2015-03-31

རྫ་དགོན་གསར་དགོན།

          ༄༅། །རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་གི་ལོ་རྒྱུས་འདོར་བསྡུས། །
དེ་ཡང་དགོན་པ་འདི་ཉིད་ཕྱག་འདེབས་པ་པོ་ཧོར་ཆོས་རྗེ་རབ་འབྱམས་ངག་དབང་ཕུན་ཚོགས་འཇམ་དཔལ་ནི། ངག་གི་དབང་ཕྱུག་འཇམ་མགོན་བླ་མའི་བསྟན། །ཕུན་ཚོགས་ཡོན་ཏན་ཀུན་གྱི་འབྱུང་གནས་སུ། །མཐོང་ནས་ལུས་ དང་སྲོག་ལ་མི་ལྟ་བར། །འཛིན་སྐྱོང་སྤེལ་མཛད་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ་ལྟར་རྒྱལ་བ་མ་ལུས་པའི་གསུང་རྡོ་རྗེའི་རང་བཞིན་ངག་གི་དབང་ཕྱུག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལུང་དང་རིག་པ་དྲི་མ་མེད་པའི་སྲེག་བཅད་བརྡར་བའི་གསེར་ལྟར་དག་པར་མཛད་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་གནས་སྐབས་དང་མཐའ་ཐུག་གི་ཕུན་སུམ་ཚོགས་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པའི་བསམ་ པས་ངེས་པ་རྙེད་དེ་མཐོང་བས། ལུས་དང་སྲོག་ལ་མི་ལྟ་བའི་སྙིང་སྟོབས་ཀྱིས་ལུགས་སྲོལ་དེ་ཉིད་འཛིན་སྐྱོང་སྤེལ་བར་མཛད་པའི་བཀའ་དྲིན་མཚུངསམེད་བླ་མ་འདི་ཉིད་ནི། །ཧོར་ནམ་མཁའ་རྒྱལ་མཚན་གྱི་སྲས་སྐུ་མཆེད་དྲུག་གི་ནང་ཚན་ཨུལ་ཆིང་ནོར་ཡོན་ལ་དཔོན་མོ་དགེ་རྩེ་བཟའ་ཞིག་དང་མངའ་འོག་ནས་ཇས་སང་ཞིག་གི་བུ་མོ་དང་གཉིས་ཁབ་ཏུ་སླང་བ་ལས་དགེ་རྩེ་བཟའ་ལ་བླ་མ་འདི་ཉིད་དང་དཔོན་མདོ་མང་བཀྲ་ཤིས་སྐུ་མཆེད་གཉིས་བྱུང་ཞིང་། བླ་མ་འདི་ཉིད་ནི་སྐུ་གཞོན་དུས་ནས་ཡི་གེ་འབྲི་ཀློག་དང་། གཞུང་དང་འདོན་ཆོག་སོགས་ཀྱི་ཐུགས་འཛིན་སོགས་ལ་སྦྱངས་ནས་ཤིང་སྟག་ལོར་འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་མཁན་ཟུར་ཨ་ཁུ་ངག་དབང་དཔལ་བཟང་དབུས་སུ་བྱོན་པ་དང་ལྷན་ཅིག་ཕེབས་ཏེ། དགུང་ལོ་བདུན་པའི་ལོ་འདིའི་ཐོག ༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་ལས་རབ་ཏུ་བྱུང་ཞིང་གཙུག་ཕུད་ཕུལ་ཏེ། མཚན་ངག་དབང་ཕུནཚོགས་འཇམ་དཔལ་ཞེས་བཏགས་ཆོས་འབྲེལ་གཞན་ཡང་ཅི་རིགས་སུ་གསན། གུང་ལོ་བདུན་པ་ལ་འདི་ལྟར་རབ་བྱུང་མཛད་པ་ཉིད་ཀྱི་གསན་ཡིག་ལས་གསལ་བས། བླ་མ་འདིའི་དགུང་སྙིང་ས་སྤྲེལ་ལོ་པ་ཡིན་འདུག སླར་ཡང་མེ་ འབྲུག་གི་ལོ་དབུས་ཕྱོགས་སུ་བྱོན་ཏེ་ཀུན་མཁྱེན་ལྔ་པ་ཆེན་པོ་མཇལ་ཞིང་། དཔལ་ལྡན་འབྲས་སྤུངས་སུ་མཚན་ཉིད་ཀྱི་སྐུ་ཡོན་གསན་སྦྱངས་མཛད་ནས་རེ་ཞིག་བཞུགས། དེའི་རིང་ལ་གཙོ་ཆེར་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། གནས་བརྟན་འཇམ་དབྱངས་གྲགས་པ། པཎ་ཆེན་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་སོགས་དགེ་ ལུགས་ཀྱི་བླ་མ་ཆེ་ཆུང་མང་པོ་དང་། ཞལ་ལུ་མཁན་པོ་རིན་ཆེན་མཆོག་གྲུབ། རྡོ་རྗེ་གྲགས་རིག་འཛིན་པདྨ་འཕྲིན་ལས། གཏེར་སྟོན་གཏེར་བདག་གླིང་པ་སོགས་སར་རྙིང་གི་བླ་མ་མང་པོ་དང་བཅས་པ་ལས་གསང་བདེ་འཇིགས་གསུམ་དགྱེས་རྡོར་ཚེ་དཔག་མེད། ཐུགས་རྗེ་ཆེན་པོ་སོགས་གསར་མའི་ཡི་དམ་མང་པོའི་དབང་དང་། རྗེས་གནང་སྤྱི་བཀའ་དང་ཟུར་བཀའི་རིགས། རྙིང་ལུགས་བཀའ་གཏེར་གྱི་དབང་རྗེས་གནང་མང་པོ་དང་། ཁྱད་པར་རྒྱལ་དབང་མཆོག་གི་དག་སྣང་སྐོར་གྱི་དབང་དང་རྗེས་གནང་ཡོངས་སུ་རྫོགས་པ། དེ་དག་དང་འབྲེལ་བའི་ལུང་རྒྱུན་གྱི་རིམ་པ་དང་། མདོ་སྔགས་གཉིས་ཀའི་གཞུང་བཤད། ལམ་རིམ་དང་བློ་སྦྱོང་སོགས་ཀྱི་སྐོར། བསྐྱེད་རྫོགས་ཀྱི་སྐོར། ཆོས་སྐྱོང་རྣམས་ཀྱི་སྐོར་ལ་སོགས་པའི་ལུང་དང་ཁྲིད་ཀྱི་རྒྱུན་མང་པོ་དང་། ས་ལུག་ལོར་དཔལ་ལྡན་འབྲས་སྤུངས་སུ་སྔགས་རམ་པ་ལེགས་འབྱོར་གྱི་དྲུང་དུ་རྡོ་རྗེ་འཕྲེང་བ་དང་། མི་ཏྲ་བརྒྱ་རྩའི་དབང་ཡོངས་སུ་རྫོགས་པ་གསན་ཅིང་། སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོ་དང་། འཕྱོངས་རྒྱས་བླ་མཁྱེན་ངག་ དབང་། འདར་པ་ལོ་ཙཱ་བ་སོགས་ལས་རྩིས་དཀར་ནག་སྨན་ཡིག་སྐོར་སོགས་དང་འབྲེལ་བའི་དབང་ལུང་གི་རིགས་མང་པོ་དེ་དག་བོད་དུ་བཞུགས་པའི་ཚེ་སྔ་ཕྱི་ཅི་རིགས་སུ་གསན་པར་མཛད། གསན་ཡིག་ནང་མ་ཚང་བས་ཐུགས་རྫོགས་གང་ལས་བཞེས་ངེས་ངེས་མ་ཤེས་ཀྱང་དགུང་ལོའི་ཚད་སོགས་ཀྱིས་པཎ་ཆེན་བློ་བཟང་ཡེ་ཤེས་ལས་གསན་པ་ཡིན་ནམ་སྙམ། གང་ལྟར་ཁས་སླངས་པའི་ཚུལ་ཁྲིམས་རྣམས་རྣམ་པར་དག་པ་ཞིག་མཛད་པ་ཡིན་འདུག་སྟེ། དེང་སང་གི་བར་དུ་བཞུགས་པའི་ན་བཟའ་དང་། དབུ་སྐྲ་སོགས་ལ་ཡང་ཚུལ་ཁྲིམས་ཀྱི་དྲི་ངད་ཕུན་སུམ་ཚོགས་པ་ཐམས་ཅད་ལ་མཐུན་སྣང་དུ་བཞུགས་པ་ཡིན་ནོ། ཞེས་དབྱངས་ཅན་སྙེམས་པའི་ལང་ཚོས་གསུངས། མདོ་སྨད་ཀྱི་ལྗོངས་འདིར་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་དབང་ལུང་ཁྲིད་མན་ངག་སོགས་ཀྱིས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལུགས་སྲོལ་དར་རྒྱས་ཡུན་རིང་དུ་གནས་པའི་འཕྲིན་ལས་ཕྱོགས་མཐར་སྤེལ་བར་མཛད། ཁུ་བོ་ཆོས་རྗེ་དཀའ་བཅུ་ ངག་དབང་ཕུན་ཚོགས་ཞི་བར་གཤེགས་རྗེས། ཧོར་ཁག་བཞི་སོ་སོར་གྱེས་པས། ཨུལ་ཆིང་ནོ་ཡོན་ཕ་བུ་རྣམས་ཏྲེ་བོ་ཕྱོགས་ཀྱི་བདག་པོ་གྱུར་པ་ལས། དེ་ནས་ཀྱང་ཐུགས་ནང་མ་གཤིམས་པ་ཞིག་བྱུང་བའི་རྐྱེན་གྱིས་ཆོས་རྗེ་རིན་པོ་ཆེ་འདི་ཉིད་དང་། དཔོན་མདོ་མང་བཀྲ་ཤིས་སྐུ་མཆེད་རྫ་ཁོག་ཏུ་རྟེན་ཆགས་ནས། རིགས་དྲུག་གྲོང་ཞེས་པའི་ས་ཆར་གྲོང་པ་ཆུང་ངུ་ཞིག་གི་དབུས་སུ་ལྷ་ཁང་ཆུང་ངུ་རྟེན་གསུམ་སོགས་ཕྲན་བུ་ཡོད་པའི་གནས་སུ། ས་དཔྱོད་ལེགས་པ་དང་། སྔོན་ཀུན་མཁྱེན་ལྔ་པ་ཆེན་པོས༑ དཔལ་འཁོར་ལོ་སྡོམ་པའི་གནས་ཡིན་པ་དང་། དགོན་གསར་ཞིག་ཆགས་ན་ལེགས་པའི་ལུང་སྟོན་ཡོད་པ་ལྟར། ཕྱི་ལོ་༡༧༡༤ལོར་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་གི་གནས་གཞི་འདི་ཉིད་གསར་དུ་བསྐྲུན་པར་མཛད། དགེ་འདུན་ཡང་ལྔ་བརྒྱ་ཙམ་འདུ་བ་བྱུང་ཞིང། དགེ་སློང་རྣམས་ལ་ཆོས་གོས་རྣམ་གསུམ་འདིང་བ་ སོགས་དང་། གྲྭ་རིགས་ཡོངས་རྫོགས་ལ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཚུལ་དང་ མཐུན་པ་དང་། ཟླ་རེ་བཞིན་གྱི་ཡར་མར་གྱི་གསོ་སྦྱོང་དང་དབྱར་གནས་དགག་ དབྱེ་སྟེ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ། དབུས་གཙང་གི་དགེ་ལུགས་གྲྭ་ ཚང་ཚུལ་ལྡན་རྣམས་ལ་འགྲན་བཟོད་པ་འཛུག་བར་མཛོད་ཅིང་། ཁྱད་པར་རྒྱལ་མཆོག་གོང་མ་ངག་དབང་བློ་བཟང་རྒྱ་མཚོའི་དགོངས་རྫོགས་སུ། ཧོར་ཟླ་གཉིས་པ་སྐོར་ལ་མ་ཎི་རིལ་སྒྲུབ་ཀྱི་ཉིན་ཚོགས་ལྔ་བཅུ། དམ་པ་དེ་ཉིད་ཞི་བར་གཤེགས་པའི་དུས་ཚེས་ཟླ་བ་གཉིས་པའི་ཉེར་ལྔ་ལ་མཆོད་པ་རྒྱ་ཆེན་པོ་དང་འབྲེལ་བའི་ཕྱག་མཆོད་ཡན་ལག་བདུན་པ་སོགས་མཆོད་འབུལ་བྱེད་རྒྱུ་དང་། ཟླ་རེ་བཞིན་ཉིན་ཚོགས་མང་ཉུང་ཅི་རིགས་པའི་བཟང་སྤྱོད། སྨན་བླ། ཆོས་སྤྱོད་ཀྱི་བསྐོར་དང་། ཡི་དམ་གྱི་སྒྲུབ་མཆོད། ཆོས་སྐྱོང་རྣམས་ཀྱི་གསོལ་ཀ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་སྟོན་སོགས་མདོར་ན་མདོ་སྔགས་ཟུང་འབྲེལ་གྱི་ལུགས་སྲོལ་འཛིན་པའི་གྲྭ་ཚང་ཚད་མར་གྱུར་པ་མཛད། ༈ དེ་ཡང་མ་ཎི་གཉེར་ཆེན་དྲུག་གིས་ཉིན་བརྒྱད་རེ་དང་གཉེར་ཆུང་དྲུག་གིས་ཉིན་གཉིས་རེ་བཅས་ཕྱིས་སུ་བསྡོམས་ཉིན་ཚོགས་དྲུག་ཅུ་དང་༑ མ་ཎིའི་ཚེར་ཉིན་རེ་ཞོགས་དང་ཆོས་ཉིན་ཆོས་དགོང་ཆོས་བཅས་ཐེངས་གསུམ་རེ་དང་། དེའི་རིང་ལ་རྩོད་རྒྱུགས་དང་རྩིས་བཞག་ཚོགས་ལངས་སོགས་ཀྱང་ཚད་ལྡན་ཡོད།མ་ཎིའི་རྗེས་ལ་འདས་མཆོད་ཧོར་ཟླ་ལྔ་པའི་ཚེས་བཅུ་ནས་བཅོ་ལྔའི་བར་ཉིན་ལྔ། ༈ འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་འཇུག་ལ། ས་ཆོག་གམ་སྡུལ་ཚོན་དཀྱིལ་འཁོར་བཞེང་པར་ཉིན་ལྔ་དང་དངོས་གཞི་ཉིན་བཅོ་བརྒྱད། ༈ བདེ་མཆོག་གི་ཆོ་ག་ཉིན་གསུམ། དཀྱིལ་འཁོར་རས་བྲིས་ཡིན། ༈ བོད་ཟླ་དྲུག་པའི་ཚེས་གསུམ་བཞི་ལྔ་བཅས་ཉིན་གསུམ་ལ་འཇིགས་བྱེད་དང་འབྲེལ་བའི་རབ་གནས་དགེ་ལེགས་ཆར་འབེབ་ཚོགས་རྒྱུ། ༈ དྲུག་པའི་ཚེས་བདུན་ཉིན་ཨ་མྱེ་ཀུ་ར་ཞེས་པའི་རི་མགོར་རྒྱག་བརྔན་ལྷ་བསངས་དང་འབྲེལ་སྐྱོ་སངས་ཉིན་གཉིས། ༈ དྲུག་པའི་ཚེས་བཅུ་ནས་དབུ་འཛུགས་ནས་དབྱར་གསོ་ཞེས་པ་བསྐང་གསོ་ཉིན་ཚོགས་བདུན་ལ། རྟ་དབྱངས་དང་། རྔ་རོལ་མོ་དུང་རྒྱ་གླིང་སོགས་རྒྱས་པ་ཡོད། ༈ དྲུག་པའི་ཚེས་བཅུ་བདུན་ནས་སྨྱུང་གནས་བླ་བྲང་ནས་ཉིན་གཉིས་དང་སྤྱི་པས་ཉིན་གཉིས། ༈    དབྱར་བདག་པ་གནས་བརྟན་བཅུ་དྲུག་གི་མཚོན་བྱེད་དུ། དགེ་འདུན་པ་བཅུ་དྲུག་ཡོད། དབྱར་སྔ་མ་དང་དགག་དབྱེ་སོགས་སྤྱི་མཚུངས་ལྟར་ཡིན། ༈ བོད་ཟླ་བརྒྱད་པའི་ནང་ཀུན་རིག་རྣམ་པ་སྣང་མཛད་ཀྱི་ས་ཆོག་སོགས་ཉིན་ལྔ་དང་སྒྲུབ་མཆོད་ཉིན་བཅོ་བརྒྱད་དེ་ནས་བར་སྟོང་ཡིན། སྟོན་ཆོས་ཉིན་ལྔ། ༈ དགུ་པའི་ ཚེས་ཉེར་གཉིས་ནས་བླ་བྲང་གིས་ལྷ་མོའི་སྒྲུབ་པ་ཉིན་བདུན་དང་སྦྱིན་བསྲེག ཚེ་སྐྱོབས་བཅས་བཅུ་པའི་ཚེས་གཅིག་ཉིན་མར་གྲོལ་ཡིན། དེ་ལ་དགེ་བསྐོས་ནས་ འདེམ་སྒྲུག་ཀྱིས་གཏོང་བ་ལས་གྲྭ་བྱིང་ཚོགས་མི་དགོས། ༈ དེ་ནས་སྨན་བླ་ཉིན་ཚོགས་གསུམ། ༈ བཅུ་པའི་ཚེས་ཉེར་གཅིག་ནས་ལྔ་མཆོད་ཆོས་རྒྱལ་གྱིས་སྒོ་ནས་དགུ་སྒྲུབ་འཆམ་དང་གཏོར་རྒྱག་རྣམས་ཡོད། ༈ བོད་ཟླ་བཅུ་གཅིག་པའི་ཚེས་གཉིས་ ནས་སྤྱི་གཏོར་ཉིན་བཅོ་བརྒྱད། ཉིན་ལྟར་སྤྱན་རས་གཟིགས་བདག་བསྐྱེད་ཆད་མེད་དང་། བླ་ཆེན་ཁག་ལས་ཕྱག་མོ་གཟིགས་སུ་ཞུས་ནས་དགོན་པའི་ཞབས་རིམ་སྒྲུབ་རྒྱུ་དང་། དེའི་རིང་བློ་འཛིན་བྱེད་མཁན་གསར་བུ་བ་རྣམས་མ་གཏོགས་གཞན་རྣམས་ཉིན་རེ་ཆོས་ར་ཐེངས་གསུམ་ཚོགས་ཀྱིན་ཡོད། ༈ བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ནས་ཉིན་ལྔ་ལ་བཀའ་འགྱུར་དང་བསྟན་འགྱུར་ཚོགས་རྒྱུ། སྦྱིན་བདག་བླ་བྲང་ཡིན།༈ ཚེས་ཉེར་གསུམ་ནས་ལོ་གསར་ཞེས་པའི་ཚོགས་ཉིན་བདུན་གྲྭ་མང་ནས་བསྐང་གསོ་དང་། མཆོད་དཔོན་གཡོག་གཙོས་དགེ་འདུན་པ་བཅོ་ལྔ་ཙམ་གྱིས་ལྷ་མོའི་ཟོར་སྒྲུབ་དང་། གཞན་ཡངའཆམ། གཏོར་རྒྱག་སོགས་ཡོད། ༈ སྨོན་ལམ་བོད་ཟླ་དང་པོའི་ཚེས་གཉིས་ནས་བཅོ་ལྔ་བར་དང་ཚེས་བཅུ་བཞི་ཉིན་དགོང་ཚིག་གྲོལ་ནས་གནང་ཆེན་དང་བཅོ་ལྔ་ཉིན་བྱམས་པའི་ཆོས་བསྐོར་ཡིན། ༈ བོད་ཟླ་དང་པོའི་ཚེས་ཉེར་གཅིག་ ནས་ཉེར་དགུ་བར་ལྕགས་མཁར་གཏོར་སྒྲུབ་ལ་བརྙེན་ཆེན་པ་རྣམས་དང་། མཆོད་དཔོན༑ མཆོད་གཡོག་གཅིག་བཅས་ཀྱིས་བསྒྲུབ་དགོས་སོ།། །། 

༈ སྐུ་གསུང་ཐུགགས་རྟེན་ལ། འདུ་ཁང་ནང་གི་རྟེན་གྱི་གཙོ་བོ་༸རྒྱལ་བ་ལྔ་པའི་སྐུ་བརྙན་དང་། ཧོར་ཆོས་རྗེ་སྐུ་འཕྲེང་ལྔ་པའི་སྐུ་བརྙན། རྗེ་རིན་པོ་ཆེ། ཚེ་དཔག་མེད། སྤྱན་རས་ གཟིགས། གནས་གཏན་བཅུ་དྲུག་སོགས་བཞུགས་ཡོད། ༈ ལམ་རིམ་ཁང་དུ། རྟེན་གཙོ་ཨེ་པ་ལྷ་བཟོས་བཞེས་པའི་ཐུབ་དབང་དང། རྨད་བྱུང་བསྐལ་པའི་སྐུ་ བརྙན་ཆ་ཚང་། སེང་གདོང་མ་གཙོ་འཁོར་གསུམ་སོགས་བཞུགས། གསུང་རྟེན་དུ་ བཀའ་འགྱུར་དང། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་བཞུགས། ༈ ལྷ་ཆེན་ཁང་དུ་རྟེན་གཙོ་ཐུབ་དབང་གངས་ལ་ཉི་ཤར་ཞེས་པ་མི་ཚད་ཙམ་དང་། སངས་རྒྱས་རབས་བདུན་ཆེ་ཚད་བརྩེགས་ཐུག་མ་གསེར་བ་ཀོའི་འཐུག་ཚད་ཙམ་ ཞེས་ཡོད་པར་བཤད་གསོལ་ཡོད། གོས་སྐུ་དར་འཐག་ལས་གྲུབ་པའི་སྟོན་པའི་སྐུ་ ཐོག་བརྩེགས་བཞི་ཅན་ཞིག་ཀྱང་བཞུགས།གཞན་ཡང་༸རྒྱལ་བའི་བཀའ་འགྱུར་ རིན་པོ་ཆེ་ཚར་བཞི་ཅུ་ཙམ་དང་མང་ཆེ་བ་ཤོག་ནག་གསེར་བྲིས་དངུལ་བྲིས་ཡིན། ༈ བྱམས་ཁང་ནང་དུ། རྟེན་གཙོ་༸རྒྱལ་བ་བྱམས་པའི་སྐུ་ཐོག་བརྩེགས་བཞི་ཙམ་ཅན་ དང་། བྱམས་པའི་གཡས་ཀྱི་ཁ་ཤར་བལྟས་དཔལ་ལྡན་ལྷ་མོ་དྲེའུ་ཆིབས་མ་ཐོག་ བརྩེགས་གཉིས་ཙམ་ཅན་གདོང་ཅན་གཉིས་དང་བཅས་པ་། གཡོན་ཕྱོགས་སུ་སྟོན་ པ་ལོངས་སྐུའི་ཆ་བྱེད་ཅན་སྐུ་མི་ཚད་ཙམ་དང་། འཇིགས་བྱེད་ཞལ་གཅིག་ཕྱག་ གཉིས་ཅན་བྱམས་མགོན་ལྟར་ཞལ་ལྷོར་སྟོན་དང་། ཆོས་རྒྱལ་ཕྱི་སྒྲུབ་ཞལ་ནུབ་སྟོན། མདུན་གྱི་གཡས་ཕྱོགས་མགོན་པོ་ཕྱག་དྲུག་དང་། གཡོན་ཕྱོགས་ལ་མགོན་པོ་ཞལ་བཞི་ཞལ་བྱམས་མགོན་ལ་ཡར་ཕྱོགས་པ་ཚང་མ་ཐོག་བརྩེགས་གཉིས་ཅན་ཡིན། ཐོག་བརྩེགས་གཉིས་པར་རིག་དྲུག་གྲོང་གི་རྟེན་ཞེས་རྗེ་རིན་པོ་ཆེའི་སྐུ་མི་ཚད་ཙམ་ བཞུགས། ༈ ཇོ་ཁང་ནང་དུ་རྟེན་གཙོ་སྟོན་པ་མི་ལུས་ཆེ་བ་ཙམ་དང་། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་དང་ཙིའུ་དམར་གྱི་སྐུ་མི་ཚད་ཙམ། གཞན་ཡང་གསེར་སྐུ་འདྲ་མིན་བརྒྱ་མ་ཟིན་ཙམ་བཞུགས་ཡོད། ༈ གསེར་གདུང་ཁང་དུ་གསེར་ཟངས་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་བརྩེགས་ཐུག་མ་དང་། ཐུབ་དབང་བརྟག་ངེས་མ་དང་བཀྲ་ཤིས་དོ་ཧ་མ་སོགས་འཛམ་གླིང་ན་དཀོན་པའི་སྐུ་ བརྙན་རྣམས་གཙོས་སྐུ་ཆེ་ཆུང་འདྲ་མིན་བརྒྱ་ལྷག་བཞུགས་ཡོད། ༈ རྟ་མགྲིན་ཁང་དུ་རྟེན་གཙོ་རྟ་མགྲིན་དང།སློབ་དཔོན་གྱི་སྐུ་མི་ཚད་ཙམ་དང་། སྣང་སྲས་བང་མཛོད་ཞེས་པའི་ནང་རིན་བྲལ་གྱི་ཞལ་ཐང་བརྒྱ་ཕྲག་བཞུགས་ཡོད། མཚན་གཟིམ་ཁང་ངམ་གཟིམ་ཆུང་འོག་མར་ཆོས་སྐྱོང་རྣམས་ཀྱི་སྐུ་ཁྲི་གང་ཙམ་ཅན་ཆ་ཚང་བཞུགས་ཡོད། ༈ ལྷ་མོ་ཁང་དུ་རྟེན་གཙོ་ལྷ་མོ་དྲེའུ་ཞལ་ཕྱིར་གཟིགས་མ་མི་ཚད་ཙམ་བཞུགས་པ་དེས་ཆོས་རྗེ་སྐུ་འཕྲེང་ཞིག་འཁྲུངས་པ་ལ་ཕྱིར་གཟིགས་པ་རེད་ཞེས་པའི་ལོ་རྒྱུས་ཡོད། དུས་བཞིའི་ལྷ་མོ། གདོང་ཅན་གཉིས་མགོན་པོ་ཆོས་རྒྱལ་རྣམ་སྲས་སོགས་ཀྱི་སྐུ་མི་ཚད་ཙམ་ཡོད། གཞན་ཡང་འཇིགས་བྱེད་སྐུ་ཐང་བརྩེགས་ཐུག་མ་བྱིན་བརླབ་ཅན་སོགས་བཞུགས། ༈ ལྷ་ཁང་གསར་པའི་ནང་དུ་སྟོན་པའི་སྐུ་ཐོག་བརྩེགས་གཉིས་ཅན་དང་། རྗེ་ཡབ་སྲས་གསུམ་གྱི་སྐུ་མི་ཚད་ལས་ལྷག་དང་། གདུགས་དཀར་དང་ཡུམ་ཆེན་མོ་སེང་གདོང་མ་བཅས་མི་ཡར་ལངས་པ་ཙམ་སོགས་བཞུགས་སོ། ༈ དུས་འགྱུར་བྱུང་སྐབས་སྐུ་ཆེ་བ་ཕལ་ཆེ་ཞིག་རལ་སོང་ཡང་ཕྱིས་སུ་ཉམ་གསོ་དང་། ཕྱག་ལེན་གནང་སྟངས་རྣམས་ཕལ་ཆེ་བ་ད་ལྟ་རྒྱུན་འཛིན་བྱེད་བཞིན་ཡོད། ལྷག་པར་དེང་དུས་སུ་ཧོར་ཆོས་རྗེ་བསྟན་འཛིན་བློ་བཟང་དམ་ཆོས་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་དང་། དགེ་བཤེས་བློ་བཟང་བདེ་ཆེན་རྣམ་གཉིས་ཀྱིས་ཐུགས་ཁུར་གཙོ་བཞེས་ཐོག རྫ་ཡས་དགོན་གཉིས་ཀྱིས་ཕྱ་བ་གྲུ་འདེབས་ཀྱིས་ འདུ་ཁང་དང་གྲྭ་ཤག་གསར་རྒྱག་བྱས་དང་བྱེད་བཞིན་ཡོད་པ་བཅས་སོ།། །།

0 མཆན།:

དཔྱད་མཆན་སྤེལ།