི་ཕྱོགས་བར་རིག་གཞུང་འབྲེལ་འཐུད་ལྟེ་གནས་ཞིག་ཆགས་དགོས་གལ་ཆེར་དགོངས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་མངགས་སྩལ་པ་ལྟར།  ལྡི་ལི་བོད་ཁང་གི་འགན་འཛིན་དུ་ཕེབས་ནས་རྒྱལ་སའི་ནང་གི་ཕྱིའི་ཡུལ་ཁག་གི་རིག་གཞུང་གནས་གཞི་ཁག་དང་འབྲེལ་འཛུགས་དང་། རིས་སུ་མ་བཅད་པའི་བོད་ཀྱི་ཆོས་བརྒྱུད་ཁག་རྣམས་ཀྱི་བླ་ན་མེད་པའི་དབུ་འཁྲིད་རྣམས་རེ་རེ་བཞིན་གདན་ཞུས་ཀྱིས་ཕྱི་ནང་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལམ་སྟོན་གྱི་མཛད་ལམ་གསར་འབྱེད་གནང་བ་དང་། དགོན་སྡེ་ཁག་ཏུ་སྲོལ་འཛིན་དང་དེང་རབས་ཀྱི་མཁས་དབང་ཁག་དབར་བགྲོ་གླེང་གི་ལམ་སྲོལ་ཐོག་མར་
བཏོད་དེ་མཁས་འདུས་ལྷན་ཚོགས་ཐེངས་བརྒྱད་ཙམ་གཟབ་རྒྱས་ངང་རིམ་བཞིན་ཚུགས།

༡༩༨༣ ལོར་༧གོང་ས་མཆོག་སྐུ་དངོས་ནས་ཐུགས་བཞེད་བཀའ་མངགས་ཇི་ལྟར་གནང་བ་བཞིན།  སྤྱི་ལོ་ ༡༩༨༧ ལོར་རྒྱ་གར་གྱི་སྲིད་བློན་དམ་པ་ར་ཇིབ་གན་དྷི་(Rajiv Gandhi) དང་མཇལ་འཕྲད་གནང་སྟེ་བོད་ཀྱི་རྗེ་འབངས་ནས་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་ལྡི་ལིར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མི་ཚད་ཉིས་འགྱུར་ཞིག་བཞུགས་སུ་གསོལ་རྒྱུའི་ཆོག་མཆན་ཞུས་དོན་བཞིན། སྲིད་བློན་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་འཁྲོལ་གནང་བ་ལྟར་དངོས་སུ་ལས་མགོ་བཙུགས་ཏེ་ ༡༩༩༣ ལོར་ལེགས་གྲུབ་བྱུང་བ་ད་ལྟའི་ཆར་ལྡི་ལི་སངས་རྒྱས་རྗེས་དྲན་སྐྱེད་ཚལ་དུ་ལྷམ་མེར་བཞུགས་པ་ཀུན་གྱི་མཐོང་སྨོན་དུ་གྱུར་པ་འདི་ཉིད་དོ།

སྤྱི་ལོ་སྟོང་ཚོ་གསུམ་པ་སྔུན་བསུའི་ཆེད་ ༡༩༩༩ དང་ ༢༠༠༠ ལོ་གཉིས་སུ་འཛམ་གླིང་ཡུལ་ཁག་བཅོ་ལྔ་ཙམ་ནང་རྩ་ཆེའི་རོལ་དབྱངས་དུས་སྟོན་ཞེས་༧གོང་ས་ཆེན་པོའི་མཚན་འབྲེལ་གྱིས་གོ་སྒྲིག་བསྔགས་འོས་གཟེངས་ཐོན་བྱུང་།

བོད་ཀྱི་རིག་གཞུང་དང་རིག་གཞུང་གཞན་གྱི་དབར་འབྲེལ་བ་གོང་མཐོར་སྤེལ་ཐབས་དང་བོད་ཀྱི་རིག་གཞུང་ལ་འཛམ་གླིང་མི་མང་ནས་མཐོང་ཆེན་འོང་ཐབས་ཐོག་ལ་ཤུགས་སྣོན་ཐོན་ཐབས་སུ་རིག་གནས་དང་ཆོས་ལུགས་དང་འབྲེལ་བའི་བརྗོད་གཞི་ཅི་རིགས་ཐོག་མཁས་དབང་མཉམ་འཛོམས་ཀྱི་བགྲོ་གླེང་ཐེངས་མང་ཚུགས།  དཔྱད་གཏམ་སྤེལ་བའི་བོད་ཡིག་དེབ་ཕྲེང་ཟ་མ་ཏོག་ཅེས་པ་གསར་དུ་སྤེལ་བ་སོགས་ཀྱི་མཛད་ཕྲིན་ལ་བརྟེན། ལྡི་ལི་བོད་ཁང་འདི་ཉིད་བཙན་བྱོལ་ཁྲོད་ཀྱི་བོད་ཀྱི་གནའ་དེང་དང་ཕྱི་ནང་རིག་གཞུང་འབྲེལ་འཐུད་ཀྱི་གནས་གཞི་གལ་ཆེ་ཞིག་ཏུ་གྱུར།

འཛམ་གླིང་འཁོར་ཡུག་གཅེས་སྐྱོང་གི་དམིགས་ཡུལ་ཐོག་བོད་མིས་སེམས་འཁུར་གྱི་རྣམ་པ་མཚོན་པ་དང་། ལས་དོན་དེའི་ཐོག་ཞལ་འདེབས་ཆེད་གཟབ་སྦྱོང་ཐེངས་མང་ཚུགས་པ་མ་ཟད། སྣོད་བཅུད་སྐོར་ལག་ལེན་དོན་ཚན་བདུན་མ་ཞེས་པ་བཀའ་རྩོམ་གནང་།

སྤྱི་ལོ་ ༡༩༨༦ ལོར་རྒྱུད་སྨད་དགེ་འདུན་ཁག་གཅིག་ཕྱི་རྒྱལ་དུ་ཐོག་མར་ཕེབས་ཐུབ་ཐབས་གནང་སྟེ་ཨ་རིར་ཕེབས་རྒྱུའི་འབྲེལ་འཐུད་གནང་བ་ལྟར་འབྲེལ་ལམ་གསར་འབྱེད་གནང་།

ཕྱི་ལོ་ ༡༩༨༧ ལོར་བློ་གླིང་གྲྭ་ཚང་གི་དགེ་འདུན་རྣམས་ཀྱི་ཐུགས་འདུན་ལྟར་སློབ་གཉེར་གྱི་མཐུན་རྐྱེན་ཆེད་ཨ་རི་སོགས་ཕྱི་རྒྱལ་ཁག་ལ་བོད་ཀྱི་རིག་གཞུང་མངོན་སྟོན་དུ་ཕེབས་རྒྱུའི་མཚམས་སྦྱོར་གནང་ཞིང་དེ་ལ་བརྟེན་ཏེ་ད་ལྟའི་བར་གཟིགས་བསྐོར་རྒྱུན་མ་ཆད་པར་ཕེབས་ཐུབ་ཡོད་པ་མ་ཟད་གྲྭ་ཚང་གི་ཕྱི་ནང་ལས་དོན་སྤྱི་བྱེ་གང་གི་ཆ་ལ་ཡང་ཕན་རླབས་ཤིན་ཏུ་ཆེན་པོ་བྱུང་ཡོད།

སྤྱི་ལོ་ ༡༩༩༩ ལོར་ཐའི་ལནཌ་ཡུལ་གྱི་མ་ཧཱ་ཅུ་ལ་ལོན་ཀོན་ནང་པའི་གཙུག་ལག་སློབ་ཁང་ནས་ཆེ་བསྟོད་འབུམ་རམས་པའི་ཕྱག་ཁྱེར་འབུལ་གནང་ཡོད་ལ།  སྔ་ཕྱིར་ཨ་རིའི་སྲིད་འཛིན་ George W. Bush དང་དབྱིན་ཡུལ་གྱི་རྒྱལ་སྲས་ Prince Charles གཙོས་པའི་གྲགས་ཅན་མི་སྣ་དུ་མར་མཇལ་འཕྲད་གནང་བ་སོགས་ཀྱིས་བོད་ཀྱི་མཚན་མཐོངས་ལ་སྨན་པའི་རླབས་ཆེན་མཛད་པ་བསྒྲུབས།

ལྡི་ལི་བོད་ཁང་གི་འགན་འཛིན་ཐུགས་འགན་བཞེས་མུས་སུ་༧སྐྱབས་མགོན་ཏཱ་ལའི་བླ་མའི་ཀུན་ཕན་བདེ་རྩ་ཞེས་པའི་འགན་འཛིན་མཚན་བཞེས་ཀྱང་གནང་དགོས་ཕེབས་པ་ལྟར་ཞུས།

རྒྱ་གར་གྱི་ས་ཁུལ་དུ་མ་དང་ཕྱི་རྒྱལ་ཡུལ་གྲུ་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ངོ་བོར་ཚོགས་འདུ་ཁག་ལ་ཕེབས་ཏེ་གསུང་འཕྲིན་བརྒྱུད་བསྒྲགས་ཐེངས་མང་མཛད།  ཕྱི་རྒྱལ་གྱི་ཡུལ་གྲུ་དུ་མར་རྒྱལ་འདུས་ནང་བསྟན་རིག་པའི་ཚོགས་ཆེན་དང་། རྒྱལ་འདུས་བོད་རིག་པའི་ཚོགས་ཆེན།  འཛམ་གླིང་ཆོས་ལུགས་ཡོངས་ཀྱི་གྲོས་ཚོགས་ཞེས་པ་སོགས་སུ་བགྲོ་གླེང་སྣ་ཚོགས་ལ་ཞུགས་པ་དང་། བོད་ཀྱི་རིག་གཞུང་མངོན་སྟོན་མཛད་སྒོ་འདྲ་མིན་སྤེལ།

སྐབས་སུ་གང་བབ་ལ་འཛམ་གླིང་ཞི་བདེ་དང་བོད་ཀྱི་བདེན་དོན་ལ་ཕན་པའི་གསུང་བཤད་ཡང་ཡང་གནང་བས་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་མང་དུ་བྱུང་ཡོད།སྔ་རྟིང་དུ་རྒྱལ་བའི་ཆོས་ཚུལ་དང་།  ལྷད་མེད་དངུལ་དཀར་མེ་ལོང་སོགས་དབྱིན་བོད་གཉིས་ཀྱི་ཐོག་ནས་རང་རྩོམ་དང་། ལེགས་སྒྲིག  སྒྲ་སྒྱུར་མཛད་པ་དང་། འགྲོ་བ་མི་རིགས་སྤྱི་ལ་ཕན་ཆེད་རྩོམ་ཐུང་ཁག་དུས་དེབ་དང་ཚགས་པར་བརྒྱུད་འགྲེམས་སྤེལ་གནང་། ༢༠༡༡ ལོ་ནས་སོས་དལ་ཁུ་སིམ་དུ་བཞུགས་འཐུས་བྱུང་བ་ལྟར། རང་ངོས་ནས་༧རྒྱལ་བའི་མཛད་པ་གཙོ་བོ་གསུམ་ལས་རིག་གཞུང་དང་འབྲེལ་བའི་ལས་དོན་འགའ་ཞིག་ལ་ཞབས་འདེབས་ཞུ་མུས་སུ་བཞུགས་བཞིན་པ་འདི་ཉིད་དོ།


རྟའུ་ཉི་མཚོ་ཐོས་བསམ་དར་རྒྱས་གླིང་དགོན་ཆེན་གྱི་སྤང་སྣང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།

སྤང་ནང་རིན་པོ་ཆེ་སྐུ་ཕྲེང་དང་པོ་དགེ་བཤེས་ནམ་མཁའ་སྲུང་།

སྤང་ནང་རིན་པོ་ཆེ་སྐུ་ཕྲེང་དང་པོ་དགེ་བཤེས་ནམ་མཁའ་སྲུང་ནི་གྲུབ་ཐོབ་མངོན་ཤེས་ཐོགས་མེད་ཅན་ཞིག་ཡིན་པ་ཡོངས་སུ་གྲགས། དབྱར་ཁར་རང་གི་དགེ་ཕྲུག་ཞིག་ཡོད་པ་དེ་ཁྲིད་ནས་རྫ་ཁ་ལ་ཕེབས་ནས་རང་གི་སྐུ་ལུས་ཀྱི་ཟུངས་ཁྲག་རྣམས་འབུ་སྲིན་སོགས་ལ་ཕངས་མེད་དུ་སྦྱིན་བཏང་མཛད། རི་སྟེང་དུ་དྭངས་ཤིང་བསིལ་བི་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཞིགཡོད་པ་དེའི་འཁྲིས་སུ་ཀླུ་ཡི་སྤྲུལ་བར་གྲགས་པའི་བ་དཀར་པོ་ཞིག་ཡོད་པ་དེ་ལ་འོ་མ་བཞོ་ནས་རྩམ་ཐུག་ཞིག་སྐོལ་ནས་ཕྱི་དྲོ་དགེ་ཕྲུག་དང་ལྷན་དུ་ག་ལེར་མར་ཕེབས་གནང་མཛད།
རི་ཁྲོད་ཀྱི་འཁྲིས་སུ་ཁམ་བུའི་སྡོང་པོ་ལེགས་པ་ཞིག་ཡོད་པ་དེ་ལ་ངའི་སྐྱེས་བ་ཕྱི་མ་འདིས་ཁྱོད་གཅད་མཁན་ཞིག་ཕེབས་པ་འདུག་ཞེས་གསུང་མྱོང་ཡོད། ཕྱེས་སུ་སྐུ་ཕྲེང་གཉིས་པས་སྒྲོལ་མའི་སྔགས་འབུམ་ཕྲག་མང་པོ་བསགས་ཏེ་ཁམ་སྡོང་དེ་བཅད་ནས་སྒྲོལ་མའི་ལྷ་ཁང་ལྟ་ན་སྡུག་པ་ཞིག་གསར་བཞེངས་མཛད།
སྐུ་ཕྲེང་དང་པོ་དང་འགྲོགས་འདྲིས་ཤིན་ཏུ་ཆེ་བའི་ལོ་མོ་ཆ་དགེ་བཤེས་སྐད་གྲགས་ཅན་ནུས་མཐུ་དང་ལྡན་པ་ཞིག་ཡོད་པ་དེ་ལ་ཁྱོད་ཀྱིས་རྟའུ་ཡུལ་དགོན་གཉིས་ཀྱི་རྒྱུ་ནོར་རྣམས་ཕོར་པ་བལྡགས་པ་ལྟར་བྱེད་བཞིན་འདུག་པས་ནུས་མཐུ་ཡོད་ན་གཤམ་གྱི་ཤིང་སྡོང་སྟེང་གི་སྐྱ་ཀ་ཁྲ་མོ་འདི་ས་ལ་ཕོབ་དང་ཞིག་བཀའ་ཕེབས་དགེ་བཤེས་འདིས་ལགས་སོ་བཀའ་བཞིན་ཞུ་ཟེར་ནས་སེ་གོལ་གཅིག་རྡེབ་སྟེ་སྐྱ་ཀ་འདི་ས་ལ་མར་ལྷུང་འཕྲལ་རིན་པོ་ཆེ་ཡིས་ཨོའུ་ཙམ་འདུག་ཨོའུ་ཙམ་འདུག་དཀོར་ནོར་ལ་ལོངས་སྤྱོད་ཆོག་འདུག་གསུང་། དེ་ནས་རིན་པོ་ཆེ་ཡིས་སེ་གོལ་གཅིག་རྡེབ་སྟེ་སྐྱ་ཀ་ཁྲ་མོ་འདི་སྔར་བཞིན་བྱ་སྐད་སྒྲོག་བཞིང་བར་སྣང་དུ་འཕུར་ཏེ་སོང་། རིན་པོ་ཆེ་ནི་རྒྱུན་དུ་གནས་མལ་ངན་ངོན་ཙམ་དང་ཆོས་གོས་ངན་དོན་ཙམ་གྱིས་ཆོག་ཤེས་པ་ཞིག་ཡིན་པས་རྒྱུན་དུ་ན་བཟའ་ཧྲུལ་རལ་ཞིག་མནབས་ཏེ་ཕེབས་སྟབས་ལམ་ཟུར་གཡས་གཡོན་གྱི་སྤོ་རྨོ་རྣམས་ཀྱིས་དེ་ཙམ་གྱི་གུས་ཞབས་དང་དོ་སྣང་མེད་ཉིན་ཞིག་རིན་པོ་ཆེ་ཡིས་རང་གི་ན་བཟའ་རྣམས་ཚེར་མ་སེར་པོའི་ཚོན་གྱིས་ཁ་བསྒྱུར་ནས་སེར་ཐིང་ཐིང་ཕེབས་ཚེ་སྔར་གྱི་རྒྱུན་དུ་སྐོར་ལམ་གཡས་གཡོན་གྱི་སྤོ་རྨོ་རྣམས་ཀྱིས་རིན་པོ་ཆེ་མཐོང་མ་ཐག་སྔར་དང་མི་འདྲ་བར་ཚང་མས་ཡར་ལངས་ཏེ་གུས་ཞབས་དང་སྒུར་སྒུར་བྱེད་དེ་ཕེབས་བསུ་ཞུ་རིན་པོ་ཆེ་ཡིས་རྩེད་མོ་དང་བཅས་ཁྱོད་ཆོས་ཚེར་མ་སེར་པོའི་ཚོན་མདོག་ལ་དད་གུས་ཞེ་བོ་བྱེད་ཀྱིན་འདུག་ཡ་མཚར་ཞིག་གསུང་། ཕྱི་སུ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ལ་ཕེབས་དུས་དགེ་ཕྲུག་དེས་ཡང་སྲིད་སྐོར་བཀའ་འདྲི་གནང་དུས་ཁྱོད་ཀྱིས་ཡང་སྲིད་སྐོར་སེམས་འཁྲལ་བྱེད་མི་དགོས་ང་ཡིན་ཟེར་མཁན་ཞིག་འདིར་སླེབས་དེས་རེད་ཞེས་གསུང་། མཐར་སྤང་ནང་རི་ཁྲོད་དུ་ཐུན་བཞིའི་རྣམ་འབྱོར་འབའ་ཞིག་གི་བརྟུལ་ཞུགས་འཛིན་ཅིང་ཚེ་དང་སྒྲུབ་པ་མཉམ་མཐར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན།

སྤང་ནང་སྐུ་ཕྲེང་གཉིས་པ་འཇིགས་མེད་རྒྱ་མཚོ།

སྤང་ནང་སྐུ་ཕྲེང་གཉིས་པ་འཇིགས་མེད་རྒྱ་མཚོ་ནི།  བྲག་འགོ་སྙི་ཁོག་ཏུ་སྐུ་འཁྲུངས།  སྐུ་ཆུང་དུས་སུ་ཡབ་ཡུམ་གྱིས་ལྷ་སྒང་གནས་མཇལ་དུ་ཁྲིད་ནས་སྤང་ནང་རི་ཁྲོད་ཀྱི་འདབས་རོལ་དུ་སླེབས་སྐབས་ངའི་ཕ་ཡུལ་འདི་ན་རེད་ཅེས་བྱིས་པས་དེ་སྐད་གསུངས་པ་སོགས་ལ་བརྟེན་ནས་དགེ་བཤེས་ནམ་མཁའ་སྲུང་གི་ཡང་སྲིད་དུ་ངོས་བཟུང༌།  ཕྱིས་སུ་ལྷ་ལྡན་དུ་གྲྭ་སར་བྱོན་ནས་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁམས་ཚན་དུ་ཡུན་རིང་བཞུགས་ཤིང་གཞུང་བཀའ་པོད་ལྔ་གཙོར་བྱས་པའི་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་དེ་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོའི་སར་གཤེགས་མཐར་རྟའུ་ཉ་མཚོ་དགོན་དུ་བསྟན་པའི་བདག་པོར་བྱོན།  སྒོ་ཆ་ངག་དབང་འཕྲིན་ལས་སོགས་དང་མཉམ་དུ་བསྟན་པ་བསྐྱངས་ཏེ་དགོན་པའི་ཕྱི་ཁོག་ནང་རྟེན་སོགས་ཕྱོགས་ཡོངས་ཀྱི་ཐད་ནས་འཕེལ་རྒྱས་ཆེ་ཙམ་བྱུང་བ་མ་ཟད།  ཕྷ་རན་སིའི་ཆོས་ལུགས་པ་དང་སྲིད་སྐྱོང་མི་སྣ་དང་ཉ་མཚོ་དགོན་པའི་བར་ཟིང་འཁྲུག་བྱུང་བར་འདུམ་འགྲིག་ཡོང་བར་མཛད་ནས་དུས་བདེ་ཞོད་འཇགས་སུ་བྱས།  དགུང་ལོ་བདུན་ཅུ་ལྷག་གི་སྟེང་དུ་དགོངས་པ་ཆོས་དབྱིངས་སུ་གཟིམས་པའི་ཚུལ་བསྟན།

སྤང་ནང་སྐུ་ཕྲེང་གསུམ་པ་བྱམས་པ་ཚུལ་ཁྲིམས།

སྤང་ནང་སྐུ་ཕྲེང་གསུམ་པ་བྱམས་པ་ཚུལ་ཁྲིམས་མཆོག་ནི་མདོ་ཁམས་ཏྲེ་ཧོར་རྟའུ་ཉ་མཚོ་དགོན་པའི་ཉེ་འགྲམ།  རྟའུ་ནས་སྡེ་ཕྱུག་མོ་ཞེས་པའི་རི་བོ་བྱིན་ཆགས་སུ་ཡོད་པ་དང་འདབས་ཆགས་པའི་ཟེ་ཡ་གྲོང་སྡེའི་ཁྱིམ་ཚང་ཉམ་ཆུང་ཞིག་ཏུ་ཡ་མཚན་པའི་ལྟས་དུ་མ་དང་བཅས་རབ་བྱུང་བཅུ་དྲུག་པའི་མེ་བྱ་༡༩༣༦ ལོར་སྐུ་འཁྲུངས།  དམ་པ་འདི་ལྷུམས་སུ་ཞུགས་ཡོད་སྐབས་སུ་མ་ཡུམ་གྱིས་རི་རྩེར་ཤིང་འཐུ་བཞིན་པའི་ཚེ་ནམ་མཁའ་ནས་སྙན་པའི་སྒྲ་དབྱངས་སྣ་ཚོགས་གྲགས་པ་ལན་ཅིག་ཙམ་མ་ཡིན་པར་ཐེངས་མང་དུ་ཐོས།  ཡང་དེ་སྐབས་ཤིག་ལ་ཡབ་ཀྱི་བཞེས་ཕོར་ནང་གི་གསོལ་ཇ་དེ་འོ་མར་གྱུར།  དེ་བཞིན་དུ་འཁྲུངས་ཁང་ནང་གི་ཐབ་ཀ་ལ་གྲོའི་ལྗང་མ་སྐྱེས་ཤིང་དགུན་དུས་སུ་ཡང་དེའི་ཉེ་འཁོར་གྱི་ཁམ་བུའི་སྡོང་པོ་ལ་མེ་ཏོག་དང་འབྲས་བུ་བཟང་པོ་བཏགས།  བྱ་ཐང་དཀར་རྒོད་པོ་མི་ཉུང་བས་འཁྲུངས་ཁྱིམ་གྱི་སྟེང་དུ་ལྡིང་སྐོར་ཡུན་རིང་བྱས་པ་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་བ་དེ་གའི་གྲོང་པ་ཁྱིམ་ཚང་རྣམས་ཀྱིས་མངོན་སུམ་དུ་མཐོང་།  དགུང་ལོ་བཞི་པར་སྐྱབས་མགོན་བཅུ་གསུམ་པ་ཆེན་པོའི་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེས་སྤང་ནང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་།  ཧོར་བྲག་འགོ་ཀེའུ་ཚང་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས།  དབུ་ཟུར་དཀའ་བཅུ་དབང་ལྡན་པའི་དྲུང་ནས་ཡི་གེའི་ཕྱི་མོ་ཀ་ཁ་ནས་འབྲི་ཀློག་དང་ཆོས་སྤྱོད་ལ་བརྩོན་པས་ཚེགས་མེད་དུ་མཁྱེན།  སྐུ་ན་ཆུང་དུས་ནས་དཔལ་མགོན་བྲན་བཞིན་བཀོལ།དགུང་གྲངས་བཅུ་གཅིག་པར་ཧོར་བྲག་མགོ་དགོན་པའི་སྨོན་ལམ་ཚོགས་དབུར་ཕེབས།  དེའི་ཕྱི་ལོར་རྟའུ་ཉ་མཚོ་དགོན་གྱི་སྨོན་ལམ་ཚོགས་དབུར་ཕེབས་པ་དང་སྐྱ་སེར་སྟོང་ཕྲག་ཁ་ཤས་ལ་སྒྲོལ་དཀར་ཚེ་དབང་གནང་།  རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ ༡༩༤༡ ལོར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཏེ་དཔལ་ལྡན་བློ་གསལ་གླིང་གི་ཆོས་སྒོར་ཞུགས་པ་དང་།  ཚོགས་ཆེན་སྤྲུལ་སྐུའི་མཚན་རྟགས་བཞེས།  ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་ཞལ་སྔ་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་གསོལ།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧོར་རྒན་བསོད་ནམས་མགོན་པོ་དང་།  མཁས་པའི་དབང་པོ་ཚུལ་ཁང་སྟོད་མཚམས་སྤྲུལ་སྐུ།  རིགས་པའི་དབང་ཕྱུག་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན།  ཚུལ་ཁང་དགེ་ཡེ་ཤེས་ཐུབ་བསྟན་སོགས་རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་ཞབས་རྡུལ་གཙུག་ཏུ་བཀུར་ཏེ་བསྡུས་རྟགས་ནས་བཟུང་གཞུང་ཆེན་སློབ་སྦྱོང་ཟབ་མོའི་དབུ་ཚུགས།  མངོན་རྟོགས་རྒྱན་དང་།  རྣམ་འགྲེལ་རྩ་བ།  དབུ་མ་འཇུག་པ།  མཛོད་རྩ་བ་བཅས་གསར་པ་ཡིན་པའི་སྐབས་ནས་ཐུགས་འཛིན་མཛད་ཅིང་།ཕར་ཕྱིན་ལ་སློབ་པའི་ཚེ་མངོན་རྟོགས་རྒྱན་སྔར་ནས་ཐུགས་འཛིན་གནང་ཟིན་ཐོག  འགྲེལ་པ་དོན་གསལ་དང་།  ཀུན་གཞི་རྩ་བ།  ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ་སོགས་ཐུགས་འཛིན་གནང་བ་དང་།  ཡོངས་འཛིན་དམ་པ་རྣམས་ཀྱི་ཞལ་སྔ་ནས་དེ་དག་འཆད་ཁྲིད་ཞུས་ཐོག་གཙོ་བོར་རྩོད་པའི་རིགས་འགྲོས་ལ་སྦྱངས་་པ་རྒྱ་ཆེར་མཛད།  ཆོས་མཚམས་སྐབས་སུ་ཐུགས་འཛིན་གནང་ཟིན་པ་རྣམས་སྐྱོར་སྦྱོང་ཡང་ཡང་གནང་།  དབུ་མ་འཛིན་གྲྭ་ལ་ཕེབས་སྐབས་རྩ་བ་ཤེས་རབ་ཆ་ཚང་དང།  ལེགས་བཤད་སྙིང་པོ་ཆ་ཚང་།  དབུ་མའི་སྤྱི་དོན་སོགས་ཐུགས་འཛིན་དང།  བློ་གླིང་གྲྭ་ཚང་གི་སྔར་སྲོལ་ལྟར་དབུ་མ་དགོངས་པ་རབ་གསལ་དང་།  དབུ་མའི་སྤྱི་དོན་གཉིས་སྤྱི་མཚུངས་ལྟར་དཔེ་ཁྲིད་ལེགས་པར་ཞུས་པ་མ་ཟད།  དམ་པ་འདིའི་རྩ་བའི་ཡོངས་འཛིན་མཁས་གྲུབ་གཉིས་ལྡན་གྱི་ཏྲེ་ཧོར་དགེ་བསོད་ནམས་མགོན་པོའི་ཞལ་སྔ་ནས་རྩ་་ཤེས་ཊིག་ཆེན་དང་།  ལེགས་བཤད་སྙིང་པོ།  དབུ་མ་དགོངས་པ་རབ་གསལ་སོགས་དོགས་དཔྱོད་དང་འབྲེལ་ནས་འཆད་ཁྲིད་ཡུན་རིང་ཞུས།  ཡོངས་འཛིན་དགེ་བསོད་ནམས་མགོན་པོ་མཆོག་དང་ཐུགས་འདྲིས་ཤིན་ཏུ་ཆེ་བ་མཁས་པའི་དབང་པོ་ཚུལ་ཁང་བླ་མ་རིན་པོ་ཆེའི་སྐུ་དྲུང་ནས་ཀྱང་དབུ་ཕར་སོགས་ལེགས་པར་གསན།  ལྷག་པར་དུ་བཤེས་གཉེན་དམ་པ་དེ་དག་གི་སྐུ་དྲུང་ནས་རྩ་བ་ཤེས་རབ་དང་།འཇུག་པའི་ཊིིག་ཆེན་སོགས་མཛུབ་ཁྲིད་དང་།  དཀའ་གནད་དོགས་དཔྱོད་ཞིབ་མོར་ཞུས།  ཚོགས་ཆོས་སོགས་ནི་རྒྱུན་ཏུ་ཆག་མེད་འགྲིམ།  དབུ་མ་བདག་འགོག་སྐབས་སུ་སྙན་གྲགས་ཆེ་བའི་བདག་འགོག་གི་ཚོགས་ལངས་བཞེངས་པ་དང་འབྲེལ།  ཚོགས་ཆེན་རྡོ་གཅལ་དུ་གྲྭ་ཚང་ཤར་ནུབ་གཉིས་ཀྱི་མཁས་དབང་དགེ་བཤེས་རྣམས་ཀྱིས་གཙོས་གྲྭ་མང་སྟོང་ཚོ་མང་པོའི་དབུས་སུ།  བདག་འགོག་དམ་བཅའ་བཞག་ནས་མཁས་པ་དགྱེས་པའི་མཆོད་སྤྲིན་རྒྱ་ཆེར་བཤམས།  འདུལ་བ་འཛིན་གྲྭ་རུ་ཕེབས་སྐབས་གངས་རིའི་ཁྲོད་ཀྱི་འདུལ་འཛིན་པ་ཀུན་གྱི་གཙུག་རྒྱན་ཏུ་གྱུར་པ་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་།  དམ་ཆོས་འདུལ་བ་དང་མཐུན་པར་བཅས་མཚམས་ཕྲ་མོ་ཚུན་ཆད་ཉམས་པ་མེད་པར་གཅེས་པའི་མིག་འབྲས་བཞིན་བསྲུང་བར་མཛད།  འདུལ་སྡོམ་རྒྱས་བསྡུས་གཉིས་ཐུགས་འཛིན་གནང་ཐོག་བསྟན་པའི་ནང་མཛོད་འདུལ་བ་སོ་ཐར་མདོ་དང་།  དེའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ།  དེའི་འགྲེལ་པ་ཀུན་མཁྱེན་མཚོ་སྣ་བའི་རྣམ་བཤད་ཉི་མའི་འོད་ཟེར།  པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བའི་མཐའ་དཔྱོད་སོགས་ལ་དཔྱིས་ཕྱིན་པར་སྦྱངས་པས་ཤིན་ཏུ་བྱང་ཆུབ་པར་གྱུར།  ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་རྫོང་དཀར་ཆོས་སྡེར་གསུང་ཆོས་གནང་སྐབས།  དཔེ་ཆ་ལ་གཟིགས་མི་དགོས་པར་འདུལ་བའི་བཅས་མཚམས་རྣམས་ཐུགས་ཐོག་ནས་ཤར་མར་གནང་བས་མཁས་དབང་དགེ་བཤེས་བརྒྱ་ཕྲག་གི་ཡིད་དབང་འཕྲོགས་ཏེ།  ཨེ་མ་འདི་འདྲའི་མཁས་པ་ཞེས་དད་འདུད་ཀྱིས་བསྟོད་བསྔགས་མང་དུ་ཕུལ་བས་མཁས་པ་མཁས་པའི་དབུས་སུ་མཛེས་པར་གྱུར།  ཚད་མ་རྣམ་འགྲེལ་ལ་སྦྱོང་ཚུལ་ཡང་འཇང་དགུན་ཆོས་སྐབས་སུ་ཚད་མ་རྣམ་འགྲེལ་གྱི་རྩ་བ་ལེའུ་དང་པོ་གཉིས་ཐུགས་འཛིན་དང་།  རྣམ་འགྲེལ་ཐར་ལམ་གསལ་བྱེད།  རྣམ་འགྲེལ་དགོངས་པ་རབ་གསལ་སོགས་གཙོས་པའི་རྣམ་འགྲེལ་གྱི་གཞུང་ཆེན་དུ་མར་དཔྱིས་ཕྱིན་པར་སྦྱངས།དེ་ལྟར་སློབ་གཉེར་ཟབ་མོ་བྱེད་མུས་སུ་ཕྱི་ལོ་༡༩༥༩ བར་དུ་བསྟུད་མར་བརྩོན་པ་ལྷོད་མེད་གནང་ཞིང་།ས་ཕག་ལོར་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས།  དེ་ནས་བཟུང་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་སོགས་ཀྱི་ཞབས་ལ་གཏུགས་ཏེ།  ཐོས་བརྩོན་ཆད་མེད་དུ་གནང་པས་མཁས་པའི་གོ་ས་མཐོན་པོར་གཤེགས་པ་བོད་ཕྱི་ནང་ཀུན་ལ་གྲགས་པའི་དབྱར་རྔ་བཞིན་ལྡིར།  དམ་པ་འདིས་དབང་ལུང་མན་ངག་ཐུགས་རྒྱུད་ལ་མནོས་ཚུལ་ནི་ལྷར་བཅས་འགྲོ་བའི་མགོན་པོ་༧གོང་ས་ སྐྱབས་མགོན་ཆེན་པོ་མཆོག་དང་།  སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས།  ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ།  བཀའ་རྒྱུད་བསྟན་པའི་གསལ་བྱེད་བསྟན་དགའ་རིན་པོ་ཆེ།  སྨྲ་བའི་དབང་ཕྱུག་ཕ་ར་ཉི་མ་རྒྱལ་མཚན།  སེར་བྱེས་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན།  གསེར་སྐོང་མཚན་ཞབས་རིན་པོ་ཆེ།  འཁྲུངས་སར་སྐུ་ཕྲེང་བཞི་པ་བློ་བཟང་དཔལ་ལྡན།  ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན།  ཀི་རྟིའི་མཚན་ཞབས་བློ་བཟང་འཇིགས་མེད་དམ་ཆོས།  ལྡན་མ་བློ་ཆོས་རིན་པོ་ཆེ་བློ་བཟང་ཆོས་དབྱིངས་སོགས་དབང་ལུང་མན་ངག་གི་མངའ་བདག་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་བཀའ་འགྱུར་དང་བསྟན་འགྱུར་གྱི་བཤད་ལུང་།  བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཆེན་བརྒྱད།  རྣམ་གྲོལ་ལག་བཅངས།  དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་།  ཡི་དམ་བདེ་གསང་འཇིགས་གསུམ་སོགས་ཆོས་ལུགས་རིས་སུ་མ་མཆིས་པའི་དབང་ལུང་མན་ངག་མང་ཆེ་བ་ཐུགས་ཀྱི་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ་དབང་ལུང་མན་ངག་གི་སྲོག་ཤིང་དུ་གྱར།  ནང་པའི་བསྟན་པ་ལ་འཇུག་མཁན་རྣམས་ཀྱིས་སྒྲུབ་པ་ཉམས་སུ་ལེན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པས་གྲུབ་དབང་འདིས་སྒྲུབ་པ་ལ་ཇི་ལྟར་ཉམས་སུ་བཞེས་ཚུལ་སྐོར་ལོ་རྒྱུས་དང་ངག་རྒྱུན་ལས་ཐོས་པ་འགའ་བཀོད་ན།  ཕྱི་ལོ་༡༩༥༩ ལོར་རྒྱ་ནག་དྲག་པོས་སྲིད་གཞུང་གིས་བཙན་གནོད་འོག་ནས་བྲོས་བྱོལ་ལ་ཕེབས་ནས་འབྲུག་པའི་ས་མཚམས་དང་ཉེ་སར་ཕེབས་འབྱོར་བ་ན།  གྲུབ་པའི་དབང་ཕྱུག་ཆེན་པོ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་དངོས་སུ་མཇལ་ཕྱག་ཞུ་རྒྱུ་བྱུང་བས།  དམ་པ་འདིས་དད་གུས་ཚད་མེད་དང་བཅས་པའི་སྒོ་ནས་ལུས་ངག་ཡིད་གསུམ་གྱིས་གུས་ཕྱག་སྔོན་དུ་བཏང་ནས་མནྜལ་རྟེན་གསུམ་འདེགས་འབུལ་དང་བཅས་གསོལ་བ་འདེབས་དོན།  སྔོན་ནས་ཡིད་ལ་བརྣགས་པའི་རེ་བ་ནི་རྗེ་དམ་པ་གང་ཉིད་ཀྱི་ཞབས་ཀྱི་པདྨོར་བསྟེན་ཏེ་ཐོས་དོན་སྒྲུབ་པ་ལ་གཞོལ་འདོད་ཡོད་པས་དེ་དོན་འོང་ཐུབ་པའི་གསོལ་འདེབས་སྨོན་ལམ་ཞུ་བ་ལགས་ཤིང་།  ལྷག་དོན་ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་མགོན་པོ་གང་གི་སྐྱབས་འོག་ནས་ནམ་ཡང་འདོར་བ་མེད་པར་རྗེས་སུ་འཛིན་པར་མཁྱེན་མཁྱེན་ཅེས་གསོལ་བ་ཤུགས་དྲག་བཏབ་པ་ན།  རྒན་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ཏེ་རྟེན་འབྲེལ་བཟང་ཞེས་གསུངས་ནས་རྡོ་དྲིལ་ཆ་ཚང་ཞིག་ཕྱག་ཏུ་གནང་ནས་བདག་སྤྲོད་གྱིས་གསུངས།    དེ་ནས་བཟུང་དམ་པ་འདི་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་དངོས་སློབ་རྣལ་མ་ཞིག་གྱུར།    ཉིན་ལྟར་དུས་ཡུན་མང་ཆེ་བ་གཙོ་བོ་ལམ་རིམ་ནས་གསུངས་པའི་དམིགས་རྣམ་སྐྱོང་ཚུལ་སོགས་བླ་མའི་བཀའ་དགོངས་བཞིན་ཉམས་བཞེས་མཛད།  ཕྱིས་སུ་རྒྱ་གར་དུ་ཕེབས་ནས་ཀྱང་སྐྱོར་དཔོན་རིན་པོ་ཆེའི་བཀའ་དགོངས་ལས་ནམ་ཡང་མི་འདའ་བར་དགེ་སྦྱོང་ཁོ་ན་ལ་རོལ་བ་སྟེ།  དཔེར་མཚོན་ཙམ་བཀོད་ན་ཌལ་ཧོར་དུ་བཞུགས་སྐབས་སྐྱོར་དཔོན་རིན་པོ་ཆེ་ནས་སློབ་བུ་རྣམས་ལ་ཆོས་དོན་གཉེར་གཙོ་བོ་དང་།  ཟ་འཐུང་ཡོ་བྱད་སོགས་ལ་ཆོག་ཤེས་བྱེད་དགོས་པའི་བཀའ་གནང་བ་ལྟར།  བོད་མི་སྐྱབས་བཅོལ་བ་སྤྱི་མཚུངས་ལ་ཡོད་པའི་གསོལ་ཕོགས་ཀྱང་ཡེ་ནས་མ་བཞེས་པར་གཞན་གྱི་སྒྲོལ་ཆོག་དང་།  དྲུག་ཅུ་མ་སོགས་བཏང་པའི་གཏོར་མ་ཁོ་ན་བཞེས་ནས་ལོ་ངོ་མི་ཉུང་བར་སྒྲུབ་པ་ལ་གཅིག་ཏུ་གཞོལ་བར་མཛད།  ན་བཟའ་ཡང་རྙིང་ཧྲུལ་ཅན་གྱི་ཆོས་གོས་རྣམ་གསུམ་དང་།  སྣམ་བུའི་གདིང་བ་ཚད་ལྡན་ཞིག་ལས་གཞན་གང་ཡང་བདག་གིར་བཞེས་སྲོལ་མེད།  དགུན་ཁ་གྲང་ངར་ཆེ་དུས་གཟིམ་ཁྲི་ཆག་གྲུམ་ཞིག་ཡོད་པ་དེ་མགོ་རྟིང་སློག་ནས་དེའི་ནང་དུ་སྣམ་བུའི་གདིང་བ་དེ་སྐུ་སྟོད་ལ་བཞེས་པ་དང་།  དབྱར་ཁ་ཚ་བ་ཆེ་སྐབས་གདིང་བ་དེ་འོག་ལ་བཏང་ནས་སྒྲུབ་པ་ལ་གཞོལ་བ་ཁོ་ནར་མཛད།  ལོ་མང་རིང་དེ་ལྟར་འཚོ་བ་ངན་ངོན་ཁོ་ནས་ཆོག་ཤེས་མཛད་ནས་གཙོ་བོ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་ཤུགས་དྲག་མཛད་པས་སྐུ་གཟུགས་རིད་པར་གྱུར།  དད་ལྡན་པ་རྣམས་ཀྱིས་རིན་པོ་ཆེ་སྐུ་གཟུགས་སྐྱོ་བོ་ཆགས་ཡོད་པ་སེམས་ཀྱིས་མ་བཟོད་པར།  ཟླ་གམ་དྲོན་པོ་ཞིག་དང་།བཞུགས་གདན་གསར་པ་སྤུས་ལེགས།  གསོལ་ཆས་བཅས་ཕུལ་སར་བཅར་ཀྱང་བཞེས་རོགས་མ་གནང་།  དགེ་བའི་བཤེས་གཉེན་ཆེན་པོ་དགེ་ཉི་མ་རྒྱལ་མཚན་བརྒྱུད་བསྐྱར་དུ་ཨུ་ཚུགས་ཀྱིས་ཕུལ་བ་ན།  ཟླ་གམ་དེ་བཞེས་རོགས་གནང་ཡོད་ཀྱང་།བཞུགས་གདན་དེ་ཡག་དྲགས་ནས་མི་རུང་གསུངས་ནས་གཞན་ལ་ཁ་རྙིང་ཐེབས་ཆག་ཅིག་དང་བརྗེ་ལེན་གནང་།  དེ་ལྟར་ལོ་མང་པོར་ས་གནས་དེར་གཙོ་བོ་སྒྲུབ་པ་ལ་གཅིག་ཏུ་གཞོལ་བར་མཛད།  འོན་ཀྱང་གཞུང་ཆེན་དང་ཁ་བྲལ་ནས་སྒྲུབ་པ་ལ་གཞོལ་བར་མཛད་པ་དེ་འདྲ་ནི་མ་ཡིན་པར་གཞུང་ཆེན་པོ་ལ་ཡང་ཐུགས་རྟོག་རྒྱུན་པར་མཛད་པ་སྟེ།ཌལ་ཧོར་དུ་སྒྲུབ་པ་ལ་གཙོ་བོར་གཞོལ་བའི་སྐབས་དེ་དུས་སུ་ཡང་རྒྱུན་དུ་དགོང་དྲོར་རྒྱན་འཇུག་གཉིས།  རྩ་ཤེ།  མཛོད་རྩ་བ།  རྣམ་རྩ།  འདུལ་སྡོམ་རྒྱས་པ།  སྤྱོད་འཇུག   དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཐུགས་འཛིན་གནང་ཟིན་པ་རྣམས་རེས་མོས་ཀྱིས་སྐྱོར་སྦྱངས་ཆག་མེད་མཛད།  དེ་ལྟར་སྒྲུབ་པ་ཉམས་སུ་ཇི་ལྟར་བླངས་ཚུལ་དཔེ་མཚོན་ཙམ་བཀོད་པ་ལས་རྒྱས་པ་ནི་མཛད་རྣམ་དད་གུས་འདྲེན་པའི་ཤིང་རྟ་ན་བཞུགས་པས་དེར་གཟིགས་རྒྱུ་ཤིན་ཏུ་གལ་ཆེན་པོར་མཐོང་།  སྔ་ཕྱི་དུ་མར་༧གོང་ས་སྐྱབས་མགོན་ཆེན་པོ་གཙོས་བོད་ཀྱི་བླ་རྒྱུད་སྐྱེས་ཆེན་སུམ་ཅུ་ལྷག་གི་ཞལ་སྔ་ནས་མདོ་སྔགས་ཕལ་ཆེ་བའི་དབང་ལུང་མན་ངག་རྒྱ་ཆེར་མནོས་པ་དེ་དག་གདན་ས་གསུམ་དང།  བཀྲིས་ལྷུན་པོ།  རྭ་སྟོད་སོགས་ཀྱིས་མཚོན་པའི་ས་ཁུལ་མི་འདྲ་བ་བརྒྱ་ཕྲག་ལ་ཞབས་ཀྱིས་བཅགས་ཏེ།  དད་ལྡན་གྱི་གདུལ་བྱ་ཁྲི་ཚོ་མང་པོ་དང་།  ལྷག་པར་དུ་བླ་སྤྲུལ་དགེ་བཤེས་སོགས་བསྟན་འགྲོ་ལ་ཕན་པ་རྒྱ་ཆེར་ཞུ་ཐུབ་མཁན་གྲངས་ཀྱིས་མི་ལང་པར་བླ་མའི་ཁྲིད་རྒྱུན་ཉམས་མེད་ཐོག་དབང་ལུང་བསྩལ་ཏེ་བསྟན་འགྲོ་ལ་སྨན་པའི་རླབས་ཆེན་གྱི་བྱ་བ་རྒྱ་ཆེར་བསྐྱངས།  དེ་དག་གི་དཔེ་མཚོན་ཙམ་ཞུས་ན།  ཕྱི་ལོ་༡༩༧༩ལོར་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་འབྲས་ཉག་རེ་བྲག་གཡབ་རྟོགས་ལྡན་་རིན་པོ་ཆེ་དང་།  འབྲས་ཕུ་ཁང་གྱང་དམར་རིན་པོ་ཆེ།དགའ་ཤར་དགེ་བཤེས་སོགས་སྐྱ་སེར་ལྔ་བརྒྱ་ལྷག་ལ་རྒྱལ་བའི་བཀའ་འགྱུར་ལྗགས་ལུང་དཀྱུས་ཀྱི་ཐོབ་ཡིག་བསྡུས་པ་ཐར་འདོད་སྤྱི་ནོར་ནང་གསལ་ལྟར་བསྩལ།  ལམ་རིམ་འཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་རྒྱས་པ་ཞིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བཀའ་དགོངས་གནང་བ་ལྟར་ཕྱི་ལོ་༡༩༨༤ལོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྩལ་གནང་བཀྲིན་བསྐྱངས།  ཕྱི་ལོ་༡༩༨༥ལོར་སྲད་རྒྱུད་གྲྭ་ཚང་གི་དགེ་འདུན་གཙོ་བོར་གྱུར་པའི་སེར་མོ་བ་ཁེ་གཙང་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་དབང་སྔོན་འགྲོ་སྟ་གོན་དང།  དབང་དངོས་གཞི་སྐུ་གཞིའི་ས་བོན་ཐེབས་ངེས་སུ་བསྩལ་ནས།གསང་འདུས་དམ་ཆོས་འགྲེལ་པ་བཞི་སྦྲགས་དབུ་བཙུགས་ཏེ་དཀྱུས་སུ་ཉིན་བསྟུན་ནས་རྫོགས་པར་བསྩལ་བ་དང་།  ཕྱི་ལོ་༡༩༨༦ལོར་སྦེལ་ཀོབ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གདན་ས་ཆེན་པོ་གསུམ་གཙོ་བོར་གྱུར་པའི་ཆོས་ཞུ་བླ་སྤྲུལ་དགེ་བཤེས་བརྒྱད་བརྒྱ་ལྷག་ལ་རྗེ་བླ་མའི་གསུང་འབུམ་ལྗགས་ལུང་གནང་།  ཕྱི་ལོ་༡༩༨༩ལོར་རྫོང་ཆོས་གྲྭ་ཚང་ནས་གསོལ་འདེབས་ཞུས་པ་བཞིན་ཆོས་ཞུ་བླ་སྤྲུལ་དགེ་བཤེས་བཞི་བརྒྱ་ལྷག་ལ་སྡོམ་གསུམ་བསླབ་བྱ་ནོར་བུའི་འོད་ཕྲེང་གི་བཀའ་ཁྲིད་རྒྱས་ཙམ་ཞིག་བསྩལ།  ཕྱི་ལོ་༡༩༩༠ ལོར་དཔལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གདན་ས་དགའ་འབྲས་གཉིས་ཀྱི་བླ་སྤྲུལ་དགེ་ཤེས་དང་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ལྷག་ལ་བསྟན་འགྱུར་མདོ་འགྲེལ་གང་ཡོད་ཀྱི་ལྗགས་ལུང་གནང།  འདི་དག་ནི་དཔེ་མཚོན་ཙམ་ཡིན་པ་ལས་མཐའ་དག་ནི་བརྗོད་ཀྱིས་མི་ལང་ངོ།  །མདོར་ན་སྔ་ཕྱི་དུ་མར་རྒྱ་གར་གྱི་ཡུལ་གྲུ་ཤིན་ཏུ་མང་པོ་དང་ཕྱི་རྒྱལ་སོགས་སུ་ཕེབས་ནས་མི་རིགས་མི་འདྲ་བའི་སེར་སྐྱ་སྟོང་ཚོ་མང་པོར་ནང་ཆོས་དང་མཐུན་པའི་ཡ་རབས་གོམས་སྲོལ་གྱི་བཀའ་སློབ་ཟབ་མོ་མང་དུ་གནང་ཞིང་།  བཀའ་ཆོས་དབང་ལུང་མན་ངག་གིས་ཀུན་ལ་ཕན་པ་རྒྱ་ཆེར་བསྐྲུན་ནས་བཙན་བྱོལ་ཁྲོད་ཀྱི་བཀའ་ཆོས་བླ་མ་སྙན་གྲགས་ཆེ་ཤོས་སུ་གྱུར།  ཕྱི་ལོ་༡༩༩༢ ལོར་རང་ཡུལ་ཏྲེ་ཧོར་རྟའུ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱིར་རང་ཡུལ་དུ་ཕེབས་གཏན་ཁེལ་བ་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁར་བཅར་ནས་བཀའ་དགོངས་དང་གསོལ་འདེབས་ཞུས་རྗེས་ཕ་ཡུལ་གྱི་ཕྱོགས་སུ་ཐོན།  རང་ཡུལ་རྟའུ་མི་མང་གིས་ཕེབས་བསུ་གཟབ་རྒྱས་ངང་ཧོར་རྟའུ་ཉ་མཚོ་དགོན་པར་གདན་ཞུས་བྱས།  རྟའུ་མི་མང་གིས་གཙོས་ཏྲེ་ཧོར་ཁུལ་གྱི་དད་ལྡན་པ་སྟོང་ཚོ་དུ་མར་དབང་ལུང་མན་ངག་དང་ཆོས་དང་འབྲེལ་བའི་བསླབ་བྱ་ཟབ་མོས་ཀུན་གྱི་ཡིད་ལ་རབ་དཀར་ཆོས་ཀྱིས་ཚིམས་པར་མཛད།  ལྷག་པར་ཏྲེ་ཧོར་རྟའུ་དགོན་པ་དང།  བྲག་མགོ་དགོན།  ལྕོག་རུ་དགོན།  དཀར་མཛེས་དགོན།  སྟོང་སྐོར་དགོན།  དར་རྒྱས་དགོན།  བེ་རི་འགྲོ་ཕན་དགོན།  མགར་ཐར་བྱམས་པ་གླིང་།  དར་མདོ་ལྔ་མཆོད་དགོན།  རྩིས་ཚང་དགོན།  རྫ་གླིང་བཀྲིས་དགོན།  གོ་ཐག་དགོན།  འདྲ་གདུགས་དགོན་སོགས་དགོན་སྡེ་དུ་མ་ནས་ན་གཞོན་ཆོས་སྒོ་ལ་ཞུགས་མཁན་ཉིས་བརྒྱ་དྲུག་ཅུ་ཙམ་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་།  དེའི་ནང་ནས་དྲུག་ཅུ་རེ་གཉིས་ལ་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་གནང་།  རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་མདུན་དུ་དེར་ཡོད་ས་གནས་མི་མང་དང་ཕྱོགས་མཐའ་ནས་ཕེབས་པ་སོགས་མི་མང་ཁྲི་ཚོ་གཉིས་ཙམ་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་།  སྐྱབས་འགྲོའི་བཤད་ཁྲིད་སོགས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་བསྩལ།  རྟའུ་ནང་བསྟན་སློབ་གྲྭའི་སློབ་སྤྱི་དང་སློབ་དགེ་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་རྟེན་འབྲེལ་བསྟོད་པ་དང་།  སྙན་ངག་གི་སྒྲ་རྒྱན་སོགས་འཆད་ཁྲིད་གནང་།  རྟའུ་ཉ་མཚོ་དགོན་པའི་སློབ་གྲྭ་གསར་འཛུགས་དང་།  དགོན་པར་ཆོས་ཁྲིམས་དག་ཐེར།  མི་མང་སྤྱི་ལ་དགེ་སྦྱོང་གི་བཀའ་སློབ་མང་དུ་གནང་ནས་ཕྱོགས་དེར་དཀར་ཆོས་རྣམ་པར་དག་པའི་འོད་ཀྱིས་ཁྱབ་པར་མཛད།  མི་རིགས་ཀྱི་སྐད་ཡིག་གལ་ཆེན་ཡིན་པའི་བཀའ་སློབ་ཡང་ནས་ཡང་དུ་གནང་།  མཐར་ཕྱི་ལོ་༡༩༩༣ལོར་སྐུ་མྱ་ངན་ལས་འདས།

སྤང་ནང་སྐུ་ཕྲེང་བཞི་པ་བསྟན་འཛིན་བྱམས་པ་སྐལ་བཟང་།

སྤང་ནང་སྐུ་ཕྲེང་བཞི་པ་བསྟན་འཛིན་བྱམས་པ་སྐལ་བཟང་མཆོག་ནི་ཕྱི་ལོ་༡༩༩༣ལོར་མདོ་ཁམས་རྟའུ་རྫོང་མ་ཟུར་ལོ་པ་ཆ་ཞེས་པའི་གྲོང་སྡེ་རུ་ཡབ་ཡ་མ་དར་རྒྱས་དང་ཡུམ་ཡ་མ་ལྷ་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།    ཕྱི་ལོ་༢༠༠༣ལོར་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་སྤང་ནང་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་།  ལོ་དེའི་ཟླ་༥པའི་ཚེས་༢༣ཉིན་ཡུལ་དགོན་གཅིག་པའི་ཤེས་འཇོན་ཅན་འགས་ཐབས་ཤེས་ཡོད་རྒུ་རྩལ་དུ་རྩལ་དུ་བཏོན་ཏེ་རྒྱ་གར་འཕགས་པའི་ཡུལ་ལ་གདན་འདྲེན་ཞུས།  ཕྱི་ལོ་༢༠༠༣ལོའི་ཕྱི་ཟླ་༦ཚེས་༢༩ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་སྐབས་ས་གནས་གཞིས་འགོ་གཙོས་སྐུ་གོང་མ་དང་ཆོས་འབྲེལ་ཡོད་པའི་སྐྱ་སེར་སྟོང་ཕྲག་བརྒལ་བས་ཕེབས་བསུ་གཟབ་རྒྱས་དང་སྐུ་གོང་མའི་གཟིམ་ཤག་ཏུ་གདན་འདྲེན་ཞུས།  ཕྱི་ལོ་༢༠༠༣ཕྱི་ཟླ་༧པའི་ཚེས་༣གྱི་གཟའ་སྐར་དགེ་བའི་ཉིན་སྐུ་ཁྲུས་དང་ན་བཟའ་གསོལ་ཏེ་རྟེན་འབྲེལ་གྱི་མཛད་སྒོ་ཞུས།  ཟླ་དེའི་ཚེས་༡༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ཕུད་བཞེས་པ་དང་དབྱངས་གསལ་སོགས་སློབ་སྟོན་གྱི་བཀའ་དྲིན་བསྐྱངས།  ལོ་དེའི་ཕྱི་ཟླ་༧པའི་ནང་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར།  བོད་ཀྱི་སྤྱི་སྐད་དང་བོད་ཡིག་སོགས་གང་མྱུར་ཤེས་ཐབས་སུ་རྡ་སྟེང་བུ་ཁྱིམ་སློབ་གྲྭར་འཛུལ་ཞུགས་གནང་།  སློབ་གྲྭར་བཞུགས་སྐབས་སུ་༧གོང་ས་མཆོག་གཙོས་པའི་བླ་སྤྲུལ་དུ་མའི་སྤྱན་སྔར་དབང་ལུང་མན་ངག་གི་ལུང་རྒྱུན་རྒྱ་ཆེར་གསན།  ཕྱི་ལོ་༢༠༠༤ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༡ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་རྡ་སར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོའི་ཕོ་བྲང་དུ་མགོན་པོ་གང་ཉིད་ཀྱིས་མཁན་པོ་གནང་སྟེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས།  ཕྱི་ལོ་༢༠༠༤ཟླ་༦ཚེས་༢༧ཉིན་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ཤིང་།  བླ་སྤྱི་དང་གྲྭ་ཚང་ཁག་གི་ཕྱག་མཛོད་དང་ཁང་ཚན་སོ་སོའི་ཁང་རྒན་རྣམས་ཀྱིས་གཙོས་སེར་སྐྱ་སྟོང་ཚོ་བརྒལ་བས་ཕེབས་བསུ་གཟབ་རྒྱས་དང་།  འབྲས་སྤུངས་ཏྲེ་ཧོར་ཁམས་ཚན་དུ་རྟེན་འབྲེལ་གྱི་མཛད་སྒོ་ལེགས་པར་བསྐྱངས།  ཟླ་༧ པའི་ཚེས་༢ ཉིན་གདན་ས་དགའ་འབྲས་གཉིས་དང་འབྲེལ་ཡོད་བླ་ཆེན་རྣམས་མཇལ་བཅར་དུ་ཕེབས་།  ཕྱི་ལོ་ ༢༠༠༤ ལོ་ཕྱི་ཟླ་ ༩ པའི་ཚེས་ ༡༦ ཉིན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཆོག་སྤྲུལ་གང་གི་ཡོངས་འཛིན་དུ་ཐད་བསྐོས་གནང་བའི་ཏྲེ་ཧོར་དགེ་བཤེས་ཚེ་རིང་ནོར་བུ་མཆོག་ལ་མཇལ་བཅར་མལ་ཌལ་རྟེན་གསུམ་བཏེགས་པ་དང་།  མཆོག་སྤྲུལ་གང་གི་ཡོངས་འཛིན་དུ་རྒྱལ་བས་བསྐོ་བཞག་གནང་བའི་བཀའ་རྒྱ་རྣམས་སྤྱན་འབུལ་ཞུས།  འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་དང་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་བཞེས།  ཆོས་ཞུགས་མཛད་སྒོའི་སྐབས།  འབྲས་སྤུངས་བླ་སྤྱི་དང་།  བློ་གླིང་གྲྭ་ཚང་།  ཏྲེ་ཧོར་ཁམས་ཚན་སོགས་ལ་གཏོང་སྒོ་གཟབ་རྒྱས་དང་སྐུ་མགྲོན་རྣམས་ལ་གསོལ་ཚིགས་གང་རྒྱས་ཕུལ་ཏེ་བླ་མ་གསར་པ་སྤྱི་མཚུངས་ལྟར་ཆོས་ཞུགས་ཀྱི་མཛད་སྒོ་ལེགས་པར་བསྐྱངས།  ད་ལྟ་གྲྭ་ཚང་འདི་ཉིད་ཀྱི་ཕར་ཕྱིན་ལོ་རིམ་བཞི་པ་དགེ་འདུན་ཉི་ཤུའི་འཛིན་གྲྭའི་ནང་ཕར་ཕྱིན་གྱི་གཞུང་ལ་སློབ་སྦྱོང་གཙོ་བོ་གནང་ཞོར་དུ་བརྡ་སྤྲོད་རིག་གནས་སོགས་ལ་ཡང་བརྩོན་མུས་སུ་བཞུགས་བཞིན་པའོ།  །

0 མཆན།:

དཔྱད་མཆན་སྤེལ།