2015-03-31

དར་རྒྱས་དགོན།

དང་པོ། དགོན་པའི་ཆགས་ཡུལ་དང་བཏབ་པའི་ལོ་རྒྱུས།
དེ་ཡང་མདོ་ཁམས་སྨད་ཀྱི་ལྟེ་བ་ཏྲེ་ཤོད་དམ་ཏྲེ་བོ་ཧོར་དུ་གྲགས་པའི་སའི་ཆ་རུ་གཏོགས་པའི་མཁར་སྒང་རིན་ཆེན་ས་ལེ་སྦྲམ་གྱི་ནོར་བུའི་བུམ་བཟང་ཐོག་བརྗིད་ཀྱིས་ཆགས་པའི་མདོ་སྨད་བསྟན་པའི་མཛེས་རྒྱན་བཀྲ་ཤིས་དར་རྒྱས་དགོན་ནི་བོད་རབ་བྱུང་བཅུ་གཅིག་པ་ཆུ་སྟག་སྟེ་སྤྱི་ལོ་1662ལོའི་ཡས་མས་སུ་རྒྱལ་དབང་ལྔ་པ་ཆེན་པོའི་དངོས་སློབ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་ཅིང་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་རོང་པ་ཚའི་འདམ་མ་ཤང་དང་བྱེ་གསེར་ཤང་། མཁར་སྒང་ཤང་། རི་མགོ་ཤང་བཅས་ཀྱི་ཕྱོགས་སུ་གཏོགས། ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་ཁ་ཤས་སུ་བོད་རབ་བྱུང་དགུ་པའི་ས་སྤྲེལ་ཏེ་སྤྱི་ལོ་1548 ལོར་རྗེ་དྲུང་ཤེས་རབ་དབང་པོས་ཁམས་དར་རྒྱས་དགོན་ཕྱག་འདེབས་མཛད་ཅེས་བཀོད་པ་དགོན་པ་འདིའི་བཏབ་ལོ་རུ་ངོས་འཛིན་པ་ནི་མ་དག་པ་སྟེ་རྗེ་དྲུང་ཞེས་པ་ནི་ཆབ་མདོ་དགོན་ཆེན་གྱི་མཁན་པོ་མཛད་མྱོང་བའི་ཤེས་རབ་དབང་པོའི་གོ་སའི་མིང་ལས་བྱུང་བ་དང་ཁོང་གིས་མཁན་པོའི་འགན་རྫོགས་རྗེས་ཡུལ་དེའི་ཁོང་གཏོགས་སུ་དར་རྒྱས་དགོན་བྱ་བ་ཞིག་བཏབ་ཀྱང་དགོན་དེའི་གཞི་རྒྱ་དང་གྲྭ་གྲངས་གང་གི་ཆ་ནས་བཀྲ་ཤིས་དར་རྒྱས་དགོན་ལས་ཞན་པ་ཡིག་ཆ་སྣ་ཚོགས་སུ་གསལ་ཞིང་། དེ་གཉིས་འཁྲུལ་རྐྱེན་ནི་བོད་ཀྱི་སྲོལ་རྒྱུན་དང་ད་ལྟའི་ས་རྒྱུས་རིག་པའི་ཁྲོད་ཡུལ་ཁམས་སྤྱིའི་དབྱེ་ཕྱོགས་སུ་མདོ་དབུས་ཁམས་གསུམ་དང་ལྷག་པར་དུ་མདོ་སྟོད་མདོ་སྨད། མདོ་ཁམས་སྟོད་སྨད། ཁམས་སྟོད་ཁམས་སྨད་སོགས་ལ་གཅིག་གྱུར་གྱི་འབྱེད་སྟངས་གསལ་ལ་ཞིབ་པ་ས་ཁྲའི་རི་མོ་དང་བཅས་པ་ཞིག་མ་མཆིས་པས་ལན་པར་འདོད། ལོ་རྒྱུས་ཡིག་ཆ་ཁ་ཤས་ནང་དར་རྒྱས་དགོན་འདི་ཐོགས་མར་ཆགས་ས་ནི་རོང་པ་ཚའི་ཉེ་འདབས་ཀྱི་ས་གཞན་ཞིག་ཡིན་ཀྱང་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ས་དེའི་དཔྱད་མ་ལེགས་པ་མཐོང་ནས་སྤྱི་ལོ་1662ལོར་ད་ལྟའི་གནས་འདི་རུ་སྤོས་པར་བཞེད་ཀྱང་དགོན་པ་རང་སྟེང་ནས་འཆད་རྒྱུན་དེ་ཁས་མི་ལེན་པས་འདིར་ཁ་མཚོན་གཅོད་དཀའ་ཡང་དགོན་པ་འདི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རང་གི་རྩ་བའི་བླ་མ་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་དབུས་གཙང་གི་ས་ཆ་ཁག་ཏུ་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་གསར་དུ་ཕྱག་བཏབ་པར་བཏབ་གླིང་བཅུ་གསུམ་དུ་གྲགས་པའི་མཛད་རྗེས་རྣམ་པར་ཐར་བའི་རྗེས་འབྲངས་ཏེ་གོ་ཤྲཱི་ཁོང་དགོངས་པ་རྫོགས་པའི་དགེ་རྩ་དང་ཁམས་སུ་དགེ་ལུགས་པའི་གྲུབ་མཐའ་[page 41] སྤེལ་བར་ལྔ་བ་ཆེན་པོའི་ངག་བཀོད་ལྟར་ཧོར་དགོན་སྡེ་བཅུ་གསུམ་ཕྱག་བཏབ་པའི་གྲས་སུ་གཏོགས་པ་ཚང་མ་ཁ་མཐུན་ནོ།

གཉིས་པ། དགོན་པའི་སྒྲིག་གཞི།
དར་རྒྱས་དགོན་པར་སྔོན་ལ་མཁན་པོ་མེད་ཀྱང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་མཁན་པོའི་རབས་བྱུང་སྟེ་དང་པོ་བརྩོན་འགྲུས། གཉིས་པ་དགེ་བྱམས་པ་མཁས་གྲུབ། གསུམ་པ་ཡ་མ་དར་རྒྱས། བཞི་པ་བློ་གཅེས། ལྔ་པ་ཨ་འཚོགས། དྲུག་པ་ཤེས་རབ། བདུན་པ་ཚངས་ལི། ད་ལྟའི་མཁན་པོ་བློ་བཟང་བསྟན་པ་བཅས་སོ། དར་རྒྱས་དགོན་པར་སྤྲུལ་སྐུ་བདུན་ཡོད་པ་ནི་ཧ་དྷི་བློ་བཟང་དཔལ་ལྡན། སྐུ་ཞབས་འཛིན་ནང་། ཉ་རྒྱས་སྐུ་ཆེན། ཉ་རྒྱས་སྐུ་ཆུང་། རྒྱལ་བསྟན་བློ་བཟང་བྱམས་པ། སྤྲུལ་སྐུ་རྡོ་འབུམ། སྐུ་ཞབས་ཁྲི་པ། དགོན་བདག་བྱམས་པ་མཁས་གྲུབ་བཅས་སོ།

དགོན་པ་ལ་ཚོགས་འདུ་རིམ་པ་གསུམ་ཡོད་དེ་མཐོ་བ་ནི་རྒན་པ་ལྷ་རིམ་གྱི་ཚོགས་འདུ། དེ་ལ་ཞུགས་མཁན་རྒན་པ་ལྷ་རིམ་གྱི་མི་སྣ་གསུམ་དང་ལས་སྣེ་བརྒྱད་པོ་ཡིན། འབྲིང་བ་ནི་ལས་སྣེ་བརྒྱད་འཛོམས་ཀྱི་ཚོགས་འདུ། དེ་ལ་ཞུགས་མཁན་ལས་སྣེ་བརྒྱད་དང་རྒན་པ་དྲུག་ཡིན། ལས་སྣེ་བརྒྱད་ཐོག་དགོན་པ་ཡོངས་ཀྱི་རྒན་པ་ཞུགས་པའི་ཚོགས་འདུ་ལ་རྒན་པའི་ཚོགས་ཆེན་ཟེར་ཞིང་རྒན་པ་བྱ་བ་ནི་ལོ་བགྲེས་པ་ཁོ་ནའི་མིང་ཐོགས་པ་མ་ཡིན་པར་མཁན་པོ་དང་དགེ་བསྐོས། དབུ་མཛད་སོགས་ཀྱི་འགན་ཁུར་མྱོང་ལ་བྱའོ། དེས་ན་ལས་གནས་རིགས་ཀྱི་བསྐོ་བཞག་བྱེད་སྟངས་ལ་གནས་བླ་མ་བྱ་བ་ནི་སྤྲུལ་སྐུ་མིན་པའི་དགེ་བཤེས་ཡོན་ཏན་ལེགས་པ་ཞིག་གིས་ཁུར་དགོས། སྔོན་ལ་དགེ་བཤེས་སུ་ཡིན་ཀྱང་གནས་བླ་མ་བྱེད་མ་ཐུབ་ན་མཁན་པོ་ཁུར་མི་ཆོག།

གནས་བླ་མ་གསོལ་གནས་དྲུག་དང་ཞལ་ངོ་གཉིས་ཏེ་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས། ཞལ་ངོ་གཉིས་ནི་གསོལ་གནས་དྲུག་དང་ཞལ་ངོ་ཪྙིང་པ་གཉིས་པ་གཉིས་གྲོས་བྱས་ཏེ་འགན་འོས་ཀྱི་མི་གསུམ་གྱི་མིང་རྩམ་རིལ་ནང་བཅག་ནས་བུམ་པ་དཀྲིགས་ཏེ་སྔོན་ལ་ཐོན་པ་གཉིས་ཀྱི་མཚན་ལྟར་བསྐོ་བཞག་བྱེད། དབུ་མཛད་ནི་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས། ཇ་མའང་གོང་དང་མཚུངས། གསོལ་གནས་དྲུག་པོ་གསོལ་གནས་ཪྙིང་པ་དྲུག་དང་ཞལ་ངོ་ཪྙིང་པ་དྲུག་གྲོས་བྱས་ཏེ་བསྐོ་བཞག་བྱེད་དགོས། གཉེར་པའི་རིགས་ཚང་མ་ལས་སྣེ་བརྒྱད་འཛོམས་གྲོས་ཚོགས་ཐོག་ཐག་གཅོད་དགོས། གོང་གི་དོན་འདི་རིགས་སྤྲུལ་སྐུ་ལ་ཞུ་མི་དགོས། རྒན་པ་ལྷ་རིམ་གྱི་གྲོས་ཚོགས་རྒྱས་པ་ནས་གཅོད་མ་ཐུབ་པའི་དོན་གལ་ཆེན་རིགས་བྱུང་ན་མཁན་པོ་བརྒྱུད་དེ་སྤྲུལ་སྐུ་[page 42] དགུང་ལོ་བགྲེས་པའམ་ཡོན་ཏན་ལེགས་ཤིང་མཚན་སྙན་གྲགས་ཆེ་བ་གང་ལ་ཞུས་ནས་མོ་བཏབ་སྟེ་ཐག་གཅོད། དེ་ལས་གཞན་སྤྲུལ་སྐུ་ལ་ཁྱད་པར་ཅན་གྱི་དབང་ཆ་མེད། སེར་འབྲས་སོགས་གྲྭ་ས་འགྲིམ་དུས་ད་གཟོད་དམིགས་བསལ་ཅན་གྱི་མཚན་སྙན་གོ་གནས་སྟེར་སྲོལ་ཡོད་པར་འཆད། དར་རྒྱས་དགོན་པའི་སྤྲུལ་སྐུར་འབྱོར་བ་ཆེན་པོ་མེད་ལ་གཙོ་བོ་རང་རང་གི་རི་ཁྲོད་དུ་བཞུགས་པས་ཁྱིམ་ཡོངས་སུ་དབུལ་པོ་ཡིན། ཁྲི་བ་དགོན་པ་རང་གི་གྲྭ་པ་ཡིན་དགོས་པའི་ངེས་པ་མེད། དཀར་མཛེས་སོགས་དགོན་པ་གཞན་གྱི་སྤྲུལ་སྐུ་ཡོན་ཏན་བཟང་ལ་མཚན་སྙན་གྲགས་མཐོ་བ་རྣམས་གདན་དྲངས་ཏེ་ཆོས་གསུང་མཁན་ལ་ཁྲི་པ་ཟེར་པ་ལས་རྒྱུན་སྡོད་དུ་མེད་ཀྱང་ད་ལྟ་དགོན་པ་གཞན་དང་འདྲ་བར་ཁྲི་པ་ཡོད་ཅིང་དེའི་མཚན་ལ་བློ་བཟང་ཐོགས་མེད་དམ་བུ་དགའ་ཟེར། དགོན་ཚབ་ཀྱི་འགན་གསོལ་གནས་གཅིག་གིས་ཁུར་དགོས། ཁོང་གིས་གཙོ་བོ་དགོན་པ་དང་ཕྱིའི་འབྲེལ་བའི་རིགས་ཐག་གཅོད་དགོས། གལ་སྲིད་ཕྱི་དང་གྱོད་དོན་ཆེན་འདྲ་བྱུང་ན་ལས་སྣེ་བརྒྱད་འཛོམས་དང་རྒན་ལྷ་རིམ་ནས་དགོན་སྤྱིའི་དབང་ཆ་ཡོད་པའི་དགོན་ཚབ་གཅིག་འདེམས་ཤིང་དེའི་མིང་ལ་དགོན་ཚབ་ཆེན་མོ་ཟེར། སྤྱི་སོ་ནི་རྒན་པ་ལྷ་རིམ་གྱིས་གྲྭ་ཚང་རེ་ནས་མི་གཉིས་འདེམས་ནས་མི་དྲུག་ཡོད་པའི་ཚོང་གཉེར་གྱི་ཆེས་མཐོའི་འགོ་ཁྲིད་ཡིན། དེ་ཚོ་ལོ་གསུམ་རེ་ནང་ཐེངས་གཅིག་བརྗེ་དགོས་ཤིང་སྤྱི་སོ་གཅིག་གིས་འགྲིམ་འགྲུལ་དང་འབྲེལ་གཏུགས་ཀྱི་བྱ་བའི་སྤྱི་འགན་འཁུར་བ་ལས་གཞན་པ་རིགས་ལྷ་ས་དང་ཆབ་མདོ། སྐྱེ་རྒུ་མདོ། དར་རྩེ་མདོ། ཁྲིན་ཏུའུ་སོགས་སུ་བཅའ་སྡོད་བྱ་དགོས།

དགོན་པའི་བཅའ་ཡིག་སྔ་རྗེས་སུ་བཞི་ཙམ་ཡོད་པར་འཆད་དེ། དང་པོ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་གཏན་ལ་ཕབ་པ་མེ་འཇིག་གིས་མེད་པར་བཏང་ཞིང་དེ་རྗེས་རྒྱལ་དབང་སྐལ་བཟང་རྒྱ་མཚོས་གཏན་ལ་ཕབ་པ་དར་བེ་དོན་རྐྱེན་ནང་དམག་འཇིག་གིས་མེད་པར་བྱས། ཕྱིས་སུ་དགོན་པའི་ལག་བསྟར་བྱ་བ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་གཏན་ལ་ཕབ་པའི་བཅའ་ཡིག་དང་ཕུར་བུ་མཆོག་བྱམས་པ་རིན་པོ་ཆེ་ནས་གཏན་ཕབ་གནང་བའི་ཆོས་རའི་ཁྲིམས་གཉིས་ཡིན་ཀྱང་དེ་གཉིས་ཀའང་བཅིངས་འགྲོལ་རྗེས་སུ་མེད་པར་སོང་། དེ་ལྟ་ནའང་ནང་དོན་གཙོ་བོ་གཞི་གསུམ་གྱི་ཉམས་ལེན་དང་སྡོམ་གསུམ་གྱི་གཅོད་མཚམས་རྨང་གཞི་བྱས་ཐོག་དགོན་པའི་སྒྲུབ་མཆོད་ཀྱི་དུས་དང་ནང་དོན་གཏན་ལ་ཕབ་པ་དང་འདུལ་བའི་གཞུང་བཞིན་ཁྲིམས་གཙང་ཞིང་དག་དགོས་པ། གྲྭ་པས་གནང་ཞུ་མ་བྱས་པར་ཕྱི་ལ་འགྲོ་མི་ཆོག་པ། སེར་མོ་བས་སྐྱ་ལྭ་མནབས་མི་ཆོག་པ། དགོན་ནང་བུད་མེད་ཡོང་མི་ཆོག་པ་སོགས་དང་། ཁྲིམས་དེ་དག་ལ་འགལ་ན་ཕྱག་འཚལ་པ་དང་ལྕག་གཞུས་པ། ནོར་གྱིས་ཆད་པ་གཅོད་པ། དགོན་པ་ནས་ཕྱིར་ཕུད་པ་སོགས་གནད་དོན་གྱི་ལྕི་ཡང་ལྟར་གང་འབབ་ཀྱི་ཁྲིམས་ཡོད་དོ།

གསུམ་པ། དགོན་པའི་སྐུ་གསུང་ཐུགས་རྟེན།
[page 43] དར་རྒྱས་དགོན་ལ་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལངས་པ་ཡོད་ནའང་ས་དང་མེ། དམག་སོགས་ཀྱི་འཇིགས་པ་ཐེངས་མང་བྱུང་ནས་མེད་པར་སོང་བས་ཐུགས་རྟེན་རིན་པོ་ཆེ་གང་མང་ཐོར་བརླག་དུ་སོང་སྟེ་གྲངས་འདྲེན་ཐབས་མེད་ཀྱང་འདིར་མདོ་ཙམ་བཀོད་ན། གསེར་ཟངས་ལས་གྲུབ་པའི་བྱམས་སྐུ་ཐོག་ཚད་གསུམ་ཅན་གཅིག། གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་ཐོག་ཚད་གཉིས་ཅན་གསུམ། རྒྱུ་དེ་མཚུངས་ཀྱི་ཚེ་ལྷ་རྣམ་གསུམ་སྐུ་ཐོག་ཚད་གཉིས་ཅན་གསུམ། གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་པ། པཎ་ཆེན་བསོད་གྲགས། ཕུར་ཅོག་སྐྱབས་དགོན་རིན་པོ་ཆེ། སྒྲོལ་དཀར། བྱམས་པའི་སྲས་གཉིས་སོགས་ཐོག་ཚད་གཅིག་ཅན་བདུན། གསེར་སྐུ་ལི་མ་ཇོ་བོ་མཐོང་བ་དོན་ལྡན་སོགས་མི་ཚད་མ་གཉིས། ལི་མ་མིན་པའི་གསེར་སྐུ་མི་ཚད་མ་བཅུ་གཉིས། གསེར་སྐུ་ལི་མ་མདའ་ཚད་མ་ང་དྲུག། གསེར་སྐུ་ལི་མ་མིན་པ་མདའ་ཚད་མ་བཞི་བཅུ་ཞེ་གསུམ། གསེར་སྐུ་མདའ་ཚད་གཅིག་དང་ཕྱེད་ཙམ་ཆིག་སྟོང་སུམ་བརྒྱ། གསེར་སྐུ་ལི་མ་མིན་པ་མདའ་ཚད་ཕྱེད་ཙམ་དྲུག་བརྒྱ། སྐུ་ཐང་སྤུས་ལེགས་མ་སུམ་བརྒྱ་བཅུ་བཞི། མཆོད་རྟེན་རྒྱུ་གསེར་ལས་གྲུབ་པ་རིན་པོ་ཆེའི་རྒྱན་ཆས་བརྒྱན་པ་ཐོག་ཚད་མ་གཉིས། གསེར་གྱི་མཆོད་རྟེན་མདའ་ཚད་མ་གཅིག བཀའ་གདམས་མཆོད་རྟེན་ཤིན་ཏུ་སྤུས་ལེགས་པ་དྲུག་རྒྱ་སོ་དྲུག འབག་སྐུ་ཐོག་ཚད་གཉིས་ཅན་དྲུག ཐོག་གཅིག་དང་ཕྱེད་ཙམ་བཅུ་གཅིག། འཇིམ་སྐུ་མི་ཚད་མ་བརྒྱ། གསུང་གི་ཕྱོགས་སུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་བཅོ་ལྔ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན། བྱམས་མགོན། རྭ་སྒྲེང་། སྒྲུབ་ཁང་བ། ཆོས་བཟང་། རྟག་ཕུར། གླིང་སྤྲུལ་རིན་པོ་ཆེ། གུང་ཐང་། འཇམ་དབྱངས་བཞད་པ། དངུལ་ཆུ་ཡབ་སྲས། ལྕང་སྐྱ་བཅས་ཀྱི་གསུང་འབུམ་ཆ་རེ་རེ། སེ་ར་རྗེ་བཙུན་དང་པཎ་ཆེན་བསོད་གྲགས་རྣམ་གཉིས་ཀྱི་ཡིག་ཆ་ཆ་ཚང་ལྔ་བཅུ་རེ། བཀའ་འགྱུར་ཆ་ཚང་བཅུ། བསྟན་འགྱུར་ཆ་ཚང་ལྔ། ཡུམ་རྒྱས་འབྲིང་བསྡུས་གསུམ་ཆ་བཅོ་ལྔ། བརྒྱད་སྟོང་པ་ཚར་ཉི་ཤུ་བཅས་སོ།།

མཆོད་ཆས་ལ་གསེར་ནག་གི་ཀོང་བུ་ཉིན་མཚན་གསུམ་རེ་ཐུབ་པ་གསུམ། ཉིན་མཚན་གཉིས་ཐུབ་པ་གསུམ། ཉིན་མཚན་གཅིག་ཐུབ་པ་གཉིས། གསེར་ཟངས་ལས་གྲུབ་པ་ཉིན་མཚན་གསུམ་ཐུབ་པ་བཞི། ཉིན་མཚན་གཉིས་ཐུབ་པ་ལྔ། ཉིན་མཚན་གཅིག་ཐུབ་པ་དྲུག། གསེར་ནག་གི་ཏིང་ཕོར་གཉིས། མར་ཁུ་ཐོམ་གང་ཤོང་བའི་དངུལ་ཀོང་དགུ། དངུལ་གྱི་ཀོང་བུ་ཉིན་མཚན་གསུམ་ཐུབ་པ་བཅོ་ལྔ། ཉིན་མཚན་གཉིས་ཐུབ་པ་བཅོ་བརྒྱད། དངུལ་གྱི་ཏིང་ཕོར་ཆུ་ཟོམ་གང་ཤོང་པ་སོ་ལྔ། ཆུ་ཟོའུ་གང་ཤོང་པ་བཞི་བརྒྱ་སོ་བཞི། རོལ་ཆས་ཕྱོགས་སུ་བཀའ་རྒྱ་སྒོ་ཕྱི་ལ་ཁྱེར་མི་ཆོག་པ་ཨང་དང་པོ་ཉེར་[page 44] ལྔ། ཨང་གཉིས་པ་སུམ་ཅུ། སིལ་སྙན་བཀའ་རྒྱ་མ་སྒོ་ཕྱི་ལ་ཁྱེར་མི་ཆོག་པ་ཨང་དང་པོ་དྲུག། ཨང་གཉིས་པ་ལྔ། རོལ་མོ་གཞན་དུ་ཁྱེར་ཆོག་པ་གྱ་དྲུག། སིལ་སྙན་བཅུ། དུང་དཀར་གཡས་འཁྱིལ་གསེར་ཤན་མ་ཕྲ་ཚོམ་དུ་མས་རྒྱན་པ་གཅིག། གཡོན་འཁྱིལ་ཆ་བཞི། དངུལ་གྱི་ར་གདུང་ཆ་དྲུག། རྒྱུ་གསེར་ལས་གྲུབ་པའི་རག་དུང་ཆ་གཅིག། ཚ་གསེར་ལས་གྲུབ་པ་ཆ་གཅིག། ཐང་དུང་ཆ་བཞི། ཟངས་དུང་ཆ་ལྔ། རག་དུང་ཆ་བཞི། ཁ་རྒྱ་ལ་འབྲུག་རིས་བྱུ་རུས་ཐང་ཤིང་གིས་རྒྱན་པའི་རག་དུང་གྲགས་ཅན་ཆ་གཅིག། གསེར་གྱི་རྒྱ་གླིང་རིན་པོ་ཆེ་ཕྲ་དུ་མས་བརྒྱན་པ་ཆ་གསུམ། ཚ་གསེར་ལས་གྲུབ་པའི་རྒྱ་གླིང་ཆ་གསུམ། དངུལ་གྱི་རྒྱ་གླིང་ཆ་ལྔ་བཅས་སོ། དེ་ལས་དགོན་པ་སྤྱི་ལ་ཚོགས་ཆེན་འདུ་ཁང་གཅིག། ཆོས་ར་གཅིག དགྲ་ལྷ་ཁང་གཅིག བཀའ་གདམས་ལྷ་ཁང་། རྒྱལ་བ་པཎ་ཆེན་གཉིས་ལ་གཟིམ་ཁང་རེ། གསེར་སྐུ་ལི་མ་ཁང་། བྱམས་ཁང་གཉིས། ཚེ་དཔག་མེད་ལྷ་ཁང་། ནོར་སྲས་ལྷ་ཁང་། འབག་ཁང་། གསོལ་གནས་ཁང་། ཞལ་ངོ་རྒན་གཞོན་གྱི་ཁང་པ་གཉིས། གདན་ཁང་། དཀོན་གཉེར་ཁང་། ཇ་ཁང་། སྨོན་ལམ་བླ་མ་བཞུགས་ཁང་གཉིས། སྨོན་ལམ་བླ་མའི་ཕྱག་མཛོད་བཞུགས་ཁང་དང་ཇ་ཁང་། སྤྱི་སོ་གསར་ཪྙིང་ལ་ཁང་པ་གཉིས། འབྲུ་གཉེར་ཁང་། ཁང་གཉེར་ཁང་། མཁན་པོ་གཟིམ་ཤག་ཕྱི་ནང་གསུམ། འབྲུ་ཁང་གཅིག། དགོན་གཏོགས་སྡེ་བའི་འབྲུ་མཛོད་ཁང་བདུན། སྔགས་པ་གྲྭ་ཚང་གི་འདུ་ཁང་། མཚན་ཉིད་གྲྭ་ཚང་གི་འདུ་ཁང་། གྲྭ་ཤག་བདུན་བརྒྱ་བཅུ་གསུམ་བཅས་སུ་སེར་མོ་བ་སུམ་སྟོང་བདུན་བརྒྱ་ལྔ་བཅུ་ང་བརྒྱད་བཞུགས་སོ།།

བཞི་པ། དགོན་པའི་འཆད་ཉན་སྐོར།
དར་རྒྱས་དགོན་པའི་སྲོལ་རྒྱུན་ཐོག་གྲྭ་ས་འགྲིམ་ཡུལ་སེར་འབྲས་དགའ་གསུམ་ཡིན་ཡང་གཙོ་བོ་སེར་འབྲས་ཡིན་པ་ལས་དགའ་ལྡན་དང་བཀྲ་ཤིས་ལྷུན་དུ་གྲྭ་པ་ཉུང་ཤས་མེད། འབྲས་སྤུངས་སུ་ལོ་བཞི་དང་སེར་རར་ལོ་གསུམ། གྲྭ་པ་ཁ་ཤས་ཡུན་རིང་བཞུགས་ཏེ་དགེ་བཤེས་ཀྱི་གོ་གནས་བླངས་རྗེས་ཕྱིར་ཕེབས་པ་དང་མི་ཕེབས་པ་གང་མང་ཡོད། དགོན་པ་རང་ལ་སྔགས་པ་གྲ་ཚང་དང་མཚན་ཉིད་གྲྭ་ཚང་། མདོ་ཆོག་གྲྭ་ཚང་བཅས་གསུམ་ཡོད་པའི་ནང་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་ལ་ཞུགས་པའི་གྲྭ་པ་བརྒྱད་བརྒྱ་བརྒྱད་ཅུ་ཙམ་ཡོད་ཅིང་མཚན་ཉིད་གྲྭ་ཚང་དུ་བསྡུས་གྲྭའི་འཛིན་གྲྭ་གསུམ། གཞུང་གསར་ཪྙིང་གཉིས། ཕར་ཕྱིན་འཛིན་གྲྭ་གཉིས། དབུ་མ་འཛིན་གྲྭ་གཅིག་བཅས་ཡོད་པར་བསྡུས་གྲྭ་ལ་ལོ་གཉིས་དང་ཕྱེད། གཞུང་གསར་ཪྙིང་གཉིས་ལ་ལོ་གཅིག་རེ། ཕར་ཕྱིན་ལ་ལོ་[page 45] ཕྱེད་གཉིས། དབུ་མ་ལོ་བཞི། འདུལ་བ་ལོ་བཞི། མཛོད་ལ་ལོ་བཞི་བཅས་གཏན་ལ་ཕབ་ཡོད་ཀྱང་། རྗེས་སུ་རྩོད་པ་དབུ་མའི་ཡན་དུ་འགྲོ་མ་ཐུབ་པར་འཆད། སྔགས་པ་གྲྭ་ཚང་དང་མདོ་ཆོག་གྲྭ་ཚང་ལ་མཚན་ཉིད་གྲྭ་ཚང་བཞིན་འཛིན་གྲྭ་གསལ་པོ་བྱེད་ལོང་མ་བྱུང་བར་གྲལ་གཅིག་ཏུ་གྲྭ་ཚང་ཞུགས་པའི་སྔ་གཞུག་དང་ཡོན་ཏན་བཟང་ངན་ལ་བལྟས་ནས་རིམ་པ་འགར་དགོས། གྲྭ་ཚང་གསུམ་དུ་སྡོད་པའི་ལོ་ཚད་ངེས་ཅན་མེད། སྔགས་པ་གྲྭ་ཚང་དུ་རང་ལོ་ལྔ་བཅུར་ཐོན་པ་བུད་ཆོག་པ་ཡིན། མདོ་ཆོག་པས་རྒྱུགས་འཕྲོད་མ་ཐུབ་པར་མཚན་ཉིད་དང་སྔགས་པ་གྲྭ་ཚང་གང་ཡང་སྒྲིག་གཉིས་འཛིན་བྱེད་མི་ཆོག་ལ་སྔགས་པ་གྲྭ་ཚང་ཡང་དེ་ནང་བཞིན་ཡིན། སྔོན་གྲྭ་ཚང་གསུམ་བཙུགས་མེད་པའི་དུས་སུ་དགོན་པ་སྤྱི་ལ་ཆོས་གྲྭ་གཉིས་ཡོད་པའི་ནང་གྲྭ་ཆུང་ཉིས་བརྒྱ་ལྷག་ཞུགས། འཛིན་གྲྭ་གཅིག་ལ་མི་བཅོ་ལྔ་ཙམ་དང་། དེ་ཚང་མ་ཆོས་ཐོག་སྐབས་སུ་ཡང་ཉིན་གུང་དཔེ་ཁྲིད་ལ་འགྲོ་དགོས། དང་པོར་རིག་གནས་རྨང་གཞི་འཇོག་པ་ལས་གཞན་གཙོ་བོ་ཆོས་སྤྱོད་རབ་གསལ། འཇམ་དཔལ་མཚན་བརྗོད། རྒྱན་འཇུག་གཉིས་དང་བཅས་པ་ཚགས་སུ་ཆུད་པར་བྱེད་དགོས། སྔགས་པ་གྲྭ་ཚང་གིས་བློར་འཛིན་བྱེད་པའི་ཆོ་ག་ཡང་བདེ་གསང་འཇིགས་གསུམ་སོགས་ཀྱི་བདག་མདུན་བུམ་གསུམ་གྱི་སྟེང་དུ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་ནང་གསུམ། དམག་ཟོར་མ། ཚེས་གཏོར་དང་བཅས་པ་གུར་མགོན་ཞལ་བཞི་པ། རྣམ་སྲས། ལྕམ་སྲིང་། ཤུགས་ལྡན། བསྐང་གསོ་རྒྱས་པ། བདེ་གསང་འཇིགས་གསུམ་གྱི་སྦྱིན་སྲེག་ཞི་རྒྱས་དབང་དྲག་བཞི་དང་། ལྕགས་མཁར་གཏོར་སྒྲུབ་ལ་སོགས་པ་བློ་ལ་ཆུད་པ་བྱས་ཐོག་སྒྲིག་གཉིས་འཛིན་གྲྭ་རྣམས་ལ་ཀུན་རིགས་བདག་མདུན་བུམ་གསུམ། ཆོས་སྤྱོད་རབ་གསལ་པོ་ཏི་སོགས་རྒྱུགས་སྤྲོད་པའི་འགན་འཁུར་འཕྲོས་པ་ཡིན། དེའི་ནང་ནས་རྡུལ་ཚོན་པ་གྲྭ་པ་བཅུ་དྲུག་ལ་བདེ་གསང་འཇིགས་གསུམ་ཀུན་རིགས་ལྕགས་མཁར་གྱི་ཐིག་ཞི་རྒྱས་དབང་དྲག་གི་ཟབ་ཐིག་རྡུལ་ཚོན་ས་ཆོ་ག་དང་བཅས་པ་ཐུགས་སུ་ཆུད་དགོས། མདོ་ཆོག་གྲྭ་ཚང་གི་རྒྱུགས་སྤྲོད་འགན་ལ་འཇམ་དཔལ་མཚན་བརྗོད་དང་རྒྱན་འཇུག་གཉིས་གཞི་བྱས་པའི་ཐོག་གང་འཚམས་ཀྱི་རྩོད་རྒྱུགས་བྱང་རྒྱུ་དེ་ཡིན། མཚན་ཉིད་གྲྭ་ཚང་གིས་འཇམ་དཔལ་མཚན་བརྗོད་དང་རྒྱན་འཇུག་གཉིས། ལམ་སྒྲོན་ལམ་གཙོ་གཉིས། སྒྲོལ་དཀར་སྟོད་པ་དང་གདུགས་ཤེར་སེང་གསུམ་པོ་ཏི་ལྔའི་སྨོན་ལམ། འཇམ་དབྱངས་བསྟོད་པ་གང་བློ་མ། རྒྱལ་བ་མ་ལུས། བསྟོད་འབུལ་ཆ་ཚང་། བསྟན་འབར་མ་སོགས་ཀྱི་ཐོག་མཚན་ཉིད་ཀྱི་དཔེ་ཆ་ཤོག་གྲངས་བཅུ་ལས་མི་ཉུང་བ་རྒྱུགས་སྤྲོད་དགོས། དེ་ལས་ལྷག་ཤོག་གྲངས་བརྒྱ་ཚོ་ཁ་གྲངས་ལ་བྱ་དགའ་ཡོད་ཀྱང་དཔེ་ཆ་རྩོད་རྒྱུ་ནི་རྒྱུགས་གཙོ་བོ་ཡིན་པར་འཆད། མཚན་ཉིད་ཀྱི་ཡིག་ཆ་གཙོ་བོ་སེ་ར་རྗེ་བཙུན་དང་པཎ་ཆེན་བསོད་གྲགས་རྣམ་གཉིས་ཀྱི་ཡིན།

དགེ་བྱམས་པ་མཁས་གྲུབ་ཀྱི་སྐུ་དྲིན་གྱིས་དར་དགོན་དུ་འཆད་ཉན་གྱི་འཛིན་གྲྭ་བཙུགས་ཏེ་རང་[page 46] གིས་དགེ་བཤེས་ཀྱི་ཐོབ་ཐང་སྤྲོད་ཆོག་པའི་ཆ་རྐྱེན་འཛོམས་པའི་སྐབས་སུ་དུས་འགྱུར་གྱི་དབང་གིས་བར་ཆད་བྱུང་མོད། ཡོན་ཏན་བཟང་བའི་གྲྭ་པ་ན་གཞོན་མང་པོ་གསོ་སྐྱོང་བྱས་པ་དང་གྲྭ་ས་འགྲིམ་པའི་སྲོལ་རྒྱུན་མ་བཏང་བས་དུས་རབས་ཐུང་ངུ་ཞིག་གི་ནང་དུ་མཁས་པ་སྐད་གྲགས་ཅན་མང་པོ་བྱུང་བ་སྟེ། དཔེར་ན། དགའ་ལྡན་ཁྲི་པ་དྲུག་ཅུ་རེ་བཞི་པ་ཁྲི་ཆེན་བློ་བཟང་བཀྲ་ཤིས་དང་དགའ་ལྡན་ཁྲི་པ་ལྕང་རྒྱལ་རིན་པོ་ཆེ་མདོ་སྔགས་གཉིས་ལ་མཁས་པའི་བྱམས་པ་མཁས་གྲུབ། དགེ་བཤེས་སྲིན་ཐར། དགེ་བཤེས་ཡ་མ་ཚེ་རིང་། ཡ་མ་དར་རྒྱས། བློ་སྐྱིད། ཚངས་བུ། འཕྲིན་ལས་དོན་འགྲུབ། རིན་ཆེན་དོན་འགྲུབ་སོགས་དགེ་བཤེས་གྲགས་ཅན་མང་པོ་བྱུང་བའི་གཟི་བརྗིད་ཀྱི་ལོ་རྒྱུས་ཡོད།

ལྔ་པ། དགོན་པའི་མཛད་སྒོའི་སྐོར།
དར་རྒྱས་དགོན་པའི་མཛད་སྒོའི་ནང་དོན་གཙོ་བོ་སྒྲུབ་མཆོད་དང་དུས་མཆོད་གཉིས་སུ་འདུས་ཤིང་སྒྲུབ་མཆོད་ལ་མདོ་ཆོག་གྲྭ་ཚང་གཙོ་བྱས་པའི་སྐོར་དང་སྔགས་པ་གྲྭ་ཚང་གཅོ་བྱས་པའི་སྐོར་གཉིས་དང་དུས་མཆོད་ནི་མཚན་ཉིད་གྲྭ་ཚང་གཙོ་བོའི་ཚུལ་དུ་ཞུགས་དགོས།

མདོ་ཆོག་གྲྭ་ཚང་གཙོ་བྱས་པའི་སྒྲུབ་མཆོད་སྐོར་ལ་བོད་ཟླ་དང་པོའི་ཚེས་ཉེར་གཉིས་ནས་བཟུང་ཀུན་རིགས་ཀྱི་སྒྲུབ་མཆོད་རས་བྲིས་ལ་རྟེན་པའི་ལོ་གཅིག་གི་རིང་ལ་ཚེ་འདས་མང་པོའི་བསྔོ་རྟེན་གྱི་ཆེད་དུ་ཁྲུས་ཀྱི་ཆོ་ག་ལ་བརྟེན་ནས་ཉིན་བཅུ་དྲུག་ལ་སྒྲུབ་དགོས། བོད་ཟླ་བདུན་པའི་ནང་རྡུལ་ཚོན་ལ་བརྟེན་པའི་ཀུན་རིགས་སྒྲུབ་མཆོད་ཉིན་བཅུ་གསུམ། བོད་ཟླ་བཅུ་པའི་ཚེས་སུམ་ཅུ་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དགོངས་རྫོགས་རས་བྲིས་ལ་བརྟེན་ནས་ཀུན་རིགས་སྒྲུབ་མཆོད་ཉིན་གཉིས། བོད་ཟླ་བདུན་པའི་ནང་རྡུལ་ཚོན་ལ་བརྟེན་ནས་ཀུན་རིགས་སྒྲུབ་མཆོད་ཉིན་བཅུ་གསུམ་ལ་ཚོགས་དགོས། སྔགས་པ་གྲྭ་ཚང་གི་གཙོ་བོའི་སྐོར་ལ། བོད་ཟླ་བཅུ་གཅིག་པའི་ནང་རྡུལ་ཚོན་ལ་བརྟེན་ནས་གསང་འདས་སྒྲུབ་མཆོད་ཉིན་བཅོ་ལྔ། བོད་ཟླ་བཅུ་གཉིས་ནང་རྡུལ་ཚོན་ལ་བརྟེན་པའི་བདེ་མཆོག་སྒྲུབ་མཆོད་ཉིན་བཅོ་ལྔ། བོད་ཟླ་ལྔ་པའི་ནང་རྡུལ་ཚོན་ལ་བརྟེན་ནས་འཇིགས་བྱེད་བཅུ་གསུམ་གྱི་སྒྲུབ་མཆོད་ཉིན་བཅུ། རབ་གནས་དགེ་ལེགས་ཆར་འབེབས་ཁ་སྐོངས་སྦྱིན་བསྲེགས་དང་བཅས་ཉིན་གསུམ། བླ་མ་དགེ་བཤེས་སྐྱེ་བུ་དམ་པའི་དགོངས་རྫོགས་སུ་རས་བྲིས་ལ་བརྟེན་ནས་འཇིགས་བྱེད་བཅུ་གསུམ་གྱི་སྒྲུབ་མཆོད་ལོ་གཅིག་གི་རིང་ཉིན་བཅུ་གསུམ་ཡོད། འདི་ནི་སྔགས་པ་གྲྭ་ཚང་གིས་དཀྱིལ་འཁོར་བསྒྲུབ་བཞག་བྱེད་པའི་སྒྲུབ་མཆོད་ཀྱི་སྐོར་རོ། མཚན་ཉིད་གྲྭ་ཚང་གིས་གཙོ་བྱས་པའི་གྲྭ་ཚང་གསུམ་འདུས་ཀྱི་དུས་མཆོད་སྐོར་ལ། ལོ་གསར་ཚེས་གཅིག་ལ་དམག་ཟོར་མའི་སྒོ་ནས་ཚེ་གཏོར་ཕུལ་པ་དང་དགོང་[page 47] མོ་མཚན་ཚོགས་ཡོད། བོད་ཟླ་དང་པོའི་ཚེས་དགུ་ནས་ཉེར་དགུ་བར་སྨོན་ལམ་ཆེན་མོ་ཚོགས་ཤིང་འཇམ་མགོན་རྒྱལ་བ་གཉིས་པའི་གདུང་ཚབ་ཀྱིས་སྐྱེ་རབས་དང་འབྲེལ་བའི་གསུང་ཆོས་གནང་དགོས། དགོང་མོ་ཁྲི་པ་དབུ་བཞུགས་མཛད་དེ་སྨོན་ལམ་ཚོགས་ནས་ལེགས་བྲིས་མ། ཐེག་བྱ་མ། གསང་བའི་རྣམ་ཐར། བློ་བཟང་རྒྱལ་བ་མ། བྱམས་སྨོན། སྐབས་གསུམ་པ། སྤྱན་འདྲེན་ཁྲུས་གསོལ། ཐོས་པ་རྒྱ་མཚོ། བཀྲ་ཤིས་སྨོན་ལམ། ལྟུང་བཤགས། གཞི་བདག་གཏོར་མ། ཡོན་ཏན་གཞི་འགྱུར་མ་སོགས་གོ་རིམ་ལྟར་འདོན་དགོས་ལ་ཡོན་ཏན་གཞི་འགྱུར་མའི་མཇུག་ཏུ་ཁྲི་པ་ནས་བསྔོ་བའི་མཐུན་འགྱུར་དང་བསྟན་འབར་མ་གསུང་། དེ་ནས་ཚོགས་ཆེན་དབུ་མཛད་ཀྱིས་བདེ་སྨོན་དབུ་བཙུགས་ཏེ་ཚིག་བཅད་ཐོག་གཏམ་གསུང་ལ་ཁྲི་པས་ཀྱང་དེར་བསྟུན་ནས་ཚིག་ལྷུག་གི་གསུང་གཏམ་གནང་ཚར་རྗེས་ཚོགས་ཆེན་གྲྭ་མང་མཉམ་གྱིས་ཇི་སྲིད་ཐུབ་མཆོག་མ་དང་ཤིས་བརྗོད་སོགས་ལེགས་པར་གསུངས་ཤིང་མེ་ཏོག་གཏོར་ནས་སྨོན་ལམ་གྲོལ། སྨོན་ལམ་ཆེན་མོའི་སྐབས་སུ་ཆོས་གྲྭ་ཉིན་བཅོ་ལྔ་ཡོད། དེ་དུས་དཔེ་ཆ་པ་ཚང་མས་རྣམ་འགྲེལ་སོགས་རྩོད། བོད་ཟླ་གཉིས་པའི་ནང་ཟླ་ཆོས་གཅིག། བོད་ཟླ་གསུམ་པའི་ཚེས་ཉེར་བཞི་ནས་བཞི་པའི་ཚེས་གསུམ་བར་དབུས་ཀྱི་ཕྱག་སྲོལ་ལྟར་ཁྲི་པ་རིན་པོ་ཆེ་ནས་འཇམ་དཔལ་ཞལ་ལུང་གི་སྟེང་ནས་མྱོང་ཁྲིད་ཉིན་དགུ་ལ་གནང་། མཐར་སེམས་སྐྱེད་སོགས་ལེགས་པར་འགྲུབ་རྗེས་ཚོགས་མཆོད་ཀྱི་དབུ་ཚུགས་ཤིང་གསུང་ཆོས་གཙོ་བོ་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཡིན། སྐབས་འདི་ནའང་ཆོས་གྲྭ་ཉིན་བཅོ་ལྔ་ཡོད། དེ་ནས་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་རྒྱལ་བ་སྲས་བཅས་པ་གཉེས་པར་བྱེད་པའི་མཆོད་སྤྲིན་རྣམས་གུང་བསྒྲིགས་ཏེ་ཁྲི་པ་གདན་དྲངས་ནས་དགོན་པའི་སེར་མོ་ཡོངས་གླིང་བསྐོར་དུ་ཕེབས་དགོས། ལྷ་ལྡན་ནས་ཇོ་ཁང་བསྐོར་ཚར་རྗེས་རྩེ་པོ་ཏ་ལར་ཕྱག་འཚལ་ བའི་དཔེ་བཞིན། དགོན་པའི་མདུན་དུ་ཁྲི་པ་བཞུགས་ཤིང་དགེ་འདུན་པ་བཅུ་དྲུག་གིས་དབུས་ཕྱོགས་སུ་ཕྱག་འཚལ་དགོས།

དགོན་པ་འདིའི་སྤྱིའི་ཆོས་སྐྱོང་དཔལ་ལྡན་ལྷ་མོ་དང་མགོན་པོ་ཕྱག་དྲུག། གུར་མགོན། མགོན་པོ་ཞལ་བཞི་པ། ཇོ་སྲས། ཆོས་རྒྱལ། རྒྱལ་པོ་སྐུ་ལྔ། རྒྱལ་ཆེན་ཤུགས་ལྡན་སོགས་ཡིན་ལ་དགོན་པ་རང་གི་ཆོས་སྐྱོང་གཙོ་བོ་དགྲ་ལྷ་ཡིན་ཞིང་ཁོང་ནི་སྲིད་པ་ལྷ་དགུའི་ནང་གི་ཇོ་བོ་གཡུལ་རྒྱལ་ཆེན་མོ་ཡིན་པར་གསུངས། དེ་ལས་གཞན་འཇིམ་སྐུ་བཟོ་བའི་སྲོལ་རིང་ཞིང་ཐང་ག་འབྲི་བའི་ཐད་དཀྱིལ་འཁོར་བཞེངས་པ་ནི་དགོན་པ་འདིའི་ལྷ་བཟོའི་གཞན་ལས་འཕགས་པའི་ཁྱད་ཆོས་ཤིག་ཡིན།

དྲུག་པ། དགོན་པའི་དཔལ་འབྱོར།
[page 48] དར་རྒྱས་དགོན་པའི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ་ནི་དགོན་པའི་མཚན་སྙན་གྲགས་བོད་ཡོངས་ལ་ཁྱབ་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཡིན་ལ་དགོན་སྡེ་གཞན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ཡང་ཡིན། དེ་ལྟ་བུའི་སྟོབས་ཀྱི་འབྱོར་བ་ཆེན་པོ་དེའི་འབྱུང་ཁུངས་གཙོ་བོ་ཚོང་ལས་དང་ཞིང་ལས་འབུལ་བ་བཅས་གསུམ་ཡིན། སྤྱི་ཁག་ཞེས་དགོན་པ་ཡོངས་ཀྱི་དཔལ་འབྱོར་དོ་དམ་བྱེད་མཁན་ལས་ཁུངས་ཤིག་ཡོད་ཅིང་དེའི་གཏོགས་སུ་སྤྱི་སོ་ཁང་དང་ཆོས་ར་གཉེར་ཁང་། མགོན་གཉེར་ཁང་། འབྲུ་གཉེར་ཁང་། དཀོན་གཉེར་ཁང་བཅས་བྱེ་བྲག་གི་ལས་ཁུངས་བདུན་ཡོད་པས་དར་དགོན་གྱི་དཔལ་འབྱོར་སྒྲིག་གཞི་གསལ་པོར་རྟོགས་ནུས།

གཅིག། སྤྱི་སོ་ནི་དར་དགོན་གྱི་ཚོང་ལས་ཆེད་གཉེར་གྱི་ལས་ཁུངས་ཡིན་ཞིང་ཁོངས་མི་གཙོ་བོ་དྲུག་ཡོད་དེ། རྒན་པ་གཅིག་དགོན་ནང་དུ་བཞུགས་ཏེ་སྤྱིའི་བཀོད་འདོམས་བྱེད་ལས། གཅིག་ལྷ་ས་དང་གཅིག་ཆབ་མདོ། གཅིག་སྐྱེ་རྒུ་མདོ། གཅིག་དར་རྩེ་མདོ་བཞི་རུ་བཅའ་སྡོད་བྱས་ཤིང་། གཅིག་གིས་ཕན་ཚུན་བར་འབྲེལ་བ་དང་འགྲིམ་འགྲུལ་གྱི་འགན་འཁུར་ཡོད་ལ། དེ་ཚང་མ་རྒན་པ་ལྷ་རིམ་གྱིས་བསྐོ་བཞག་བྱེད་དགོས་ལ་ལོ་གསུམ་ནང་ཐེངས་གཅིག་བརྗེ་བའི་སྲོལ་ཡོད། སྤྱི་སོ་གསར་ཁུར་རེ་ལ་དགོན་པ་སྤྱི་ཁག་གིས་ཚོང་རྟེན་མ་རྩ་སྒོར་ཁྲི་བརྒྱ་སྤྲོད་ཅིང་ལོ་གསུམ་ལོངས་རྗེས་མ་དངུལ་དང་འཕར་དངུལ་མཉམ་དུ་སྤྱི་ཁག་ལ་སྤྲོད་དགོས། འཕར་དངུལ་མང་ན་རང་ལ་ཁ་ཤས་དབང་ཡང་ཕལ་ཆེ་བས་བདག་གིར་མ་འཛིན་པར་ཚོགས་འགྱེད་གཏོང་ཐེངས་གཅིག་ལ་གྲྭ་པ་རེར་དངུལ་སྒོར་བརྒྱ་ལྷག་ཙམ་སྟེར་བའམ་ཇ་སྒམ་རེ་སྟེར་བའང་ཡོད་ཟེར། ཚོང་རྒྱུགས་མ་བཟང་བར་མ་རྩ་བརླག་ན་རང་གིས་འཇལ་དགོས་ཀྱང་དོན་དེ་འདྲ་བྱུང་བ་ཧ་ཅང་ཉུང་ཙམ་རེད། བོད་སྡེ་པ་གཞུང་ལ་ཚོང་ཁྲལ་འཇལ་མི་དགོས་པ་མ་ཟད་ཚོང་དབུས་ཕྱོགས་སུ་འདྲེན་དུས་ལམ་བརྒྱུད་ཀྱི་ས་གནས་ནས་གཞུང་ལྟར་འུ་ལག་སྒྲུབ་དགོས་པས། དར་དགོན་སྤྱི་སོས་གཉེར་པ་ནི་ཚོང་ཆེན་གཙོ་བོ་ཡིན་ལ་འཕར་དངུལ་ཀྱང་བརྒྱ་ཆའི་བཅུ་ཕྲག་མ་ཡིན་པར་བརྒྱ་ཆའི་བརྒྱ་ཕྲག་དུ་མ་ཡིན་པ་དཔེར་ན་1952ལོར་དར་དགོན་གྱིས་དར་རྩེ་མདོ་ནས་ཇ་སྒམ་གཅིག་ལ་དངུལ་སྒོར་བཅུ་ཡི་གོང་གིས་སྒམ་ཁྲི་བཞི་ལྷ་སར་དྲངས་ཏེ་ཇ་སྒམ་རེ་ལ་དངུལ་སྒོར་བརྒྱ་བྱས་ནས་བཙོང་བས་ཚོང་ཐེངས་གཅིག་ལ་མ་དངུལ་སྒོར་ཁྲི་བཞི་བརྒྱ་རུ་འཕར་བས་མཚོན་ཐུབ་བོ།

གཉིས། མགོན་གཉེར་ཁང་ལ་ཁོངས་མི་གཙོ་བོ་གསུམ་ཡོད་པ་དེ་སྣེ་བརྒྱད་འཛོམས་ཀྱིས་བསྐོ་[page 49] བཞག་བྱེད་དགོས་ཤིང་ཁུར་ཡུན་ལོ་གཅིག་ཡིན་ལ། འགན་འཁུར་གཙོ་བོ་མགོན་པའི་འབུལ་བར་དོ་དམ་དང་འབུལ་བའི་དངོས་པོ་བཙོང་པ་སོགས་ལས་སྤྱི་སོ་ལ་རམ་གདམས་ཀྱིས་ཚོང་ཆུང་བ་ཁ་ཤས་གཉེར་ཞིང་དངོས་པོ་གཙོ་བོ་མར་དང་སྣོད་ཅ་ལག་གི་རིགས་ཡིན། ཁོ་ཚོའི་ལག་ཏུ་མ་རྩའི་དངུལ་ཁྲི་ཉི་ཤུ་ལྷག་ཡོད་ཅིང་དེའི་འཕར་དངུལ་དང་དགོན་པའི་གཏན་འཇགས་ཀྱི་མ་དངུལ་སྒོར་ཁྲི་བརྒྱ་ཙམ་ཡོད་པ་སྤྱད་དེ་ཟླ་སྐྱེད་ལྔ་འཕར་གྱི་སྐྱེད་ལྕིའི་བུ་ལོན་བཏང་ནས་ལོ་གཅིག་རིང་གི་ཡོང་སྒོ་འཕར་དངུལ་སྤྱི་སོ་ལ་སྤྲད་དེ་དགོན་པའི་མཆོད་ཚོགས་ཀྱི་འགྲོ་དངུལ་བྱེད།

གསུམ། འབྲུ་གཉེར་ཁང་ལ་མཚོན་ན་འབྲུ་གཉེར་གཙོ་བོ་མི་གསུམ་ཡོད་ལ། དེའང་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས་ཤིང་ལོ་ལྔའི་ནང་ཐེངས་གཅིག་བརྗེ་དགོས། འགན་འཁུར་གཙོ་བོ་ཞིང་ལས་དོ་དམ་གྱི་བྱ་བ་ཡིན། དར་རྒྱས་དགོན་པ་ལ་ཞིང་ས་མུའུ་སྟོང་གཅིག་དང་བརྒྱ་ལྷག་ཡོད་པ་དེ་མཐོ་རིམ་དབང་བསྒྱུར་སྲིད་གཞུང་གིས་སྤྲད་པ་དང་ཡུལ་དེའི་ས་འཛིན་སོགས་ཀྱིས་ཕུལ་བ། དགོན་གཏོགས་སྡེ་བ་ལས་ཁྱིམ་རྒྱུད་ཆད་པའི་ཞིང་ས་བཅས་ཀྱིས་གྲུབ་ཅིང་བདག་གཉེར་བྱེད་མཁན་ནི་དགོན་པའི་འཁོར་པ་ཁྱིམ་ཚང་སུམ་ཅུ་ལྷག་ཡོད་པ་དེ་ཡིན། འབྲུ་གཉེར་གྱིས་ཞིང་ལས་དོ་དམ་ལས་ཚོང་གི་ལས་ཀ་མི་བྱེད་ཀྱང་དགོན་པའི་རྒྱུན་མཁོའི་འབྲུ་རིགས་དང་སྔགས་པ་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་གི་གླ་ཕོགས་མང་ཤོས་འབྲུ་གཉེར་ནས་མཁོ་འདོན་བྱེད་དགོས། དེ་བས་དགོན་ནང་དུ་མདོ་ཆོག་གྲྭ་ཚང་གི་ཁ་ཕྱི་ལས་སྔགས་པ་དང་མཚན་ཉིད་གྲྭ་ཚང་གི་ཁ་ནང་ལ་བརྟེན་དགོས་ཞེས་བཤད་སྲོལ་ཡོད།

བཞི། ཆོས་ར་གཉེར་ཁང་གི་ཆོས་ར་གཉེར་མཁན་ཡང་ལས་སྣེ་བརྒྱད་འཛོམས་ཀྱིས་བསྐོ་བཞག་བྱེད་དགོས་ཤིང་མི་སྣ་གཙོ་བོ་ལྔ་ཡོད་ལ་ཁུར་ཐེངས་ལོ་གསུམ་ཡིན། ལས་འགན་གཙོ་བོ་ནི་དགོན་སྤྲད་མ་དངུལ་གཞི་བྱས་ཏེ་ཚོང་ལས་གཉེར་ནས་དགོན་པའི་ཆོས་ཕྱོགས་ཀྱི་འགྲོ་དངུལ་མཁོ་འདོན་བྱེད་དགོས།

ལྔ། ཁང་གཉེར་ནི་གཏན་འཇགས་ཀྱི་ལས་ཁུངས་ཤིག་མ་ཡིན་ལ། དགོན་པ་སྤྱིའི་ལྷ་ཁང་སོགས་བཞེངས་དུས་ད་གཟོད་རྩ་འཛུགས་ཀྱི་འགན་འཁུར་བ་ཡིན། གཙོ་བོ་མི་གསུམ་ཡོད་པའི་རྒན་པའི་འགན་སྤྱི་དང་གཞོན་པ་གཅིག་གིས་ཤིང་ཆ། གཅིག་གིས་བཟོ་པ་དང་ཁོ་ཚོའི་གླ་ཕོགས་སོགས་ཀྱི་འགན་འཁུར་དགོས། དགོན་པས་ཁང་པ་གསར་རྒྱག་གི་འཆར་གཞི་འགོད་དུས་ཁང་གཉེར་ལ་སྒོར་ཁྲི་ཉི་ཤུ་ཙམ་གྱི་མ་དངུལ་སྤྲོད་ཅིང་ཁོ་ཚོས་མ་དངུལ་སྟེང་ཚོང་བྱས་ཏེ་འཕར་དངུལ་འོས་འཚམས་ཤིག་ཆགས་རྗེས་དེ་ལ་རྟེན་ནས་ཁང་པ་བསྐྲུན་དགོས།

དྲུག། ཕྱོགས་གཉེར་ཁང་ནི་དར་རྒྱས་དགོན་པར་གཏོགས་པའི་ཉེ་འདབས་ཀྱི་སྡེ་བའི་ནང་གི་གྲྭ་ཚན་རང་གི་རྩ་འཛུགས་བྱས་པ་ཡིན་ལ། བསྡོམས་པས་ཕྱོགས་གཉེར་ཁང་བདུན་ཡོད་པར་འགོ་བ་མི་[page 50] བཅོ་ལྔ་ཙམ་ཡོད། ཁོ་ཚོས་རང་གི་གྲྭ་ཚན་དང་སྡེ་བས་ཕུལ་བའི་འབུལ་བར་དོ་དམ་བྱེད་པ་ལས་ཚོང་དང་སྐྱེད་བུན་བཏང་ནས་འཕར་དངུལ་ལོན་པ་རང་ཚན་གྱི་འགྲོ་སོང་ལ་གཏོང་བ་དང་ད་དུང་ལྷག་མ་ཡོད་ན་སྤྱི་སོ་ལ་སྤྲོད་མི་དགོས་པར་རང་ཚན་གྱི་མི་ལ་བགོས་ཆོག། འདི་ནི་དར་དགོན་གྱི་ཆོས་སྲིད་འདྲེས་མའི་ཕྱི་རིམ་གྱི་རྩ་འཛུགས་ཤིག་ཡིན།

བདུན། དཀོན་གཉེར་ལ་གཙོ་བོ་མི་དགུ་ཡོད་ཅིང་དེ་དག་རྒན་པ་ལྷ་རིམ་ནས་བསྐོ་བཞག་བྱེད་དགོས། འགན་འཁུར་ནི་དགོན་པའི་རྒྱུ་ནོར་དང་གཏན་འཇགས་མ་དངུལ་ལ་དོ་དམ་བྱེད་དགོས་པ་སྟེ། རྒན་པ་གཅིག་གིས་སྤྱིའི་བྱ་བར་འགན་འཁུར་བ་ལས་གཞོན་པ་ཚོས་དགོན་པའི་རྩིས་ཐོ། གསུང་རྟེན། ཐུགས་རྟེན། མཆོད་ཆས། འཆམ་ཆས། གསེར་དངུལ་ཡོ་ཆས་སོགས་སོ་སོར་འགན་འཁུར་དགོས། ལྷ་ཁང་སོགས་གཙང་སྦྲ་བྱེད་དུས་དཀོན་གཉེར་གསུམ་འདུས་ཡན་ཆད་ལས་མི་གཅིག་པུ་སོང་མི་ཆོག། དེ་ནི་རིན་ཆེན་གྱི་རྟེན་དང་མཆོད་ཆས་སོགས་སྲུང་སྐྱོབ་བྱེད་པའི་ཐབས་ཤིག་ཡིན།

གོང་གསལ་གྱི་ལས་ཁུངས་བདུན་པོ་ནི་དར་རྒྱས་དགོན་པའི་དཔལ་འབྱོར་སྤྱིའི་སྒྲིག་གཞི་ཡིན་ཞིང་། དེ་ལས་གཞན་དར་རྒྱས་དགོན་པའི་དཔལ་འབྱོར་གྱི་ཚད་མཐོ་བ་དང་དགོན་སྡེ་གཞན་ལས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མཚོན་བྱེད་ནི་རང་གིས་ཤོག་སྒོར་པར་ནས་འགྲེམ་སྤེལ་བྱས་པ་སྟེ། མདོ་སྨད་བསྟན་པའི་མཛེས་རྒྱན་བཀྲ་ཤིས་དར་རྒྱས་དགོན་གྱི་ཆོས་རའི་ཕོགས་དངུལ་བྱ་བར་སྒོར་གཅིག་དང་ཕྱེད་ཅན་སྣ་གཉིས་ཡོད་ཅིང་། དེ་ནི་དགོན་པ་སྤྱིའི་མ་དངུལ་གཅིག་བསྡུས་ཀྱིས་ཕྱི་ལ་ཚོང་བྱེད་པ་དང་ནང་མི་ལ་ཕོགས་དངུལ་སྟེར་བདེ་བའི་ཆེད་དུ་དགོན་ནང་ལས་ཕྱི་ལ་སྤྱད་མི་ཆོག་མོད། ཉེ་འཁོར་ས་ཆ་རུ་རང་བཞིན་གྱིས་ཁྱབ་ནས་སྤྱོད་རྒྱ་ཅུང་ཆེ་བར་བཤད། ཤོག་དངུལ་དེ་རིགས་ཆོས་རའི་གཉེར་པས་པར་འདེབས་དང་དོ་དམ་བྱེད་དགོས་ཤིང་དངུལ་ཐོག་ཏུ་ཆོས་རའི་གཉེར་པ་དང་དགོན་པའི་མཁན་པོ་གཉིས་ཀྱི་ཐམ་ག་མ་བཀོད་ན་སྤྱད་མི་ཆོག།

བདུན་པ། དགོན་པའི་དེང་དུས་ཀྱི་གནས་ཚུལ།
བཅིངས་འགྲོལ་ཐོབ་ཚུན་དང་ལྷག་པར་དུ་1980ལོ་ནས་བཟུང་ཏང་གི་ཆོས་ལུགས་སྲིད་ཇུས་ཁག་ལག་ལེན་དོན་འཁྱོལ་བྱུང་ཞིང་། དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་བཙུགས་པ་དང་རྒྱལ་ཁབ་ཀྱི་རིམ་པ་ཁག་གི་སྡེ་ཚན་ནས་དགོན་པ་ཉམས་གསོར་གྲོན་དངུལ་མང་པོ་གནང་། དེང་སྐབས་ཚོགས་ཆེན་འདུ་ཁང་དང་གསོལ་གནས་ཁང་། ལི་མ་ཁང་། བཀའ་གདམས་ཁང་། རྒྱལ་བ་པཎ་ཆེན་གཟིམས་ཁང་། དགྲ་ལྷ་ཁང་། རྣམ་སྲས་ཁང་། གཉེར་ཁང་། དཔེ་མཛོད་ཁང་། ཞལ་ངོ་རྒན་[page 51] གཞོན་ཁང་། ཆོས་ར། གྲྭ་ཤག་སུམ་བརྒྱ་ང་གསུམ་བཅས་བཞེངས་ཐུབ་པ་བྱུང་། སྐུའི་རྟེན་གསེར་སྐུ་ཪྙིང་པ་རྗེ་ཡབ་སྲས་གསུམ་དང་སྒྲོལ་མ་སོགས་ཉེར་ལྔ། རྡོ་རྗེ་གསུམ། རྟ་མགྲིན། སྟོན་པའི་ཉེ་སྲས་བརྒྱད། བྱམས་པ། རྣམ་སྣང་། སྟོན་པ། ཇོ་བོ་རྗེ། སེང་གེ་ང་རོ། ཕྱག་རྡོར་སོགས་དང་། ཐང་ག་གསར་ཪྙིང་མང་པོ། ལྡེབས་བྲིས་སྣ་ཚོགས་བཞུགས་ཤིང་། གསུང་གི་རྟེན་ལ་བཀའ་འགྱུར་ཆ་ཚང་བཞི། བསྟན་འགྱུར་ཆ་གཅིག། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ལྔ། ཐུབ་བཀྭན་གསུང་འབུམ། གུང་ཐང་གསུང་འབུམ། རྒྱུད་ཆ་ཚང་དྲུག། བྱམས་མཁས་གྲུབ་ཀྱི་རྣམ་ཐར་བཅས་བླུས། དར་རྒྱས་དགོན་པའི་སེར་མོ་བའི་གྲངས་རྒྱལ་ཁབ་ཀྱིས་ཐག་བཅད་པ་བདུན་བརྒྱ་དང་དངོས་སུ་བཞུགས་པ་གསུམ་བརྒྱ་བརྒྱད་ཅུ་ལས་ཕྱི་ལ་གསར་དུ་ཕེབས་པ་དོན་དྲུག་ཙམ་དང་དགོན་པ་མ་བརྒྱུད་པར་རང་སྒེར་གྱིས་ཕྱི་ལ་བྱོན་པ་བདུན་བརྒྱ་ལྷག་ཡོད་པར་འཆད།

མདོར་ན། དགོན་པའི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ཞིང་ལས་དང་ཚོང་ལས། འབུལ་བ་གསུམ་ཡིན། དགོན་པ་རང་ལ་ཞིང་ས་མེད་ཀྱང་ས་མུའུ་སྟོང་ཙམ་གཡར་ནས་ལོ་གཅིག་ལ་མུའུ་རེར་སྒོར་བཅོ་ལྔ་སྤྲོད་རྒྱུ་བྱས་ཏེ་ཞིང་ལས་ཚོ་ཆུང་བཙུགས་ཡོད། དེར་ད་ལྟ་འདྲུད་འཐེན་འཁོར་ལོ་གཉིས། རྨོ་འདེབས་འཁོར་ལོ་གཉིས། འབྲུ་ལེན་འཁོར་ལོ་གཅིག། གློག་བསྐྱེད་འཁོར་ལོ་གཅིག་བཅས་ཡོད། དགོན་པར་ཕྱུགས་ཟོག་སུམ་བརྒྱ་དང་མོ་ཏྲ་ཆེ་ཆུང་གསུམ། དགོན་པའི་ཚོང་ཁང་ཆབ་མདོ་ན་གཅིག་དང་མཁར་སྒང་ན་གཅིག། དཀར་མཛེས་ན་གཅིག། དར་རྩེ་མདོ་ན་གཅིག་བཅས་བཞི་ཡོད་ལ། མགྲོན་ཁང་དཀར་མཛེས་ན་གཅིག་དང་རྟ་བོ་ན་གཅིག་བཅས་གཉིས་ཡོད། དེ་ལས་གཞན་པར་ཁང་གཅིག་དང་ཉེ་འཁོར་མི་སེར་ལ་དོན་བཟང་སྒྲུབ་ཆེད་བོད་སྨན་ཁང་གཅིག་བཙུགས་ཡོད།

གྲྭ་པ་རྣམས་རང་ཁ་རང་གསོ་དང་། གྲྭ་པའི་དགེ་རྒན་རྣམས་ལ་ཟླ་རེར་སྒོར་བཅོ་ལྔ་རེ་དགོན་གཞུང་ནས་སྟེར་ཞིང་སྦྱིན་བདག་མེད་པའི་གྲྭ་རྒན་ཁ་ཤས་དང་ཉེ་འདབས་སྡེ་བའི་ནང་གི་བདག་མེད་བགྲེས་པོ་རྣམས་ལ་དགོན་པས་འཚོ་རྟེན་སྒྲུབ་བཞིན་ཡོད།

1 comment:

  1. བཀྲིས་བདེ་ལེགས།་ཁམས་བཟང་། གོང་གི་ཡི་གེ་རྣམས་མཐའ་ཟུར་འཐོར་བ་འདྲ་བོ་མཐོང་གི་འདུག སྒྲོམ་གཞི་ངོས་སུ་ཡག་པོ་སྒྲིག་ཡོད་ས་མ་རེད། རྗེས་སུ་དགོན་སྡེ་ཁག་གི་ལོ་གཅིག་གི་མཛད་རིམ་དང་པར་རིས་སོགས་རྒྱུད་འགོད་བྱ་ཐུབ་ན་ཡག་པོ་འདུག བསམ་ཚུལ་ཙམ་ཡིན། ནོར་ཡོད་ན་དགོངས་དག་ཞུ།

    ReplyDelete