2015-03-31

ལྷ་རྩེ་དགོན།

མཚན་རྒྱས་པར། ལྷ་རྩེ་ཆོས་སྡེ་དགའ་ལྡན་འོག་མིན་གླིང་ཞེས་ཞུ། འདར་གྲང་མོ་ཆེ་ནས་སྤྱི་ལེ་༡༡ཙམ་ལྷ་རྩེ་རྫོང་ཤུལ་རྙིང་པར་སོང་ན་རྫོང་ཆགས་ཡུལ་གྱི་འདབས་སུ་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་རྒྱལ་བ་ལྔ་པའི་དུས་འཕྱོངས་རྒྱས་པ་ཞིག་ལྷ་རྩེའི་རྫོང་དཔོན་དུ་ཕེབས་སྐབས་གནས་དེར་ཆོས་སྡེ་ཞིག་འདེབས་པར་དགོངས་ཏེ་རྒྱལ་བ་ལྔ་པར་སྙན་ཞུས་དེ་ལྟར་ཆོག་པའི་ཕྱག་རྟགས་ཕེབས་སྟབས་ཆོས་སྡེ་དེ་ཉིད་བཏབ་གནང་མཛད། ཐོག་མར་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་ལུགས་ལྟར་ཕྱག་ལེན་

[page 124] མཛད་པ་དང་མཁན་ཐོག་བདུན་ཙམ་བདེ་ཡངས་གྲྭ་ཚང་ནས་ཕེབས་པ་ཡིན་དེ་རྗེས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་བསྙེན་རྫོགས་མཁན་པོ་པཎ་ཆེན་བསྟན་པའི་ཉི་མར་ལྷ་ངམ་ཆོས་གསུམ་སྟེ་ལྷ་རྩེ་ཆོས་སྡེ་དང་། ངམ་རིང་ཆོས་སྡེ། ཕུན་ཚོགས་གླིང་ཆོས་སྡེ་བཅས་ཕུལ་གནང་བས་དེ་ནས་བཟུང་བཀྲ་ཤིས་ལྷུན་པོའི་ཁོངས་སུ་གཏོགས་པ་ཡིན། གཞན་ཡང་དགོན་དེར་གྲུབ་དབང་ཡེ་ཤེས་སྙིང་པོ་དང་། གྲུབདབང་ཡེ་ཤེས་ཆོས་འཕེལ། རྗེ་བཙུན་བསྟན་འཛིན་ཡེ་ཤེས། ད་ལྟ་འཚོ་བཞུགས་གྲུབ་དབང་རྗེ་བཙུན་བསྟན་འཛིན་རྒྱལ་མཚན་བར་སྐུ་ཕྲེང་། རིམ་པར་བྱོན། སྔོན་འདུ་ཁང་ཀ་བ་༢༨ཀྱི་གཙང་ཁང་སྦུག་མར་ཐུབ་པ་ཉན་དང་བཅས་པ་ལ་ཉེ་སྲས་བརྒྱད་ཀྱིས་སྐོར་བ། འདུ་ཁང་ནང་སྨན་བླའི་བློས་བསླངས་དཀྱིལ་འཁོར་གསེར་ཟངས་ལས་གྲུབ་པ། དེའི་ནང་བདེ་གཤེགས་བརྒྱད་ཀྱི་སྐུ་བརྙན་ནི་སྨན་གྱི་རྒྱལ་པོ་དངུལ་དཀར་དང་དེ་བྱིངས་ལི་དམར་ལས་གྲུབ་པ། དཀྱིལ་འཁོར་དེ་བཞེངས་བསྒྲུབས་རྗེས་རྒྱལ་བ་ལྔ་པ་རབ་གནས་ལ་གདན་འདྲེན་ཞུས་པར་“ང་འོང་མི་ཐུབ། ངས་དམིགས་པ་བྱས་འོང་”ཞེས་གསུངས་པས་དུས་བཀཀ་ལྟར་དེ་ཉིན་ཆོས་འབྲུ་བབས་པའི་ལུ་རྒྱུས་ཀྱང་ཡོད། ཡང་སྟེང་ཤར་ངོས་སུ་མཁན་པོ་རིམ་བྱོན་གྱི་གདུང་རྟེན་ལྷ་ཁང་དང་། ནུབ་ཏུ་ཙོང་ཁ་བརྒྱད་བཅུ། སྐུ་རྒྱུ་ཙན་དན་ལས་གྲུབ་པའི་གྲུབ་ཆེན་བརྒྱད་བཅུ། བྱང་ངོས་སུ་བཀའ་འགྱུར་པར་མ་གྲངས་༡༣ཙམ། བྱམས་ཁང་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་གསུམ་ཐོག་ཅན། གཞན་ཡང་གཟིམ་ཆུང་དང་བཅས་པར་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་དུས་འགྱུར་གོང་དགེ་འདུན་ལྔ་བརྒྱ་སྐོར་གྱིས་རི་བོ་དགེ་ལྡན་ལུགས་ཀྱི་བཤད་གྲུབ་གཉིས་ལྡན་ཕྱག་ལེན་གནང་བ་ཡིན་ལ་ལོ་ལྟར་བོད་ཟླ་༡ཚེས་༡༥བྱམས་པ་ཆོས་འཁོར་ཞེས་བྱམས་པ་གླིང་སྐོར་ལ་གདན་འདྲེན་པ་དང་། གོས་སྐུ་འགྲེམས་ཞལ་དབྱེ་བ་བཅས་ཡིན།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་རྟེན་གསུམ་གྱི་[page 125] སྐུ་ཚབ་གསར་བཞེངས་གནང་བ་དང་ལྟེབས་རིས་རྙིང་པ་དཔག་བསམ་ཁྲི་ཤིང་སོགས་མཇལ་རྒྱུ་ཡོད།

ལྷ་རྩེ་རྫོང་ཆགས་ཡུལ་གྱི་རི་ནི་མདུན་ངོས་མོ་བྲག་སྟེ་གཡམ་རི་དང་། རྒྱབ་ངོས་ཕོ་བྲག་སྟེ་བྲག་རི་ཡིན་པས་བདེ་མཆོག་ཡབ་ཡུམ་ཞལ་སྦྱོར་གྱི་ཚུལ་དང་། རྩེ་མོ་རྫོང་མཁར་གྱི་དབུས་སུ་འགྲོ་མགོན་ཆོས་འཕགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་གསེར་བྲིས། རི་བོའི་ཤར་དུ་པོ་ཏ་ལ་དང་། ལྷོ་རུ་གུ་རུ་ཕུག་ ནུབ་ཏུ་གཡུ་ལོ་བཀོད། བྱང་དུ་གྷ་ཡ་དྷ་ར་ཞེས་པར་གྷ་ཡ་དྷ་རའི་སྐུ་སྨར་གདུང་བཞུགས་པ། ལྷ་རྩེ་ཞེས་པ་ནི་ལྷ་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་ཡིན་པས་མཚན་དེ་ལྟར་ཐོགས་པ་ཡིན་ཞེས་ཟེར།(ད་ལྟ་བྱང་གི་ལྷ་ཁང་ཉམས་གསོ་གནང་ཡོད།)

ཡང་དགོན་དེ་ནས་ཤར་ངོས་སུ་སྤྱི་ལོ་ལྔ་ཙམ་སོང་ན་རུ་གནོན་གྱི་གཙུག་ལག་ཁང་གྲུམ་པ་གྱང་དགོན་ཞེས་པ་དང་། མརྫེས་པ་དགོན། ཆུ་བྱང་ངོས་སུ་གཡུ་བྲལ་ཕོ་དགོན་མོ་དགོན་ཞེས་པ། བྱེ་མ་ཤིང་གི་ལྷ་ཁང་། བཙན་པོའི་བང་སོ་བཅས་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད།

0 མཆན།:

དཔྱད་མཆན་སྤེལ།