2015-03-31

ཁམས་ཚན་གྱི་ལོ་རྒྱུས།

ཏྲེ་ཧོར་ཁང་ཚན༌གྱི་ལོ་རྒྱུས་རགས་བསྡུས།

ཁང་ཚན་འདིའི་ཆགས་རབས་ཀྱི་ལོ་རྒྱུས་སྙིང་བསྡུས།
ཏྲེ་ཧོར་ཁང་ཚན་ནི་བློ་གསལ་གླིང་གྲྭ་ཚང་འདིར་ཁང་ཚན་ཉེ་ལྔའི་ནང་གི་འབྲིང་ཁག་བརྒྱད་ཀྱི་ལྔ་པ་ཡིན་ཞིང༌། འདི་ཉིད་ཐོག་མར་ཆགས་ཚུལ་ནི་དེ་ཡང་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཀྱི་ཁྲོད་ནས་མཛད་འཕྲིན་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ནང་ཚན། འཇམ་དབྱངས་ཆོས་རྗེས་བཀྲིས་དཔལ་ལྡན་པས་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟ་བུ་ཤིན་ཏུ་མང་པོ་བསྐྱངས་པའི་ཁྲོད་ནས། མདོ་ཁམས་ཏྲེ་ཤོད་ཁུལ་ནས་ཡོང་བའི་གྲྭ་རྒྱུན་བཞི་ཐོག་མར་བྱུང་བ་དེ་དག་གིས་རྗེ་འཇམ་དབྱངས་ཆོས་རྗེ་ལས་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་ཞུས་ཤིང༌། དུས་ཕྱིས་འཆད་ཉན་པ་བདུན་དུ་བགོས་པའི་སྐབས། འདན་མ་མཁན་ཆེན་ཡེ་ཤེས་ལེགས་ལྡན་པའི་དྲུང་ནས་ཀྱང༌། ཕར་ཚད་འདུལ་མཛོད་སོགས་ལ་ཐོས་བསམ་རྒྱ་ཆེར་མཛད་མུར། འཇམ་མགོན་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་པོ་གསར་འཛུགས་གནང་ནས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱིཞིང་ས་དམ་པ་ཐུབ་པ་དངོས་དང་མཚུངས་པའི་ལྷ་ལྡན་གཙུག་ཁང་གི་ཇོ་བོའི་འདུན་སར་དགེ་འདུན་འདུས་ཚོགས་པ་ཁྲི་ཕྲག་ཚོགས་པར། མཐུན་རྐྱེན་དཔེ་མེད་སྦྱོར་ནས་ཚེས་བཅུ་གསུམ་ཉིན་ལྷ་ལྡན་སྨོན་ལམ་ཆེན་པོའི་འདུས་ཚོགས་ལགཏོང་ཕོད་ནམ་མཁའ་མཛོད་དང་མཉམ་པ། ཕྱོངས་རྒྱས་རྫོང་དཔོན་ཧོར་དཔལ་འབྱོར་བཟང་པོ་གཙོ་བྱས། རང་ཡུལ་ཏྲེ་ཤོད་ཁུལ་ནས་ཡིན་པའི་འབྱོར་ལྡན་གཏོང་ཕོད་ཅན་གྱི་ཚོང་དཔོན་དུ་མའི་མཐུན་རྐྱེན་ལ་བརྟེན་ནས་གྲྭ་ཤག་དང་ཚོམས་ཁང་གསར་སྐྲུན་བྱས་པ་དེར་གྲྭ་རྒྱུན་བཞི་དང་ཁྱི་ཞིག་གིས་ལྔ་འདུས་པ་དེར་ཏྲེ་ཧོར་མི་བཞི་ཁྱི་ལྔ་ཞེས་སུ་གྲགས། ཁང་པ་དེ་ཉིད་དུས་ཕྱིས་སུའང་ཁང་ཚན་འདིས་ལྷ་ཁང་གཙོ་བོར་རྩིས་སྣང་། དུས་ཕྱིས་རྟེན་འབྲེལ་གྱི་གནད་ག་དེས་ཁང་ཚན་འདིར་གྲྭ་རྒྱུན་ལྔ་བརྒྱ་ལྔ་བཅུ་ལས་མི་ཉུང་བར་བྱུང་བ་ད་ལྟའི་བར་མཐོང་ཆོས་སུ་ཡོད་པ་འདི་བཞིན་ལགས་ཤིང༌། ལྷག་པར་བློ་གླིང་མཁན་རབས་དྲུག་པ་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རབས་གསུམ་པ་ཕྱིས་བྱང་རྩེ་ཆོས་རྗེར་ཕེབས་པ་སློབ་ཆུང་ཏྲེ་ཧོར་རབ་འབྱམས་པ་བཀྲིས་རྒྱལ་མཚན་གྱི་སྐུ་རིང་ལ། རྗེ་འདིའི་མཁས་པའི་མཁྱེན་རབ་དང་བཟང་པོའི་འཕྲིན་ལས་ཀྱི་མཐུ་ལ་བརྟེན་ནས། གདན་ས་འདིའི་འཆད་མཉན་སྤྱི་དང་སྒོས་སུ་ཏྲེ་ཧོར་གྲྭ་རྒྱུན་ཤིན་ཏུ་མང་པོ་འཕེལ་བ་ནས་འབྲས་སྤུངས་ཏྲེ་བོ་ཁང་ཚན་ཞེས་ཁང་ཚན་གཞན་ལས་འབུར་དུ་ཐོན་པ་བྱུང་སྟེ་མདོ་ཁམས་ཏྲེ་ཤོད་ཁུལ་དང་། བྲག་གཡབ་ཉག་རེ་ཁུལ་གྱི་གྲྭ་རྒྱུན་ཞུགས་པའི་བསྟི་གནས་སུ་གྱུར། དུས་ཕྱིས་དུས་རབས་བཅུ་བདུན་པའི་ནང་ཧོར་ནམ་མཁའ་རྒྱལ་མཚན་གྱིས་རྫ་ག་ཡུ་མགོ་ནས་ཤིང་ཁོག་བྲག་མགོ་ཡན་ཆད་ལ་དབང་བསྒྱུར་བྱས་ནས་ལུང་རྒྱུགས་པ་དང༌། དེའི་སྐུ་མཆེད་བཀའ་བཅུ་ནམ་མཁའ་འོད་ཟེར་ཁང་ཚན་འདིར་ཞུགས་ནས་མཁས་པའི་གོ་སར་སྙེས། རང་ཡུལ་ཏྲེ་ཤོད་དུ་ཕེབས་ནས་ཤུག་རི་དགོན་པ་ཕྱག་བཏབ། ཏྲེ་ཤོད་ཁུལ་དུ་སྟོང་སྐོར་ཞབས་དྲུང་གི་གདན་ས་སྟོང་སྐོར་དགོན་ཕུད་པའི་དགེ་ལྡན་པའི་དགོན་པ་ཐོག་མ་དེ་ཡིན། དེ་རྗེས་ཧོར་ནམ་རྒྱན་གྱི་བུ་རྒན་པ་མ་ཟུར་དབང་ལུའི་སྐུ་རིང་ལ་རྟའུ་ཆག་ལོ་སྣ་ཚུན་ཆད་དབང་བསྒྱུར་བྱས་པ་དང་། སྐུ་མཆེད་ས་སྐྱོང་ངག་དབང་དཔལ་བཟང་ཁང་ཚན་འདིར་ཞུགས་ནས་མཁས་པའི་མཚན་སྙན་འབར། འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་གྱི་མཁན་པོ་མཛད་དེ་འཕྲིན་ལས་ཆེས་ཆེར་འཕེལ། ལྷག་པར་ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ་ངག་དབང་ཕུན་ཚོགས་ཞེས་སྙན་པའི་གྲགས་པ་ཕྱོགས་ཀྱི་སྒེག་མོའི་རྣ་ལུང་མཛེས་པ་དེ་ཉིད་དབུས་སུ་བྱོན་ནས་ཁང་ཚན་འདི་ཉིད་དུ་ཆོས་ཞུགས་གནང་།

གནས་བརྟན་འཇམ་དབྱངས་གྲགས་པ་དང༌། དེའི་ཐུགས་སྲས་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། (པཎ་ཆེན་བློ་བཟང་ཆོས་རྒྱན། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ།) ཧོར་ཆོས་རྗེའི་རྣམ་ཐར་ནང་དེ་ལྟར་འཁོད་ཀྱང་སྐབས་དེར་ཁོང་གཉིས་ཀ་ཞི་བར་གཤེགས་ཟིན།) དྲུང་པ་རྒྱལ་ཚབ་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་ཤིན་ཏུ་མང་པོ་ཞུས། ལྷག་པར་གོང་ས་ལྔ་པ་ཆེན་པོས་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་གནང་བ་དང་འབྲེལ་ཐུགས་ལ་བཏགས་ནས། ཧོར་ཆོས་རྗེ་ཏུའི་སི་ཏུ་ཝན་ཤ་ཞེས་པའི་ཆོ་ལོ་གནང༌། རྒྱུད་དུ་གསང་སྔགས་རྒྱུད་སྡེ་ལ་ཐོས་བསམ་ཉམས་བཞེས་མཛད་པས་མཁས་པའི་ཡང་རྩེར་སོན། སོག་རིགས་ཞང་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དགོངས་རྫོགས་ཀྱི་དགེ་རྩ་ཆེད། གོང་ས་ལྔ་པ་ཆེན་པོའི་བཀའ་ལུང་ལྟར་མདོ་ཁམས་ཏྲེ་ཤོད་ཁུལ་དུ་ཕེབས་ནས་ཞྭ་སེར་ཅོད་པཎ་འཆང་བའི་ཆོས་སྡེ་བཅུ་གཉིས་ཕྱག་བཏབ། བསྟན་པའི་ནང་མཛོད་འདུལ་བའི་བཅས་མཚམས་ཤིན་ཏུ་དམ་པའི་ཁྲིམས་བཅས། མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་སྨད་ལྗོངས་ས་ཡི་ཐིག་ལེ་ཏྲེ་ཤོད་ད་ར་ཁག་ལྔར། དགེ་ལྡན་གསེར་སྦྱངས་རིང་ལུགས་གཙངམའི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱས། །དེའི་དབོན་པོ་རྫ་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱང་ཆུང་དུས་ནས་གདན་ས་འབྲས་སྤུངས་སུ་ཕེབས་ཏེ་ཁང་ཚན་འདིར་ཆོས་ཞུགས་གནང༌། མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་བསླབས། གོང་ས་ལྔ་པ་ཆེན་པོས། ཏུ་སི་ཏུ་ཝན་ཤའི་ཆོ་ལོ་དང་ཧོར་ཁོག་གི་བླ་དཔོན་ཟུང་འབྲེལ་གྱི་གོ་ས་གནང༌། ས་དགེ་བཀའ་རྙིང་གི་མཁས་གྲུབ་དུ་མའི་དྲུང་ནས་བཀའ་ལུང་མན་ངག་རྒྱ་ཆེར་མནོས། གཞིས་སུ་བཀྲིས་དགོན་གསར་དུ་ཕྱག་བཏབ། དབོན་ཞང་གི་དགོན་སྡོམ་ནས་ཧོར་ཁོག་དགོན་སྡེ་བཅུ་གསུམ་ཞེས་ད་ལྟའི་བར་ཡོངས་སུ་གྲགས་པ་བྱུང༌། 

དེའི་སྐུ་རབས་ཕྲེང་བ་རིམ་པར་བྱུང་བས་ཀྱང་གཞིས་ཀྱི་དགོན་སྡེ་ཁག་དང་ཁང་ཚན་འདི་ཉིད་ལ་ཐུགས་བསྐྱེད་རླབས་བོ་ཆེའི་མཐུ་ཡོངས་སུ་སྨིན་ཏེ་ཚུལ་བཞིན་བསྐྱངས་བས་མཚོན། སྐྱེས་ཆེན་དམ་པ་ཕྲེང་བ་བསྒྲིགས་པ་ལྟར་བྱོན་ནས་སྡེ་འདིའི་ལུགས་ཟུང་གསེར་ཀྱི་འཁོར་ལོ་བཤད་སྒྲུབ་ལས་གསུམ་གྱི་བླ་ན་བཏེགས་པ་ལས། གྲྭ་རྒྱུན་གངས་ཆུ་ལྟར་འཕེལ་ཞིང་མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་ད་ལྟའི་བར་ཟམ་མ་ཆད་པ་བྱུང་བ་འདི་བཞིན་ལགས་ཏེ། ཁང་ཚན་གྱི་མིང་ཡང་གཞིས་དགོན་དབང་བསྒྱུར་བྱེད་མཁན་མི་རིགས་ཀྱི་མིང་ནས་དྲས་ཏེ་ཏྲེ་ཧོར་ཞེས་ཀྱང་འབོད་པའི་སྲོལ་བྱུང༌། བྲག་གཡབ་ཉག་རེ་ཡང་གནའ་བོའི་སྐབས་ཁང་ཚན་འདིའི་ཁོངས་སུ་གཏོགས་ཀྱང། དུས་ཕྱིས་ཟུར་དུ་གྱེས་པ་ལས་ད་ལྟའི་བར་ཁང་ཚན་གཉིས་ལོག་དུ་བརྩི། གླིང་ཁང་ཚན་ནི། ཡོངས་འཛིན་གླིང་སྤྲུལ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ཁམས་གླིང་ཚང་དུ་གདན་ས་མཛད་ནས་འཕྲིན་ལས་རྒྱ་ཆེར་འཕེལ་བའི་སྐབས། རྫ་ཆོས་རྗེ་སྐུ་ཕྲེང་གཉིས་པ་ངག་དབང་ཕུན་ཚོགས་པས་བླ་མ་བསྟེན་ནས་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་ཞུས་པ་དང༌། གདན་ས་རྫ་སྟོད་དགོན་གསར་དགོན་ཡང་བར་སྐབས་ཧོར་ཁོག་དཔོན་ཁག་ནང་ཁུལ་འཁྲུག་འཛིང་བྱུང་བའི་རྐྱེན་གྱིས་སྡེ་དགེ་རྒྱལ་པོ་ལ་མགོ་བཏགས་ཞུ་དགོས་བྱུང་བ་སོགས། ས་སྡེ་དང་ཆོས་རྒྱུད་གཉིས་ཀའི་ཐོག་ནས་འབྲེལ་བ་གཏིང་ཟབ་བྱུང་བ་དེའི་ཤན་ཀྱིས་གདན་ས་འདིར་ཡང་ཁང་ཚན་ཕན་ཚུན་མཐུན་འབྲེལ་གང་ལེགས་བྱུང་བ་ལས། ཁང་ཚན་གཉིས་ལོག་གི་འབྲེལ་བ་ད་ལྟའི་བར་བྱུང་བ་འདི་བཞིན་ལགས་སོ། །དེ་སྔོན་མི་ཉག་ཁང་ཚན་ཡང་ཁང་ཚན་འདི་དང་ཉེ་ལོག་སུ་བཤད་དེ། གཞིས་དགོན་ཕན་ཚུན་ས་འབྲེལ་ཡིན་པས་སམ་རྒྱུ་མཚན་གང་ཡིན་གསལ་པོ་མ་ཤེས། 

དུས་ཕྱིས་གྲྭ་ཚང་འདི་ཉིད་ཁང་ཚན་ཉེར་བཞི་བགྲང་པའི་ནང་ནས། ཁང་ཚན་ཆེ་ཁག་གསུམ། འབྲིང་ཁག་བརྒྱད། ཆུངཁག་བཅུ་དྲུག་ལས་འབྲིང་ཁག་བརྒྱད་ཀྱི་ནང་གི་ལྔ་པ་དེ་ཡིན་པར་བཤད། ཁང་ཚན་འདི་ཉིད་ལ་སྤྱི་ཁང་གཅིག་དང་། རྭ་ཁང་གསུམ་མི་ཚན་བཅུ་གསུམ་ཡོད་པར་བཤད་ཅིང༌། སྤྱི་ཁང་དང་པོ་ནི་ཏྲེ་ཧོར་ཁང་ཚན་ཐོག་མ་ཕྱག་འདེབས་ས་ཏྲེ་ཧོར་མི་བཞི་ཁྱི་ལྔའི་སྐབས་བཞེངས་པའི་ཚོམས་ཁང་ཡིན་པ་དང༌། འདི་ཉིད་དུས་ཕྱིས་ཀྱང་གལ་ཆེར་བརྩི་བར་མ་ཟད་སྐུ་གསུང་ཐུགས་རྟེན་ཡང་དུ་མ་བཞུགས། ལྷག་པར་མཐུ་རྩལ་དང་བྱིན་རླབས་ཀྱི་འཕྲིན་ལས་མྱུར་བའི་མདོ་ཁམས་བདག་མོའི་ཞལ་ཐང་རྩ་ཆེན་ཞིག་ཀྱང་ཚོམས་ཁང་འདིའི་ནང་དུ་བཞུགས་པར་བཤད། 

ཁང་ཚན་འདིའི་རྟེན་གསུམ་གྱི་སྐོར། 


ཁང་ཚན་འདིའི་ཚོམས་ཀྱི་ནང་དུ། རྗེ་བླ་མའི་དབུ་སྐྲ་གཟུངས་བཞུགས་བྱས་པའི་རྗེ་སྐུ་བཀྲིས་དུ་ཁ་མ། ཇོ་བོ་རྗེའི་ཐུགས་རྟེན་གསེར་གྱི་སྒྲོལ་སྐུ་མཐོ་ཚད་མ། དེ་བ་ཤྲ་མའི་སྒྲོལ་སྐུ་གཏེར་མ་གསེར་སྐུ་མ། རྒྱལ་དབང་བཅུ་གསུམ་བས་གནང་བའི་རྗེ་ཡབ་སྲས་ཀྱི་སྨན་སྐུ་མཐོ་ཚད་མ་འདི་དག་ཚོམས་ཀྱི་གདོང་གྲལ་དུ་ཡོད། མཁན་ཆེན་བློ་བཟང་དབང་ཕྱུག་གིས་སྤྱི་འཇོག་གནང་བའི་སྨན་འདམ་ཀྱི་སྒྲོལ་སྐུ་མི་ཚད་མ། རྒྱལ་དབང་ལྔ་པ་དང་བདུན་པ་བརྒྱད་པ་བཅས་ཀྱི་སྨན་སྐུ་མི་ཚད་མ། རྗེ་རྒོད་ཚང་བ་དང་གུང་ཐང་བླ་མ་ཞང༌སྒྲོལ་མ་བཅས་ཀྱི་སྨན་སྐུ་ཁྲུ་ཚད་མ། རྒྱུད་སྨད་བློ་བཟང་དགེ་ལེགས་ཀྱིས་རྒྱ་ནག་ནས་གདན་དྲངས་པའི་གནས་བརྟན་བཅུ་དྲུག་དང་སྒྲོལ་མ་ཉེར་གཅིག་གི་ལུག་སྐུ་མཐོ་ཚད་མ་རིང་བསྲེལ་ཆད་མེད་དུ་བབ་པའི་བྱིན་ཅན། དད་རྟེན་འདི་དག་ཁང་ཚན་ཚོམས་ཀྱི་ནང་གི་གཡས་ཕྱོགས་སུ་ཡོད་ཅིང་། སྐུ་རྟེན་བཞུགས་ས་ལ་རྒྱ་ནག་མཆོད་གཤམ་ཟེར། འཁྲུངས་གསར་བླ་བྲང་གི་སྤྱི་འཇོག་མཛད་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གསེར་སྐུ་མི་ཚད་མ། གསེར་སྦྱངས་ཀྱི་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་མི་ཚད་མ་བྱིན་རླབས་མཚོན་ཁ་བླ་ན་འབར། སྨན་འདམ་ལས་གྲུབ་པའི་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ། གསེར་ཟངས་ཀྱི་བྱམསསྐུ་མི་ཚད་མ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྨན་སྐུ་མི་ཚད་མ། རྗེ་འཇམ་དབྱངས་ཆོས་རྗེའི་སྨན་སྐུ་ལོ་བརྒྱད་བྱིས་པའི་ཚད་ཅན། ཐུགས་རྟེན་བཀའ་གདམས་མཆོད་རྟེན་བཀྲིས་འོད་འབར་(འདིའི་ལོ་རྒྱུས་ཡ་མཚན་པའི་ངག་རྒྱུན་མང་དུ་མཆིས) རྒྱ་ནག་མཆོད་རྟེན། མཆོད་རྟེན་བཀྲ་ཤིས་རབ་བརྟན། གསུང་རྟེན་རྒྱལ་པའི་བཀའ་གྱུར་རིན་པོ་ཆེ་ཆ་ཚང༌། གསེར་བྲིས་ཀྱི་མདོ་སྡེ་བསྐལ་བཟང་དང་བརྒྱད་སྟོང་པ། རྗེ་ཡབ་སྲས་ཀྱི་གསུང་འབུམ་ཆ་ཚང༌། ཚེ་མཆོག་གླིང་གསུང་འབུམ། ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ་ཆ་ཚང་སོགས་གསུང་འབུམ་སྐོར་ཤིན་ཏུ་མང་། གཞན་ཡང་ཞལ་ཐང་གི་སྐོར། མཛད་བརྒྱ་དཔག་བསམ་འཁྲི་ཤིང་ཆ་ཚང་ཚར་གཉིས། ཙོང་ཁ་བརྒྱད་ཅུ། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག །སྒྲོལ་མ་ཉེར་གཅིག །རྒྱལ་པཎ་སྐུ་ཕྲེང་རིམ་བྱོན། གནས་བཅུའི་རྟོགས་བརྗོད། འོད་ཟེར་ཅན་མ། མགོན་པོ་ཕྱག་དྲུག་དང་། གུར་ཞལ། མགོན་དཀར། ཆོས་རྒྱལ་ཕྱི་ནང་གསང་གསུམ། རྣམ་སྲས། ལྷ་མོ་སོགས་ཤིན་ཏུ་མང༌། ཚོམས་ཀྱི་ཐོག་ཁང་ནང༌། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་། ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་གཉིས་ཀྱི་སྨན་སྐུ་མི་ཚད་མ་བྱིན་ཅན། གསུང་རྟེན་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་སོགས་གླེགས་བམ་མང་པོ་བཞུགས། 

ལྷ་མོ་ཁང་དུ། འཇམ་མགོན་ཙོང་ཁ་པ་ཆེན་པོ་སྐུ་དངོས་ཀྱིས་རབ་གནས་མཛད་པའི་འཇིགས་བྱེད་ལྷ་བཅུ་གསུམ་པའི་གསེར་ཐང་ཐོག་ཚད་མ་བྱིན་རླབས་ཀྱི་ཚོན་ཁ་ཅན། མཆོད་སྒྲོམ་དུ་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་གནང་བའི་ལྷ་མོའི་སྐུ་ཐང་མི་ཚད་མ། དཔལ་ལྡན་ལྷ་མོའི་རྟེན་འདོས་རྩ་ཆེན་ཐོག་ཚད་མ། དཔལ་ལྡན་ལྷ་མོའི་གསེར་(བསེ)འབག་སོགས་འདི་དག་གི་འཕྲིན་ལས་ཀྱི་འཇུག་མྱུར་བའི་ངག་སྒྲོས་ཀྱི་རྣམ་གྲངས་ཡ་མཚན་པ་ཤིན་ཏུ་མང་པོ་མཐོང་ཐོས་བྱུང་ཡང་ཡི་གེས་འཇིགས་ནས་མ་བྲིས། ཆོས་རྒྱལ་ཕྱི་སྒྲུབ་དང་བསྟན་སྲུང་རྡོ་རྗེ་དྲག་ལྡན་གྱི་འདམ་སྐུ་མི་ཚད་མ་བཅས་བཞུགས། །
སྐྱེ་སྤྲུལ་ཇི་ལྟར་བྱུང་བ་ནི། 
ཧོར་ཆོས་རྗེ་སྐུ་ཕྲེང་རིམ་བྱོན།
ཧོར་ཆོས་རྗེ་སྐུ་ཕྲེང་དང་པོ་བློ་བཟང་བསྟན་འཛིན། །
སྐུ་ཕྲེང་གཉིས་པ་ངག་དབང་ཕུན་ཚོགས། །
སྐུ་ཕྲེང་གསུམ་པ་བློ་བཟང་བསྐལ་བཟང་མཐུ་སྟོབས་དཔལ་འབར། 
སྐུ་ཕྲེང་བཞི་པ་བློ་བཟང་བསྟན་འཛིན་མཐུ་སྟོབས།
སྐུ་ཕྲེང་ལྔ་པ་ངག་དབང་ཆོས་འཕེལ་བསྟན་པའི་སྒྲོན་མེ།
སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་བསྟན་འཛིན་ཆོས་གྲགས།
སྐུ་ཕྲེང་བདུན་པ་བསྟན་འཛིན་བློ་བཟང་དམ་ཆོས། 

འཁྲུངས་གསར་སྐུ་ཕྲེང་རིམ་བྱོན།
འཁྲུངས་གསར་སྐུ་ཕྲེང་དང་པོ་ཐེའུ་སན་བླ་མ་བསོད་ནམས་དར་རྒྱས། 
སྐུ་ཕྲེང་གཉིས་པ་མཁས་གྲུབ་བློ་བཟང་ཕུན་ཚོགས། 
སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་དཔལ་ལྡན་ཚུལ་ཁྲིམས། 
སྐུ་ཕྲེང་བཞི་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག
སྐུ་ཕྲེང་ལྔ་པ་བསྟན་འཛིན་དཔལ་ལྡན། 

ཀེའུ་ཚང་སྐུ་ཕྲེང་རིམ་བྱོན།
བྲག་མགོ་ཀེའུ་ཚང་སྐུ་ཕྲེང་དང་པོ། 
སྐུ་རབས་གོང་མ་རྣམས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་མཁས་གྲུབ་གཉིས་ལྡན་ཀྱི་སྐྱེས་ཆེན་དམ་པའི་གྲས་སུ་བཞུགས་པ་ཤ་སྟག་བྱུང་ཞིང་། བསྟན་འགྲོ་གཉིས་ཀར་རླབས་པོ་ཆེའི་མཛད་པ་བསྐྱངས་པའི་རྣམ་ཐར་འགོངས་ཆེ། ད་ལྟའི་སྐུ་རབས་འདི་ཉིད་གདན་ས་འབྲས་སྤུངས་ཏྲེ་ཧོར་དུ་ཆོས་ཞུགས་གནང་ནས་གཞུང་ལུགས་ལ་བརྩོན་བཞིན་གཞིས་བྱེས་གཉིས་སུ་འགྲོ་དོན་རྒྱ་ཆེར་སྤེལ་བཞིན་མཚོ་ཞིང་བཞུགས་པ་འདི་ཉིད་ལགས་སོ།།

བུ་རམ་སྣ་སྐུ་ཕྲེང་རིམ་བྱོན།
བུ་རམ་སྣ་སྐུ་ཕྲེང་དང་པོ་བསྟན་གླིང་ཡོངས་འཛིན་སྔགས་ཆེན་བློ་བཟང་སྨོན་ལམ། 
བུ་རམ་སྣ་སྐུ་ཕྲེང་གཉིས་པ་བླ་མ་བློ་ལྡན་ཆོས་འཕེལ། 
སྐུ་ཕྲེང་གསུམ་པ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་ཆོས་འཕེལ། 
སྐུ་ཕྲེང་བཞི་པ་ཕུར་བུ་ཚེ་རིང༌། 

བྲག་དཀར་སྐུ་ཕྲེང་རིམ་བྱོན།
བྲག་དཀར་སྐུ་ཕྲེང་དང་པོ་རྩ་བའི་བླ་མ་བྱམས་པ་རབ་བརྟན། 
སྐུ་ཕྲེང་གཉིས་པ་བྱང་ཆུབ་ཆོས་ཀྱི་རྒྱལ་མཚན། 
སྐུ་ཕྲེང་གསུམ་པ་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། 
སྐུ་ཕྲེང་བཞི་པ་ཐུབ་བསྟན་དཔལ་ལྡན་འོད་ཟེར། 
སྐུ་ཕྲེང་ལྔ་པ་བསྟན་འཛིན་བློ་བཟང་སྙན་གྲགས།  ད་ལྟར་ལྷ་སར་འཚོ་ཞིང་བཞུགས་སྐད། 

ཁང་གསར་སྐུ་ཕྲེང་རིམ་བྱོན།
ཁང་གསར་སྐྱབས་མགོན་སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན། 
སྐུ་ཕྲེང་གཉིས་པ་ཐུབ་བསྟན་བློ་བཟང་འཇིགས་མེད་རྒྱ་མཚོ། 
སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ད་ལྟ་དཀར་མཛེས་ཁུལ་དུ་བསྟན་འགྲོའི་མཛད་འགན་རྒྱ་ཆེར་བཞེས་ནས་འཚོ་ཞིང་བཞུགས་པ་ལགས་སོ། །

བཀའ་འགྱུར་སྐུ་ཕྲེང་རིམ་བྱོན།
བཀའ་འགྱུར་སྐུ་ཕྲེང་དང་པོ་བློ་བཟང་སྦྱིན་པ། 
སྐུ་ཕྲེང་གཉིས་པ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན། 
སྐུ་ཕྲེང་གསུམ་པ་བསྟན་འཛིན་ལུང་རྟོགས་ནི་ད་ལྟར་མཚོ་ཞིང་བཞུགས་པ་ལགས། 

ཝ་ལུང་ཁྲི་སྤྲུལ་སྐུ་ཕྲེང་རིམ་བྱོན།
དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས། 
སྐུ་ཕྲེང་གཉིས་པ་ཝ་ལུང་ཁྲི་སྤྲུལ། 

ཤག་སྐོར་མཁན་སྤྲུལ་སྐུ་ཕྲེང་རིམ་བྱོན།
ཤག་སྐོར་མཁན་པོ་ཚུལ་ཁྲིམས། 
སྐུ་ཕྲེང་གཉིས་པ་ཤག་སྐོར་མཁན་སྤྲུལ་ཐུབ་བསྟན་དཔལ་ལྡན། 

ཤག་སྐོར་སྐུ་ཕྲེང་རིམ་བྱོན།
ཤག་སྐོར་མཁན་པོ། 
སྐུ་ཕྲེང་གཉིས་པ་ཡེ་ཤེས་དཔལ་ལྡན། 

མཁན་ཆེན་སྐུ་ཕྲེང་རིམ་བྱོན།
བྲག་མགོ་མཁན་ཆེན་བློ་བཟང་དབང་ཕྱུག 
སྐུ་ཕྲེང་གཉིས་པ་བྲག་མགོ་མཁན་སྤྲུལ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན། 
སྐུ་ཕྲེང་གསུམ་པ་བྲག་མགོ་མཁན་སྤྲུལ། 

ཟངས་ར་སྐུ་ཕྲེང་རིམ་བྱོན།
ཟངས་ར་སྐུ་ཕྲེང་དང་པོ་སློབ་དཔོན་ལས་ཁུར་བ་ཧོར་བླ་བློ་བཟང་།
༢ ཟངས་ར་སྐུ་ཕྲེང་གཉིས་པ་བྱམས་པ་ཐུབ་བསྟན།

འབྲུང་ལངས་སྐུ་ཕྲེང་རིམ་བྱིན།
འབྲུག་ལངས་སྐུ་ཕྲེང་དང་པོ། 

གཞིས་ལུས་སྐུ་ཕྲེང་རིམ་བྱོན།
གཞིས་ལུས་སྐུ་ཕྲེང་དང་པོ། 

དགུ་ནང་སྐུ་ཕྲེང་རིམ་བྱོན།
དགུ་ནང་སྐུ་ཕྲེང་དང་པོ། 

མའུ་ཆོས་མཛད། 

སྤང་ནང་སྐུ་ཕྲེང་རིམ་བྱོན།
སྤང་ནང་ཡོངས་ཀྱི་དགེ་བའི་བཤེས་གཉེན་པོ་འཇིགས་མེད་རྒྱ་མཚོ། 
སྤང་ནང་སྐུ་ཕྲེང་གཉིས་པ། 
སྤང་ནང་སྐུ་ཕྲེང་གསུམ་པ། 
སྤང་ནང་སྐུ་ཕྲེང་བཞི་པ་བྱམས་པ་ཚུལ་ཁྲིམས། 

རྡོ་བུམ་སྐུ་ཕྲེང་རིམ་བྱོན།
རྡོ་བུམ་སྐུ་ཕྲེང་དང་པོ་དགེ་བཤེས་སྐལ་བཟང་བསྟན་པ། 
རྡོ་བུམ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་རྒྱལ་མཚན།
རྡོ་བུམ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་འཕེལ་རྒྱས། 

ཆོས་གླིང་སྐུ་ཕྲེང་རིམ་བྱོན།
ཆོས་གླིང་སྤྲུལ་སྐུ་ཕྲེང་དང་པོ་དར་དགོན་དགེ་བཤེས་བློ་བཟང་ཕུན་ཚོགས། 
ཆོས་གླིང་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 
ཆོས་གླིང་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་འཇམ་དབྱངས། 
ཆོས་གླིང་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་ཐུབ་བསྟན་མཁས་གྲུབ། 
ཆོས་གླིང་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་རྣམ་རྒྱལ་བྱང་ཆུབ་རྒྱལ་མཚན། 
ཆོས་གླིང་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་བློ་བཟང་དམ་ཆོས་བསྟན་འཛིན་ཡེ་ཤེས། 

མཁར་གསར་སྐུ་ཕྲེང་རིམ་བྱོན།
༡ མཁར་གསར་སྐུ་ཕྲེང་དང་པོ་བློ་བཟང་མཐུ་སྟོབས་རྒྱ་མཚོ།
༢  མཁར་གསར་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་འབྱོར་ཡོན་ཏན་རྒྱ་མཚོ། 
༣  མཁར་གསར་སྐུ་ཕྲེང་གསུམ་པ་བློ་བཟང་དགེ་ལེགས་ཆོས་ཀྱི་ཉི་མ།
༤  མཁར་གསར་སྐུ་ཕྲེང་བཞི་པ་བློ་བཟང་དགེ་ལེགས་ལུང་རྟོགས་འཕེལ་རྒྱས།

༣  ཁྲི་རབས་རིམ་པར་བྱུང་ཚུལ། 
འཇམ་དགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ་ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ། 
དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་ཁྲི་ཆེན་བྱམས་པ་ཆོས་གྲགས། 
དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ་ཏྲེ་ཧོར་ནག་ཚང་པ་དོན་གྲུབ་རྒྱ་མཚོ་ (ཐོབ་ཁོངས་ཏྲེ་ཧོར་ཡིན)
མཁས་མང་བློ་གླིང་གྲྭ་ཚང་གི་མཁན་རབས་དྲུག་པ་རྒྱུད་སྨད་མཁན་ཟུར་བྱང་རྩེ་ཆོས་རྗེ་སློབ་ཆུང་རབ་འབྱམས་པ་ཏྲེ་ཧོར་བཀྲིས་རྒྱལ་མཚན། 
བློ་གླིང་མཁན་རབས་སོ་ལྔ་པ་ཏྲེ་ཧོར་བློ་བཟང་འཇམ་དཔལ། 
བློ་གླིང་མཁན་རབས་ཞེ་གསུམ་པ་མཁས་པའི་དབང་པོ་ཏྲེ་ཧོར་བློ་བཟང་དགེ་ལེགས། 
བློ་གླིང་མཁན་རབས་ང་བདུན་པ་ཏྲེ་ཧོར་མཁན་ཆེན་བློ་བཟང་དབང་ཕྱུག
བློ་གླིང་མཁན་རབས་རེ་གཅིག་པ་ཏྲེ་ཧོར་བཀྲིས་ནོར་བུ། 
བློ་གླིང་མཁན་རབས་རེ་དགུ་པ་ཏྲེ་ཧོར་དགེ་བཤེས་བློ་བཟང་ཉི་མ། 
རྒྱུད་སྟོད་མཁན་པོ་ཐའི་སེ་བླ་མ་བསོད་ནམས་དར་རྒྱས་ (འཁྲུངས་གསར་སྐུ་ཕྲེང་དང་པོ།) 
རྒྱུད་སྨད་མཁན་ཟུར་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། 
རྒྱུད་སྨད་མཁན་ཟུར་དགེ་བཤེས་བློ་བཟང་སྐལ་ལྡན། 
རྒྱུད་སྨད་མཁན་པོ་དགེ་བའི་བཤེས་གཉེན་ཆེན་པོ་མཐུ་སྟོབས་མགོན་པོ། 
འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་དང་ཇོ་ལྡན་དགོན་གྱི་མཁན་པོ་ས་སྐྱོང་ངག་དབང་གྲགས་པ། 
འབྲས་སྤུངས་སྔགས་པ་མཁན་རབས་བཅོ་བརྒྱད་པ་ཏྲེ་ཧོར་བློ་རྒྱན། (འབྲས་སྤུངས་ཆོས་འབྱུང་༡༡༥) ནང་གསལ། 
ཤག་སྐོར་མཁན་པོ་ཚུལ་ཁྲིམས། 
ཤག་སྐོར་མཁན་པོ། (མཚན་མི་གསལ།) གཞིས་ཀྱི་འབྲས་སྤུངས་ཚོགས་ཆེན་ཁྲི་ཚབ་དགེ་བཤེས་དངོས་གྲུབ་སོགས། དགེ་ལྡན་གསེར་ཁྲི་དང་། རྒྱུད་གྲྭ་སྟོད་སྨད། འབྲས་སྤུངས་ཚོམས་ཆེན། བློ་གླིང་། སྔགས་པ་ཤག་སྐོར་བཅས་ཀྱི་ཆོས་ཁྲིར་དབང་བསྒྱུར་ཏེ་དམ་པའི་ཆོས་ཚུལ་རྒྱ་ཆེར་སྤེལ་ཞིང་འཇམ་མགོན་བླ་མའི་མདོ་སྔགས་ཟུང་འབྲེལ་ཀྱི་བསྟན་པ་རིན་པོ་ཆེ་བླ་ནས་བླ་ན་འདེགས་པའི་ཁྲི་འཛིན་ཡང་ཤིན་ཏུ་མང་པོ་བྱུང་སྣང༌། 

གཞན་ཡང་ཧོར་དཀའ་བཅུ་ནམ་མཁའ་འོད་ཟེར། གོང་ས་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་མཚན་ཞབས་ཚེ་དབང་བསམ་འགྲུབ། སྟག་ཕུ་ཡོངས་འཛིན་མདོ་སྔགས་རབ་འབྱམས་སྨྲ་བ་བློ་བཟང་བསམ་གཏན། བྱ་བྲལ་གྲུབ་པའི་དབང་ཕྱུག་ཏྲེ་ཧོར་སྐྱོར་དཔོན་ཚེ་དབང་ནོར་བུ། བྲག་མགོ་དགེ་བཤེས་བྱ་བྲལ་ཚུལ་ཁྲིམས་ཕུན་ཚོགས། བྲག་དཀར་ཐུགས་སྲས་པཎ་ཌི་ཏ་བློ་བཟང་ཕུན་ཚོགས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་མགོན་པོ། གཉལ་དྲེའུ་ལྷས་ཡོངས་འཛིན་འཇམ་དབྱངས་འོད་ཟེར། ཆོས་རྗེའི་ཡོངས་འཛིན་ངག་དབང་ཆོས་འཕེལ། བྲག་དཀར་ཡོངས་འཛིན་ཡེ་ཤེས་ནོར་བུ། རྩེ་གསུམ་དགེ་བཤེས་ཚེ་དབང་རབ་བརྟན། ལ་འབངས་དགེ་བཤེས་བློ་བཟང་བཀྲིས། བྲག་མགོ་དགེ་བཤེས་འོད་ཟེར་ཉི་མ། གྲུབ་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས། བྲག་མགོ་དགེ་བའི་བཤེས་གཉེན་ཨ་རྟེན། མཁས་པའི་ཁྱུ་མཆོག་རྟའུ་དགེ་བཤེས་ཡ་མ་ཚེ་དཔག རིགས་པའི་དབང་ཕྱུག་ལྷག་པ་དོན་འགྲུབ། ད་ལྟར་གཞིས་སུ་བསྟན་པའི་སྒྲོན་མེ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དོན་གྲུབ། ཟླ་མེད་མཁས་པའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་གྲགས་པ། ཁང་དམར་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་མཐུ་སྟོབས་དར་རྒྱས། གཞུང་ལུགས་རབ་འབྱམས་སྨྲ་བ་དར་དགོན་ལྷ་བུ་དོན་འགྲུབ། བྲག་མགོ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་དགེ་ལེགས། དར་དགོན་དགེ་བཤེས་ལྷ་རམས་རྟ་མགྲིན་མགོན་པོ། དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་གི་མཁན་ཆེན་དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་བཀྲིས། བཀྲིས་དར་རྒྱས་དགོན་གྱི་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་གཅེས། བཀྲིས་དར་དགོན་མཁན་ཟུར་དགེ་བའི་བཤེས་གཉེན་ཆེན་པོ་ཚོགས་ལུ། མཁས་པའི་དབང་པོ་དགེ་བཤེས་ཀརྨ་སོགས་མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་རྒྱ་མཚོ་ལ་མི་འཇིགས་པའི་གདེངས་ཐོབ་ཅིང་། བཤད་སྒྲུབ་འཆད་མཉན་དང་སྒྲུབ་པ་ལྷུར་ལེན་མཛད་པའི་མཁས་གྲུབ་གཉིས་ལྡན་ཀྱི་བསྟན་འཛིན་དམ་པ་ཡང་ཤིན་ཏུ་མང་པོ་བྱུང༌།

དེ་བཞིན་གངས་ཅན་པའི་བསྟན་སྲིད་ལུགས་ཟུང་ལ་གཟིགས་པ་ཡངས་ཤིང་རླབས་པོ་ཆེའི་མཛད་པ་ལ་བརྟེན་ནས་གྲགས་པ་སྙན་པོས་ཕྱོགས་ཀྱི་སྒེག་མའི་རྣ་ལུང་མཛེས་པའི་རླབས་ཆེན་མི་སྣ་ཡང༌། གོང་ས་སྐྱབས་མགོན་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གསོལ་དཔོན་གཞོན་པ་དཀར་མཛེས་ཕྱོགས་ཁ་ཚང་ངག་དབང་ལུང་རྟོགས། རྟའུ་མའུ་ཆོས་མཛོད་ཚེ་རིང་དབང་རྒྱལ། བེ་རི་ཆོས་མཛད་ཚེ་བརྟན། རྟའུ་ཆོས་མཛད་ཐུབ་བསྟན་དཀོན་མཆོག ཁང་སར་དགེ་སློང་པདྨ་རྣམ་རྒྱལ། བོད་མི་དམངས་ཀྱི་སྤྱི་ཟུར་དར་དགོན་ཆོས་མཛད་ཕུན་ཚོགས་དབང་རྒྱལ། སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་ཐད་བསྐོས་སྐུ་ངོ་ཡེ་ཤེས་ཚེ་བརྟན། སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་རྟའུ་ཆོས་མཛད་རིན་ཆེན་ནོར་བུ། བྲག་མགོ་ཆོས་མཛད་བློ་བཟང་དབང་རྒྱལ་སོགས་སྡེ་བཞིའི་སྲིད་ཀྱི་བྱ་བཞག་ལ་གཟིགས་པ་ཡངས་པའི་མཛད་རྗེས་ཅན་དུ་མ་བྱུང་བ་ཡང་མཚན་གཞུང་ཙམ་བཀོད་པ་ལགས་སོ། 

ཁང་ཚན་འདིའི་སྲུང་མའི་གཙོ་བོ།
ཁང་ཚན་འདིའི་སྲུང་མའི་གཙོ་བོ་ནི་འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་རྒྱལ་མོ་ཉིད་ཡིན་ལ། འདིའི་ལོ་རྒྱུས་ཀྱི་ཕུག་ནི་མེ་ལྕེ་འབར་རྒྱུད་ཡིན་ལ། རྒྱལ་དབང་བསོད་ནམས་རྒྱ་མཚོ་སོགས་གསར་རྙིང་མཁས་གྲུབ་དུ་མས་འདིའི་ལོ་རྒྱུས་བྲིས་པ་མང་། ཕྱིས་ལྷ་མོའི་བེམ་བུམ་ཕྱོགས་བསྒྲིགས་བྱས་པའང་ཧ་ཅང་མང་། དེ་དག་གི་སྙིང་པོ་བསྡུས་པའི་ལོ་རྒྱུས་ཕྱོགས་བསྡོམས་ཙམ་ནི་ཁོ་བོས་བྱས་པའི་ཆོས་འབྱུང་གླེགས་བམ་གཉིས་པའི་ནང་གསལ་བས་དེར་གཟིགས་དགོས། སྒོས་སུ་ཁང་ཚན་འདི་ལ་འཕྲིན་ལས་ཀྱི་འཇུག་པ་མྱུར་བའི་གཏམ་རྒྱུད་ཀྱང་དུ་མ་ཡོད། 

གྲྭ་རྒྱུན། 
ཁང་ཚན་འདིའི་གྲྭ་རྒྱུན་ཡོངས་ཁུངས་ནི། བོད་ཆེན་པོའི་ཤར་ཕྱོགས་མདོ་ཁམས་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང་དང་མི་ཉག་ར་བ་སྒང་གི་བར། ཆུ་བཞི་ལས་འབྲི་ཆུ་དང་རྨ་ཆུའི་བར། མདོ་གསུམ་ལས་དར་མདོ་དང་ཆབ་མདོའི་བར། ཤར་རྒྱལ་མོ་རོང་དང་ལྷོ་ཚ་བ་རོང༌། ནུབ་ཀོང་པོ་རོང༌། བྱང་ཨ་སྟ་རོང་སྟེ་རོང་ཆེ་བཞིའི་ནང་ནས། ཚ་རོང་དང་རྒྱལ་རོང་བར། རྒྱ་ཤོད། པ་ཤོད། རྟ་ཤོད། སྔོ་ཤོད། ངག་ཤོད། ནགས་ཤོད། ཏྲེ་ཤོད། རྨེ་ཤོད། རྒྱངས་ཤོད། དེ་ཤོད་བཅུ་ལས་ཏྲེ་ཤོད། བོད་སིལ་བུའི་དུས་རབས་སྐབས་དབྲ་བ་དཔོན་མངའ་འབངས་དང་། ས་སྐྱ་བས་བོད་ཡོངས་རྫོགས་ལ་དབང་བསྒྱུར་བའི་སྐབས་ཧོར་སོགས་དཔོན་རབས་རིམ་བྱུང་གིས་བཟུང་ཞིང༌། དགའ་ལྡན་ཕོ་བྲང་པའི་སྐབས་ཧོར་ནམ་མཁའ་རྒྱལ་མཚན་གྱིས་རྫ་སྟོད་གར་ཡུར་མགོ་ནས། བྲག་མགོ་ཤིང་ཁོག་ཡན་ཆད་དང་། རྟའུ་ཆོ་ལོ་སྣ་ཚུན་ཆད་ལ་དབང་བསྒྱུར་ཤིང༌། དེའི་རྒྱུད་པ་རིམ་བྱུང་གིས་དབང་བསྒྱུར་བྱས་པའི་ཧོར་སེར་ད་ར་ཁག་ལྔ་སྟེ། ཁང་སར། མ་ཟུར། ཏྲེ་བོ། བྲག་མགོ། བེ་རི་བཅས་སུ། ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ་དང་དེའི་སྐུ་ཚ་དབོན་པོ་ངག་དབང་ཕུན་ཚོགས་གཉིས་ཀྱིས་ཕྱག་བཏབ་པའི་དགེ་ལྡན་བཅུ་གསུམ་སྟེ།
༡  དཀར་མཛེས་བཀྲིས་དར་རྒྱས་བཤད་སྒྲུབ་ནོར་བུའི་གླིང༌།
བཀྲིས་དར་རྒྱས་དགོན། 
བེ་རི་འགྲོ་ཕན་གླིང༌། 
བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ།
ལྕོག་རི་དགའ་ལྡན་འཕེལ་རྒྱས་གླིང༌། 
ཁང་དམར།
མཁར་གཉའ་དགོན།
རྟའུ་ཉ་མཚོ་དགོན། 
གླིང་རུ་བཀྲིས་བརྩེ་དགོན། 
༡༠ རྩེ་གསུམ་དགོན།
༡༡ བཀྲིས་བསམ་འགྲུབ་དགོན།
༡༢ བྲག་ལྕོག་དགོན།
༡༣ དགོན་གསར་བཀྲིས་དགའ་ལྡན་ཆོས་འཕེལ་གླིང༌། 
གཞན་ཡང་ལྷ་སའི་ཉེ་འཁོར་གྱི་གྲྭ་རྒྱུན་ཡང་དུ་མ་ཡོད་པ་སྣང་སྟེ། དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ་ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་ཡང་འབྲི་གུང་དུ་འཁྲུངས་པའི་ཉེ་འཁོར་གྲྭ་རྒྱུན་ཡིན་པས་སོ། །གོང་གསལ་ཧོར་སེར་ད་ར་ཁག་ལྔ་དང༌། དགེ་སྡེ་བཅུ་གསུམ་པོ་འདི་དག་ནི་ཉག་རོང་རི་ནང་དཔོན་དགོན་པོ་རྣམ་རྒྱལ་གྱི་དོན་སྐྱོན་ལས་ཧོར་ཉག་གཡུལ་འཁྲུགས་ཀྱི་མཐའ་སྡོམ་ཉག་དམག་མཐའ་བསྐྲད་བཏང་རྗེས། རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ (༡༨༦༣) ལོའི་བོད་ཟླ་བཞི་པའི་ནང་ཧོར་སེར་ད་ར་ཁག་ལྔ་དང་དགོན་སྡེ་བཅུ་གསུམ་གྱི་མི་འཐུས་མཉམ་ཚོགས་ཀྱི་གན་རྒྱ་རྩ་ཆེན་ཞིག་བཞག་པ་དེའི་ནང་། དཔོན་ཁག་ལྔ་དང་དགོན་ཁག་བཅུ་གསུམ་ཀྱི་དམ་ཕྲུག་ཕབ་པའི་འདྲ་བཤུས་གསོན་པོ་ཁོ་བའི་ལག་ཏུ་ཡོད་པས་གྲངས་འདྲེན་འདིར་ཡིད་ཆེས་པར་མཛོད། དུས་ཕྱིས་ལུག་ཐུག་ལྟ་བུའི་ལྐུགས་རྒན་གཞན་དང་གཞན་དག་འགའ་ཞིག་གིས་གང་བྱུང་དུ་བྲིས་འདུག་པ་དང་། གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི་བཙུན་གཟུགས་རྒན་པོ་ཁ་ཅིག་གིས་བཅོས་གཏམ་བཤད་པ་དག་ལ་ཡིད་བརྟེན་བར་མི་བྱའོ།  །

0 མཆན།:

དཔྱད་མཆན་སྤེལ།