2015-03-31

བྲག་ལྕོགས་བྱམས་དགོན།

བྲག་ལྕོགས་དགོན་ནམ་དཀར་མཛེས་རྫ་ཁོག་ཏུ་ཆགས་ཡོད་པས་རྫ་བྲག་ལྕོགས་དགོན་ཡང་ཟེར་བ་དེའི་རྒྱས་མིང་ལ་བྲག་ལྕོགས་དགའ་ལྡན་བྱམས་པ་གླིང་ཟེར། བྲག་ལྕོགས་ནི་དགོན་པ་དེ་བྲག་སྣ་ཞིག་ཏུ་ཆགས་ཡོད་པ་ལ་བྲག་གིས་ལྕོགས་པའམ་ཐེག་པ་དང་། དགེ་ལྡན་ནི་རི་བོ་དགེ་ལྡན་པ་དང་། བྱམས་པ་ནི་དགོན་པ་དེ་ཕྱག་འདེབས་པ་པོ་རྗེ་དགེ་འདུན་ཆོས་འཕེལ་གྱིས་བང་མི་གཉིས་ཁོང་ཀྱི་གི་མ་སྟེ་རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱི་མདུན་དུ་མངགས་ཏེ་བྲག་ལྕོགས་དགོན་གསར་དུ་བཏབ་པར་རྟེན་བྱིན་ཅན་ཞིག་ཞུས་པ་ལ་བྱམས་པའི་སྣང་བཪྙན་ལི་མ་བཞེངས་སྟབས་ཅན་ཞིག་གནང་པས་བྱམས་པའོ། ལམ་བྲག་སྐལ་བཟང་རྣམ་རྒྱལ་དང་ཁང་དམར་སྤྲུལ་སྐུ་གཉིས་ཀྱི་ཏྲེ་ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་གཉིས་ལས་དགོན་པ་འདིའི་མིང་ལ་རྫ་བྲག་ལྕོགས་དགའ་ལྡན་འཕེལ་རྒྱས་གླིང་ཟེར། དགོན་པ་འདི་ཁམས་དཀར་མཛེས་ཀྱི་རྫ་ཁོག་དུ་རྫ་ཆུ་ཤར་དུ་འབབ་པའི་ཀྱོག་ཐིག་ཅིག་གི་ཕྱིའི་བྲག་སྣ་ཚོགས་ཞིག་ཏུ་ཆགས་ཡོད་ལ། དེའི་ཤར་ཕྱོགས་ཀྱི་རྫ་ཆུའི་སྨད་རྒྱུད་དུ་རྫ་དགའ་ལྡན་བསམ་གྲུབ་གླིང་ཡོད། དགོན་པ་འདིའི་ལོ་རྒྱུས་ཀྱི་ཡིག་ཆ་ཪྙིང་བ་ན་མེད་མོད། ཕྱིས་སུ་བྲིས་པའི་ཤོག་དྲིལ་གཅིག་དང་ངག་རྒྱུན་ལྟར་ན། ཕྱག་འདེབས་མཁན་རྗེ་དགེ་འདུན་ཆོས་འཕེལ་ནི་སྤྱི་ལོ་1410ལོ་ཙམ་ལ་དབུས་གཙང་གི་ཡུལ་སྡེ་ཞིག་ཏུ་འཁྲུངས་ཤིང་ཕྱིས་སུ་རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་དངོས་སློབ་སུ་གྱུར། རྗེ་དགེ་འདུན་གྲུབ་ཀྱིས་ཁོང་ལ་སོང་ནས་ཞྭ་སེར་གྱི་བསྟན་པ་སྤེལ་གང་ཐུབ་གྱིས་དང་ཞེས་གདམས་པ་ལྟར་ཁམས་སུ་ཞྭ་སེར་གྱི་བསྟན་པ་སྤེལ་བས་མཚན་ལ་སེར་རུང་བླ་མ་ཐོགས་ཤིང་ཁམས་ཕྱོགས་སུ་དགའ་ལྡན་ལྔ་མཆོད་ཐེངས་དང་པོར་འཛུགས་མཁན་ཡིན་པས་ལྔ་མཆོད་བླ་མ་ཡང་ཟེར། རྗེ་དགེ་འདུན་ཆོས་འཕེལ་ནས་ད་སྐབས་ཀྱི་སེར་རུང་སྐུ་ཆེན་བྱམས་པ་ཐུབ་བསྟན་བར་ལ་སྐུ་ཕྲེང་བཅུ་ཕྲག་གཅིག་ལྷག་བརྒལ་ཡོད་མོད་ཞིབ་ཆ་མི་གསལ། ངག་རྒྱུན་ལྟར་ན། རྗེ་དགེ་འདུན་ཆོས་འཕེལ་ནས་བཟུང་ཡང་སྲིད་བཙལ་ནས་རྒྱལ་དབང་ལྔ་བའི་བར་དུ་སླེབས་སྐད། རྒྱལ་དབང་ལྔ་བའི་དུས་ཀྱི་སེར་རུང་བླ་མ་འདས་ཤིང་དེའི་ཡང་སྲིད་ལ་རྗ་ཆུང་འགའི་ཚེམ་ཡིག་ལྔ་བ་ཆེན་པོར་ཕུལ་བ་ལ་ཡང་སྲིད་གཉིས་ཡོད་པར་ཐག་བཅད། དགོན་པ་འདི་འདྲ་ཆུང་ཆུང་ཞིག་གི་བླ་མ་གཅིག་ལ་ཡང་སྲིད་གཉིས་མི་དགོས་ཟེར་བ་ལ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཡང་སྲིད་གཉིས་ཡོད་ན་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཡོད། ཁོང་གཉིས་གསེར་ཁྲིར་མངའ་གསོལ་གྱིས་གསུངས་པས་སེར་རུང་སྐུ་ཆེན་དང་སྐུ་ཆུང་བྱ་བའི་བླ་རབས་གཉིས་ཀྱི་རྒྱུན་བསྐྱངས། དེ་ནས་བཟུང་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་[page 37] བྲག་ལྕོགས་དགོན་འདིའང་ཧོར་གྱི་དགོན་སྡེ་བཅུ་གསུམ་གྱི་གྲས་སུ་བརྩིས་ནས་གཟིགས་སྐྱོང་གནང་བར་བཤད་མོད། དགོན་པ་འདི་ཧོར་ཆོས་ལས་མི་རབས་འགས་སྔ་བ་གོང་སྨྲས་ཀྱི་ལོ་རྒྱུས་ལས་གསལ།

ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ལས་བྲག་ལྕོགས་དགོན་འདི་ཧོར་ཆོས་རྗེས་བཏབ་པ་གཞི་བཞག་ཏུ་བྱས་པ་དང་། ཁང་དམར་སྤྲུལ་སྐུའི་ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ཀུན་གསལ་མེ་ལོང་ལས། རྫ་བྲག་ལྕོགས་དགོན་དགའ་ལྡན་འཕེལ་རྒྱས་གླིང་འདི་ཡང(ཧོར་ཆོས་རྗེས་བཏབ་པ་)ཡིན་མིན་གྱི་གླེང་མོ་འདུག་སྟེ་དགོན་པ་གསར་རྒྱབ་ཀྱི་ཕྱོགས་སུ་བཞག་དགོས་པ་འདྲ་འདུག་ཅེས་གསུངས་ནས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བཏབ་པར་བཞེད་མོད་ཁོང་གིས་ཕྱག་བཏབ་པའི་ལོ་རྒྱུས་ཚིག་གཅིག་ཀྱང་འབྲི་རྒྱུ་ཪྙེད་མེད། སེར་རུང་སྐུ་ཆེ་ཆུང་རིམ་བྱོན་ཚང་མའི་ལོ་རྒྱུས་མི་གསལ། སྐུ་ཕྲེང་རིམ་བྱོན་ལས་མཁས་ཆེ་ཤོས་འཇམ་དབྱངས་དབང་ཕྱུག་རབ་བརྟན་ཟེར་བ་འཁྲུངས་མྱོང་བ་སེ་ར་བྱེས་ཀྱི་དགེ་བཤེས་ཡིན། གསུམ་འབུམ་པོ་ཏི་གསུམ་བཞུགས་པ་དམངས་བཅོས་སྐབས་ཞང་ནང་དུ་ཁྱེར་ཏེ་མེར་བསྲེགས། དེའི་ཡང་སྲིད་བྱམས་པ་ཐུབ་བསྟན་རབ་རྒྱས་1937ལོར་འཁྲུངས། སེར་རུང་སྤྲུལ་སྐུ་རྒྱལ་དབང་གི་ཐུགས་ཐག་གཅོད་པའི་ཕྱག་སྲོལ་ཡོད་མོད་སྐབས་དེར་རྒྱལ་དབང་སྐུ་ན་ཆུང་བས་ཡོངས་འཛིན་ཕུར་ལྕོགས་བྱམས་པ་རིན་པོ་ཆེས་ཐུགས་ཐག་བཅད། མཚན་གྱི་བྱམས་པ་ཟེར་བ་དེ་ཡིན་ཟེར། དགུང་ལོ་ཉེར་ཤུའི་སྟེང་ལ་སེ་ར་བྱེས་སུ་བཞུགས། ལོགགཉིས་ཀྱི་རྗེས་1959བཙོན་དུ་བཅུག 1962ལོ་བཙོན་ནས་གྲོལ་ཏེ་ཁམས་བྲག་མགོ་དགོན་དུ་ལོ་བཞིར་བསྡད། 1966ལོའི་རིག་གནས་གསར་བརྗེ་སྐབས་སུ་སླར་ཡང་དགོན་པ་ནས་ཕྱིར་ཕུད་དེ་ཞིང་ལས་ཐོན་སྐྱེད་ལ་ཞུགས། 1985ལོ་ཕྱིར་བྲག་ལྕོགས་དགོན་པར་བཞུགས་ཆོག་པའི་ཆོག་མཆན་ཐོབ། 1990ལོ་དཀར་མཛེས་རྫོང་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ནང་བསྟན་ཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་བཅས་ལ་བསྐོས་ཏེ་གཙོ་བོ་རྫོང་ཐོག་གི་སྲིད་གྲོས་ནང་དུ་བཞུགས། ཁོང་བྲག་མགོ་དགོན་ན་བཞུགས་དུས་རིག་གནས་གསར་བརྗེ་ཡོང་རྒྱུ་དང་དེས་ཪྙིང་བ་ཐམས་ཅད་གཏོར་རྒྱུ་ཡིན་པའི་ཡིག་ཆ་ཞིག་མཐོང་བས་དེ་མ་ཐག་ཏུ་དཔལ་ལྡན་དངོས་གྲུབ་(ད་ལྟ་བྲག་མགོ་དགོན་གྱི་དབུ་མཛད་ཡིན་)ཟེར་བའི་བྲག་མགོ་དགོན་པའི་གྲྭ་བ་ཞིག་དང་མཉམ་དུ་དགོན་པའི་ཐང་ག་རྩ་ཆེན་དྲུག་བཅུ་ལྷག་དང་རྣམ་སྲས་ཀྱི་གསེར་སྐུ་ཆེན་པོ་གཅིག་སྦུབ་བདུན། སིལ་སྙན་གཅིག དུང་དཀར་གཉིས། མཆོད་ཕོར་བཅུ་དྲུག་བཅས་གསང་ཐབས་ཀྱི་ཕྱིར་ཁྱེར་ནས་མི་སེར་ཞིག་གི་ནང་དུ་བསྐུངས་ནས་ཕྱིས་སྲིད་ཇུས་ལྷོད་རྗེས་བྲག་མགོ་དགོན་པར་ཕུལ་བ་ད་རེག་བར་དུ་ལུས། དེས་རིག་གནས་དངོས་རྫས་སྲུང་སྐྱོབ་ལ་མཛད་རྗེས་བླ་ན་མེད་པ་བཞག སེར་རུང་སྐུ་ཆུང་རིམ་བྱོན་ལས་བྱམས་པ་རྣམ་གྲོལ་ཟེར་བ་རྒྱལ་དབང་བཅུ་གསུམ་པས་ཐུགས་ཐག་བཅད། ཁོང་གསེར་ཁྲིར་མངའ་གསོལ་ནས་ལོ་བཅོ་ལྔའི་བར་དུ་བྲག་ལྕོགས་དགོན་དུ་འདོན་ཆོས་རོལ་དབྱངས་དང་བཅས་པར་[page 38] སྦྱངས། དེ་ནས་ལྷ་ལྡན་དུ་ཕེབས་ནས་སེ་ར་བྱེས་སུ་ཞུགས། དགེ་བའི་བཤེས་གཉེན་དུ་མ་བསྟེན་ཞིང་མཐར་ལྷ་རམས་པའི་དམ་བཅའ་བཞག། དགུང་ལོ་45ལ་དཀར་མཛེས་སུ་སྐུ་གཤེགས། དེ་སྔོན་ཚོགས་ཆེན་འདུ་ཁང་ཀ་བ་སུམ་ཅུ་ཅན་ཞིག་དང་། སྐུ་གསུངས་ཐུགས་རྟེན་དང་ལྷག་པར་དུ་གསེར་སྐུ་མང་པོ་བསྟེན་ཡོད་པའི་གསེར་ཁང་ཟེར་བའི་ལྷ་ཁང་ཀ་བ་བཞི་ཅན་ཞིག་མགོན་ཁང་ཀ་བཞི་ཅན་ནང་དུ་སྲུང་མ་བེར་རྩེ་ལྕམ་སྲས་བསྟེན་ཡོད་པ། སྤྱི་ཁང་གཅིག་བླ་མ་གཉིས་ཀ་ལ་བླ་བྲང་གཅིག གྲྭ་བ་བཞི་རྒྱ་ལྷག་ཙམ། གྲྭ་ཤག་བཅུ་ལྷག་བཅས་ཡོད་པ་ཕྱིས་སུ་འཇིག། 1979ལོ་སླར་ཡང་ཆོས་སྒོ་ཕྱེ། 1986ལོར་འདུ་ཁང་ཆེ་མོ་བཞེངས་པ་ཕྱི་ལོ་ཆར་ཆུས་འཇིག། 1988ལོ་ཡང་བསྐྱར་བཞེངས་པ་ཕྱི་ལོ་ཡང་སྐྱར་ཆར་ཆུས་འཇིག། 1989ལོ་ཐེངས་གསུམ་པར་བཞེངས་འགོ་བརྩམས་པའི་ཚོགས་ཆེན་འདུ་ཁང་ཀ་བ་སོ་ལྔ་ཅན་དེ། 1994ཁོ་བོ་ཞིབ་དཔྱོད་དུ་ཕྱིན་དུས་ཁེར་ཐོག་གི་ཚོགས་ཆེན་འདུ་ཁང་རྟེན་བཞེངས་དང་བཅས་པ་གྲུབ་ཅིང་ཉིས་ཐོག་ཏུ་རྟེན་བཞེངས་པའི་སྒང་ཡིན། རྟེན་གལ་ཆེན་ནི་རྗེ་དགེ་འདུན་གྲུབ་ཀྱིས་གནང་པའི་བྱམས་སྐུ་ལི་མ་དེ་ཡིན། དེ་རིགས་གནས་གསར་བརྗེ་ལ་སོགས་པའི་དུས་འགྱུར་སྐབས་སུ་མི་སེར་གྱི་ལག་བརྒྱུད་ནས་བསྐུངས་ཏེ་མཐར་ཆོས་སྒོ་ཕྱེ་དུས་མི་སེར་ཚེ་དགའ་ཟེར་བས་དགོན་པར་ཕུལ། དེ་མ་གཏོགས་འཇིག་བྱེད་དང་དཔལ་ལྡན་ལྷ་མོ། སྲུང་མ་ལྕམ་སྲིང་དང་བཅས་པའི་ཐང་ག་ཪྙིང་བ་རྩ་ཆེན་གསུམ་ལུས་ཡོད་པ་དང་། བཀའ་ལྡན་སྡེ་དགེ་པར་མ་ཚར་གཅིག་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྐུ་འབུམ་པར་མ་ཚར་གཅིག་བཅས་སོ། རྒྱལ་ཁབ་ཀྱི་ཐག་བཅད་པའི་གྲྭ་བའི་གྲངས་ཀ་ནི་ལྔ་བཅུ་དང་ཐོར་བཀོད་པ་དོན་ལྔ། རྒྱུན་སྡོད་སོ་གསུམ་མོ། གྲྭ་བའི་ཡོངས་ཁུངས་གཙོ་བོ་ནི་སྤྱི་ཚོགས་གསར་ཪྙིང་གཉིས་ཀ་ལ་སྔར་དགོན་པ་འདིའི་ལྷ་སྡེ་ཡིན་པའི་ཚོ་བ་བདུན་ཡོད་ཏེ། ཡར་པོ་དང་། ཆུ་གཉིས། སེར་མདའ། འོད་དྲོ། ཧེ་ན། ཤར་བ། རི་རིང་བཅས་སོ།

དགོན་པ་འདིར་སློབ་གཉེར་གྱི་འཛིན་གྲྭ་བཞི་ཡོད་དེ། དང་པོ་ལྷ་ལྡན་སྨོན་ལམ་ཆེན་མོར་ཐེངས་གསུམ་ཞུགས་པ་སྟེ་སེ་འབྲས་དགེ་གསུམ་གང་རུང་དུ་སློབ་གཉེར་ལོ་གསུམ་ཡན་ཆད་གནང་མྱོང་བའི་བཀའ་རམ་ཟེར་སྐོར་གཅིག་དང་། དགེ་སློང་བསྒྲུབས་རུང་གྲྭ་ས་གསུམ་ལ་ཞུགས་མྱོང་བའི་སྐོར་གཅིག་དང་། གྲྭ་ས་གསུམ་ལ་ཞུགས་མ་མྱོང་བའི་དགེ་ཚུལ་སྐོར་གཅིག་དང་། ད་རུང་རབ་བྱུང་བསྒྲུབས་མེད་པའི་སྐོར་གཅིག་དང་བཅས་བཞིའོ། དུས་ཆོད་རྣམས་དགེ་ལུགས་པ་ཀུན་དང་མཐུན། དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་དགོན་པ་ཆ་ཚང་སླར་གསོ་བྱེད་ཐུབ་མེད།

དགོན་པའི་ལས་སྣེ་ཕྱོགས་ལ་དགེ་བསྐོས་གཅིག་ལ་འགན་ཡུན་ལོ་གསུམ་དང་། ཁྲི་བ་གཅིག་ལ་འགན་ཡུན་ངེས་མེད། དབུ་མཛད་གཅིག་ལ་འགན་ཡུན་ལོ་ལྔ། གཉེར་བ་དང་མཆོད་གཡོག་མི་གཅིག་རེར་འགན་ཡུན་ལོ་གཅིག་རེ་བཅས་ཡིན་ལ། དེ་ལས་གཉེར་བ་ལ་དམངས་བཅོས་སྔོན་དུ་གཉེར་ཆེན་དང་གཉེར་ཆུང་[page 39] དང་སྤྱི་བ་(མཛོད་བདག་)གསུམ་ཡོད་པ་མ་གཏོགས་གཞན་པ་ཐམས་ཅད་སྤྱི་ཚོགས་གསར་ཪྙིང་ལ་ཁྱད་པར་མེད། དམངས་བཅོས་སྔོན་ལ་དགེ་བསྐོས་དང་ཁྲི་བ་དང་དབུ་མཛད་གསུམ་སེར་རུང་སྐུ་ཆེན་གྱིས་ཐག་གཅོད་དགོས་ཤིང་གཉེར་བ་གསུམ་དང་མཆོད་གཡོག་ནི་དགེ་བསྐོས་ཀྱི་ཐག་གཅོད་དགོས། ད་སྐབས་དེ་ཐམས་ཅད་དགོན་པའི་བདག་གཉེར་ཚན་ཆུང་གི་ཐག་གཅོད། བདག་གཉེར་ཚན་ཆུང་གི་གཙོ་འཛིན་དགེ་བཤེས་བློ་བཟང་ནོར་བུ་ནི་དགུང་ལོ་དོན་བདུན་དང་གཙོ་འཛིན་གཞོན་པ་ཡེ་ཤེས་ཚེ་རིང་ནི་སོ་གཅིག་ཡིན། བཅའ་ཡིག་ཪྙིང་བ་མིང་ལ་དགེ་བཅུའི་དཔལ་གྱིས་མཛེས་པ་རྫ་རྒྱུད་འཛིན་མའི་རྒྱན་གྱུར་ཆོས་སྡེ་བྲག་ལྕོགས་དགའ་ལྡན་བྱམས་པ་གླིང་གི་དགེ་འདུན་པ་རྣམས་ཀྱི་སྤངས་བླང་ཀུན་སྤྱོད་མཛད་རྒྱུའི་རིམ་པ་ཁྲིམས་སུ་བཅའ་བ་བེཌཱུ ་དཀར་པོའི་ཐེམ་སྐས་ཟེར་བ་བྱམས་པ་བཟང་བོས་བྲིས་པ་ཞིག་ཡོད།

དགོན་པའི་དཔལ་འབྱོར་ཕྱོགས་ནས། དམངས་བཅོས་སྔོན་ལ་དགོན་པ་ལ་ཞིང་ས་མུ་སུམ་བརྒྱ་ཙམ་ཡོད། ཐེབས་རྩའི་མ་དངུལ་ཡོད་མོད་ཅི་ཡོད་ཀྱང་ཇི་ལྟར་སྤེལ་གཉེར་བྱས་པ་མི་ཤེས། ཞིང་ས་དེ་དགོན་པས་འདེབས་མོད་ལས་ཀ་གྲྭ་པ་ཚོར་བགོས་པ་ན་རང་རང་གི་ཁྱིམ་གྱིས་རོགས་རམ་བྱས་ཏེ་འབྲུ་རིགས་བླངས་ནས་ཐམས་ཅད་དགོན་པ་གཞུང་ལ་སྤྲོད་དགོས། ལས་ཀའི་གླ་ཆ་ཅི་ཡང་མེད། ད་སྐབས་འབྲི་བཞི་བཅུ་དང་གཡག་ཉི་ཤུ་ཡོད། དེ་ཐམས་ཅད་འབྲོག་ཁྱིམ་དུ་བཅོལ་ཏེ་འབྲི་རེ་ལ་ལོ་རེར་མར་རྒྱ་མ་བཅུ་གཉིས་རེ་དགོན་པ་ལ་སྤྲོད་དགོས། འབྲི་དེ་རྣམས་ནམ་ཡང་འཆི་མེད་རྒས་མེད་དུ་བརྩི་དགོས་ཤིང་འཕེལ་ཏོག་ལྷག་མ་འབྲོག་ཁྱིམ་རང་ལ་དབང་། དགོན་པ་ལྟ་ཅི་རྫོང་ཐོག་ནས་ཞང་ནང་ལའང་གཞུང་ལམ་མི་ཐར་བས་གཡག་དེ་རྣམས་ཁལ་མ་བྱེད་དགོས། གྲྭ་བ་རྣམས་ཀྱི་འཚོ་བ་རང་རང་གི་ཁྱིམ་ལ་བརྟེན་དགོས། དགོན་པའི་ཡོང་སྒོ་ནི་1990ལོ་སྲིད་གཞུང་ནས་སྒོར་མོ་ཆིག་ཁྲི་ཉིས་སྟོང་གནང་པ་མ་གཏོགས་བླ་གྲྭ་རྣམས་དང་དད་ལྡན་གྱི་ཡོན་བདག་རྣམས་ཀྱི་འབུལ་བ་དང་མར་བཙོང་བའི་རིན་གྱིས་དགོན་པའི་གཙུག་ལག་ཁང་གི་འཛུགས་སྐྲུན་དང་རྟེན་བཞེངས་ལ་གྲོན་དགོས། གྲྭ་བ་རྣམས་ཀྱི་འཚོ་བ་རང་ཁྱིམ་ལ་བརྟེན་དགོས། ཞེས་མདོ་སྨད་ཁྲི་ཀའི་སྐྱེས་མིང་བ་ཚེ་ཐར་གྱིས་1995ལོའི་ཟླ་4ཚེས་3ལ་སྦྱར་རོ།།

དཔྱད་གཞིའི་ཡིག་ཆ། ཁང་དམར་བློ་བཟང་ཐུབ་བསྟན་རིན་པོ་ཆེས་བརྩམས་པའི་ཧོར་གྱི་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ཀུན་གསལ་མེ་ལོང་དང་། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་བརྩམས་པའི་ཧོར་གྱི་དཔོན་པོའི་གདུང་བརྒྱུད་དང་དགོན་སྡེ་བཅུ་གསུམ་ཆཊ་ཚུལ་ཀུན་གསལ་མེ་ལོང་དང་། །སྤྱི་ལོ་གཅིག་དགུ་གོ་བཞི་ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ལ་དགེ་བཤེས་བློ་བཟང་ནོར་བུ་དང་ཡེ་ཤེས་ཚེ་རིང་དང་། ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ལ་དཀར་མཛེས་རྫོང་ནས་སེར་རུང་སྐུ་ཆེན་བྱམས་པ་[page 40] ཐུབ་བསྟན་རབ་རྒྱས་ལ་བཀའ་འདྲི་ཞུས་པའི་ཟིན་བྲིས་བཅས་སོ།།

0 མཆན།:

དཔྱད་མཆན་སྤེལ།